༄༅། །ཨ་འཛོམ་འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས།

དང་པོ་སྐུ་བལྟམས་པ།

དེ་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། ད་ལྟའི་རཏྣ་ཤྲཱི་ཡང་། །མ་འོངས་ཀཿཐོག་ཤར་ཕྱོགས་སུ། །ཨ་ཡི་མིང་ཅན་འགྲོ་དོན་འབྱུང་། །ཞེས་དང་། རྫོགས་ཆེན་མི་འགྱུར་རྡོ་རྗེའི་གཏེར་ལུང་ལས། པདྨའི་འཕྲིན་ལས་སྤྲུལ་པ་བརྒྱ་ཕྲག་འགྱེད། །ལྔ་བདོའི་དུས་འདིར་འཕྲིན་ལས་གློག་ལྟར་མྱུར། །ཁྲོཾ་གྱི་ཡུལ་དུ་སྐྱེས་བུ་གཡུ་འབྲུག་མིང་། །ཞལ་མཇལ་གསུང་ཐོས་རྔ་ཡབ་གླིང་དུ་སྐྱེ། །སྡེ་གཉིས་འདུ་བའི་མཚན་སྙན་སྲིད་རྩེར་བསྒྲེང་། །ཞེས་སོགས་གཏེར་ལུང་དུ་མ་ལས་བསྔགས་པའི་རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཞེས་མཚན་སྙན་གྱི་བ་དན་སྲིད་ན་མཐོ་བ་གང་གི་སྐུ་སྐྱེ་དེ་མ་ཐག་པ་ཨ་འཛོམ་འབྲུག་སྤྲུལ་ཐུབ་བསྟན་པདྨ་འཕྲིན་ལས་མཆོག་ནི། སྡེ་དགེ་རྒྱལ་པོའི་ཆབ་འོག་ཡིད་ལྷུང་རྡོ་ཁུག་ཅེས་པར་ཡབ་བསོད་ནམས་རྣམ་རྒྱལ་དང་། ཡུམ་བདེ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་ ༡༥ པའི་མེ་ཕོ་སྟག་གི་ལོའི་ས་ག་ཟླ་བའི་ཚེས་བཅུ་ཉིན་སྐུ་འཁྲུངས་སོ། ། 

གཉིས་པ་གསན་བསམ་མཛད་པ།

 དགུང་གྲངས་ལྔ་ནས་ཀློག་གི་སློབ་དཔོན་རྒྱ་གར་ཐུབ་བསྟན་ལས་ཡི་གེ་འབྲི་ཀློག་དང་། རྩིས་དཀར་ནག་སོགས་དང་། མཁས་དབང་ཀུན་བཟང་རྣམ་རྒྱལ་ལས་སུམ་རྟགས་དག་གསུམ་དང་། སྙན་ངག་མེ་ལོང་མ། སྒྲ་མཚམས་སྦྱོར་ལྔ་པ། དབྱངས་ཅན་སྒྲ་མདོ། ཙནྡྲ་པ་སོགས་དང་། ཚ་ལུ་བླ་མ་བདེ་ཆེན་ལས་སྒྲ་ཀ་ལ་པ་སྡེབ་སྦྱོར་དང་བཅས་པ་དང་། མཁན་ཆེན་འདུས་པ་རྒྱ་མཚོ་ལས་སྤྱོད་འཇུག་དང་། སྡོམ་གསུམ་རྣམ་ངེས། དབུ་མ་རྩ་འཇུག་གཞི་གསུམ། ཤེར་ཕྱིན་གཙོས་བྱམས་ཆོས་སྐོར། སོར་མདོ། འདུལ་བ་མདོ། མངོན་པ་གོང་འོག །རྫོགས་ཆེན་མཁན་ཐུབ་བསྟན་སྙན་གྲགས་ལས་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་སོགས་སྒྱུ་འཕྲུལ་སྐོར་དང་། ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་ལས་སྔ་འགྱུར་བཀའ་མ་དང་། དགོངས་འདུས། ཕུར་པ། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་། སྔ་འགྱུར་རྒྱུད་འབུམ་གྱི་ལུང་སོགས་མནོས།

རག་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་ལས་མདོ་སྒྱུ་སེམས་གསུམ་གྱི་དབང་ལུང་དང་། རག་མགོ་སྤྲུལ་སྐུ་བཀྲ་ཤིས་རྣམ་རྒྱལ་ལས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་འབུམ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ། མཁར་ལེགས་སྤྲུལ་པདྨ་ཀུན་བཟང་རང་གྲོལ་ལས་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ། སྨིན་གླིང་ཞབས་དྲུང་རིན་པོ་ཆེ་ལས་གསང་སྙིང་མཛོད་ལྡེ། སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་ལས་གསང་བདག་དགོངས་རྒྱན། ཨ་ཏི་ཟབ་དོན་གྱི་དབང་ལུང་ཆ་ཚང་། རྒྱལ་སྲས་སྤྲུལ་པའི་སྐུ་རིན་ཆེན་ཀུན་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ལས་གཏེར་ཆེན་ཉི་མ་གྲགས་པའི་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་གསན།  ༼ གང་ལས་གསན་མ་ཤེས་པ་༽དུས་འཁོར་གྱི་དབང་།

ཁྱད་པར་དུ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་རིགས་བདག་ཏུ་བཀུར་ཏེ། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་། ཐར་ལམ་གསལ་སྒྲོན་གཉིས་བློ་སྦྱོང་དང་འབྲེལ་གསན་བསམ་གྱིས་ཐུགས་རྒྱུད་སྨིན་པར་མཛད་པ་དང་། དེ་རྗེས་མཚན་བཅས་མཚན་མེད་ཀྱི་ཞི་གནས་ནས་བརྩམས་ཏེ། ཆིག་བརྒྱུད་ཀྱི་ལམ་ཁྱེར་ཐིག་ལེ་ཉེར་ལྔ་རྫོགས་པའི་བར་རྫོགས་ཆེན་གསང་བ་སྙིང་ཐིག་གི་རིང་བརྒྱུད་ཉེ་བརྒྱུད་བཞུགས་སོ་ཅོག་གསན་སྒོམ་མྱོང་བ་ཐོན་ངེས་མཛད། དེ་བཞིན་ཁྲིད་ཡིག་ཡེ་ཤེས་བླ་མའི་ཁྲིད་སྦྱང་ལན་དུ་མ་དང་། སྙིང་ཐིག་རྩ་རླུང་དང་། ཀློང་གསལ་སྙིང་པོའི་རྩ་རླུང་འཁྲུལ་འཁོར། བཅུད་ལེན་དང་མུན་ཁྲིད། སྙིང་ཏིག་ཡ་བཞི་ཟབ་མོ་ཡང་ཏིག་དང་བཅས་པའི་དབང་ལུང་། མཛོད་ཆེན་བདུན་གྱི་བཤད་ལུང་། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མུན་སེལ་སྐོར་གསུམ་བཅས་ཀྱི་ཁྲིད་ལུང་། གསུང་ཐོར་བུའི་ལུང་། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་པོད་གཉིས་ཀྱི་དབང་ལུང་། རྗེ་གྲུབ་དབང་འགྲོ་འདུལ་བླ་མའི་ཟབ་གཏེར་གསང་མཛོད་སྐོར་གྱི་དབང་ལུང་ཡོངས་རྫོགས། ཨོ་རྒྱན་རིན་ཆེན་གླིང་པའི་ཆོས་སྐོར་པོད་སུམ་ཅུའི་དབང་ལུང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཟབ་གཏེར་ལྕེ་བཙུན་སྙིང་ཐིག་གི་སྐོར་ཡོངས་རྫོགས་ཀྱི་དབང་ལུང་དང་ཁྲིད། བྱང་གཏེར་དགོངས་པ་ཟང་ཐལ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་དག་སྣང་དུ་བསྩལ་བའི་ཉེ་བརྒྱུད་ཀྱི་དབང་ལུང་། མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་ཐུགས་ཐིག་འཛིན་པ་རང་གྲོལ་གྱི་དབང་ལུང་དང་ཁྲིད། གཏེར་ཆེན་རཏྣ་གླིང་པའི་ཆོས་སྐོར་ཀྱི་དབང་ལུང་དང་ཁྲིད། རིག་འཛིན་ཀློང་གསལ་སྙིང་པོ་དང་། གཏེར་སྟོན་བདུད་འདུལ་རྡོ་རྗེ་རྣམ་གཉིས་ཀྱི་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ་པོད་དྲུག་གི་ལུང་། སྒྱུ་འཕྲུལ་གྱི་དབང་། གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ་དང་། སྤྱི་དོན་འོད་གསལ་སྙིང་པོ། གསང་འགྲེལ་ཕྱོགས་བཅུ་མུན་སེལ་བཅས་ཀྱི་བཤད་པ་ལན་བདུན་རེ་ཙམ་དང་། རྒྱ་འགྲེལ་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སྒེག་པའི་རྡོ་རྗེའི་རིན་ཆེན་སྤར་ཁབ། སློབ་དཔོན་ཆེན་པོའི་མན་ངག་ལྟ་ཕྲེང་། སངས་རྒྱས་གསང་བའི་ལམ་རིམ་ཆེ་ཆུང་གཉིས། རོང་ཟོམ་ཆེན་པོའི་དཀོན་མཆོག་འགྲེལ། སྨིན་གླིང་ལོ་ཆེན་གྱི་སྤྱི་དོན་གསང་བདག་ཞལ་ལུང་དང་། འགྲེལ་པ་གསང་བདག་དགོངས་རྒྱན། ཨོ་རྒྱན་ཆོས་གྲགས་ཀྱི་སྤྱི་དོན་རིན་ཆེན་ཕྲེང་བ། སྤྱི་དོན་མཛོད་ཀྱི་ལྡེའུ་མིག །དགེ་རྩེའི་སྤྱི་དོན། རྒྱལ་སྲས་ཉིད་ཀྱི་ལམ་འགྲེལ་ཆེ་ཆུང་གཉིས་ཀྱི་བཤད་པ་ཞིབ་རྒྱས་གསན་པ་སོགས་དང་། དེ་དག་ཀྱང་གོ་ཡུལ་ཙམ་དུ་མ་བཞག་པར་གསན་བསམ་མཐར་ཕྱིན་པར་མཛད་དོ། །

 གསུམ་པ་ཉམས་བཞེས་མཛད་པ།

 དགུང་གྲངས་༡༧ཙམ་ནས་རང་དགོན་བཀྲ་ཤིས་དགེ་འཕེལ་གླིང་དང་། དབེན་རི་བཀྲ་ཤིས་དུང་དཀར་འཁྱིལ། གཞན་ཡང་བསམ་ཡས་དང་། མཆིམས་ཕུ་སོགས་དབེན་ཞིང་ཉམས་དགའ་བའི་གནས་སུ་བློ་སྦྱོང་དང་སྦྲགས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་ལན་གསུམ་གནང་བ་ནས། འོད་གསལ་ཐོད་རྒལ་གྱི་ཉམས་ལེན་བར་རྩེ་གཅིག་ཏུ་བརྩོན་པས། གཞུང་དེ་དང་དེའི་ལམ་རྟགས་མངོན་དུ་གྱུར་པས། ཞི་རྒྱས་དབང་དྲག་གི་ལས་ལ་མངའ་དབང་འབྱོར།

 སྤྱི་ལོ་༡༩༥༨ལོ་ནས་ཁྲི་མུན་བཙོན་དོང་དུ་བགྲང་བྱ་༢༠རིང་བཞུགས་དགོས་བྱུང་བ་དང་། དེའི་རིང་ལ་མངོན་པ་དང་མི་མངོན་པའི་སྒོ་ནས་མན་ངག་རྣམས་ཉམས་བཞེས་མཛད་པས། བོད་སྟོད་སྨད་བར་གསུམ་གྱི་བླ་ཆེན་དང་མི་ཆེན་མང་པོ་བཙོན་ཁང་དུ་ཡོད་པ་ཁོང་གི་མངོན་ཤེས་དང་། གྲུབ་རྟགས། རྟོགས་པའི་གོ་འཕང་སོགས་ལ་བསྔགས་བརྗོད་དང་། ཞལ་སློབ་མ་གྱུར་པ་མེད་པ་ལྟ་བུར་བྱུང་ངོ་། །

 བཞི་པ་མཛད་འཕྲིན་བསྐྱངས་པ།

 དགུང་གྲངས་༥༤པར་ཁྲི་མུན་ལས་གྲོལ་རྗེས་སྐུ་ཉིད་ཀྱི་གདན་སར་དུས་འགྱུར་སྐབས་ཉམས་ཉེས་སུ་སོང་བའི་ལྷ་ཁང་དང་། པར་ཁང་། པར་བརྐོས་སོགས་སྐུ་གསུང་ཐུགས་རྟེན་རྣམས་བསྐྱར་བཞེངས་དང་། འདུལ་བ་གཞི་གསུམ་གྱི་ལག་ལེན་སྔར་སྲོལ་བཞིན་བཙུགས་ཏེ། སྲུང་སྡོམ་མིག་འབྲས་བཞིན་སྲུང་དགོས་ཚུལ་དང་། ཚོགས་ཀྱི་དབུས་སུ་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་བསྔགས་བརྗོད་དང་། གོང་དུ་བཀུར་བ་སོགས་རྣམ་འདྲེན་བཞི་པའི་བསྟན་པ་ལ་གཅེས་སྤྲས་གནང་ཞིང་། དམ་པ་གོང་མའི་ཕྱག་སྲོལ་འདོན་དབྱངས་རྟ་དང་། ཕྱག་ལེན། བཅའ་རྡུང་འབུད་དཀྲོལ་སོགས་ལའང་ཐུགས་གཙིགས་མཛད་ནས། དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་རུ་གྱུར་པར་མཛད།

 ལྷག་པར་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ནི་ལུང་རྟོགས་ཀྱི་ཆོས་དང་། དེ་འཛིན་པ་ནི་འཆད་ཉན་དང་སྒོམ་སྒྲུབ་ཁོ་ན་ཡིན་པ་ཐུགས་ལ་བརྣགས་ནས། དུས་འགྱུར་མ་བྱུང་གོང་རང་དགོན་དུ་བཤད་གྲྭ་ཞིག་བཙུགས་ཏེ། འཆད་ཉན་གྱི་རྒྱུན་བཙུགས། འོན་ཀྱང་བར་སྐབས་སུ་འཆད་ཉན་གྱི་རྒྱུན་རྩད་ནས་ཉམས་པ་བསྐྱར་གསོའི་ཚུལ་དུ་ལྷ་ཁང་དྲི་གཙང་ཁང་བཅས་པ་རྟེན་དང་བརྟེན་པ་དང་། གྲྭ་ཁང་བརྒྱ་ཕྲག་ལ་ཉེ་བ་ཕྱིའི་ལྕགས་རི་དང་བཅས་པ་གསར་བཞེངས་མཛད་དེ། ཨ་འཛོམ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་གླིང་ཞེས་མཚན་གསོལ། དེར་བཞུགས་པའི་སློབ་གཉེར་བ་རྣམས་ལ་ཟླ་ཕོག་དང་། གསོལ་ཕོག། །ཐ་ན་འབུད་ཤིང་ཡན་ཆད་གནང་བ་དང་། འཁྲིད་བྱའི་གཞུང་ཚན་ཡང་སྔ་འགྱུར་ཀུན་མཁྱེན་ཡབ་སྲས་དང་། ཡང་སྒོས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རང་ལུགས་གཙང་མ་དགོས་པའི་བཀའ་གསུང་ནན་མོ་གནང་།

 རང་དགོན་དུ་གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པའི་སློབ་མ་བརྒྱ་ཕྲག་མང་པོར་ཁྲོམ་ཁྲིད་ལྟ་བུ་མ་ཡིན་པར་སློབ་མ་རེ་རེའི་ཁམས་དང་དབང་པོར་བསྟུན་ཏེ། ཉིན་རེ་བཞིན་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་མཛུབ་ཁྲིད་དང་། དམ་པ་གོང་མ་རྣམས་ཀྱི་ཕྱག་བཞེས་བཞིན་ལོ་རེར་སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ཟླ་རེ་ཙམ་དང་། སྟོན་དཔྱིད་གཉིས་ལ་ཁྲིད་ཡིག་ཡེ་ཤེས་བླ་མ་ལྟར་འཁོར་འདས་རུ་ཤན་ཟླ་རེ་དང་། ཆོ་འཕྲུལ་ཟླ་བའི་ནང་དུ་བསྙེན་གནས་ཡན་ལག་བརྒྱད་པ་ཉིན་བཅུ་དྲུག་རིང་ལ་སྔོན་འགྲོ་ཐར་ལམ་གསལ་སྒྲོན་འཆད་འཁྲིད་ལོ་ལྟར་དང་། དེ་བཞིན་སྙིགས་དུས་རྒུད་པའི་དབང་གིས་སྤྱིར་རྒྱལ་བའི་བསྟན་པ་དང་། སྒོས་སུ་སྔ་འགྱུར་བའི་ཕ་ཆོས་དྲི་མ་མེད་པ་རྣམས་མིང་གི་ལྷག་མ་ཙམ་གྱུར་པ་ཐུགས་ཀྱིས་མ་བཟོད་པར་སྔ་ཕྱི་ཅི་རིགས་པར་བདུད་ཀློང་རྣམ་གཉིས་ཀྱི་ཆོས་སྐོར་དང་། ཉི་གྲགས་ཆོས་སྐོར་གྱི་དབང་ལུང་། རིན་ཆེན་གླིང་པའི་ཆོས་སྐོར་དབང་ལུང་རྣམས་ལན་རེ་དང་། འཇམ་དབྱངས་མཁྱེན་བརྩེའི་བཀའ་འབུམ་གྱི་ལུང་དང་། གཏུམ་མོའི་མེ་དབང་། མི་ཕམ་བཀའ་འབུམ་གྱི་དབང་ལུང་རྣམས་ལན་༢རེ། སྙིང་མ་རྒྱུད་འབུམ་གྱི་ལུང་དང་། སྔ་འགྱུར་བཀའ་མའི་དབང་ལུང་། འདུས་པ་མདོའི་དབང་ལུང་། ཨ་ཏི་ཟབ་དོན། མདོ་སྒྱུ་སེམས་གསུམ་གྱི་དབང་ལུང་། དུས་འཁོར་གྱི་དབང་ལུང་རྣམས་ལན་༣རེ། དཔལ་སྤྲུལ་བཀའ་འབུམ་གྱི་ལུང་དང་། རྒྱུད་བཅུ་བདུན་གྱི་ལུང་ལན་༥རེ། སྒྲིབ་སྦྱོང་རྣམ་གསུམ་ལན་༦ཐུགས་ཐིག་འཛིན་པ་རང་གྲོལ་ལན་༧གསང་མཛོད་སྐོར་གྱི་དབང་ལུང་དང་། ཀློང་ཆེན་མཛོད་བདུན་གྱི་ལྗགས་ལུང་། འཇིགས་གླིང་བཀའ་འབུམ་གྱི་དབང་ལུང་རྣམས་ལན་༨རེ། ལྕེ་བཙུན་སྙིང་ཐིག་གི་དབང་ལུང་དང་། དགོངས་པ་ཟང་ཐལ་གྱི་དབང་ལུང་། འདོད་འཇོའི་བུམ་བཟང་རྣམས་ལན་༡༠རེ། སྙིང་ཐིག་ཡ་བཞིའི་དབང་ལུང་ལན་༡༢བཅས་གསུངས་པ་རྣམས་རགས་བརྩིས་ཙམ་དང་། དེ་ཡང་དབང་ལུང་གང་གསུངས་ཀྱང་ཞལ་གསལ་ལ། སྒྲོས་དག་པ། སྙན་ཞིང་འཇེབས་པ་སོགས་དུས་སྐབས་དེར་རྒྱ་བོད་གཉིས་ན་ཁོང་ལྟ་བུ་ཞིག་དཀོན་ཞེས་གླེང་།

དེ་ལྟར་སྟོད་དབུས་གཙང་ནས་སྨད་རྒྱ་ནག་ཡན་ཆད་དུ་ཟབ་རྒྱས་སྨིན་གྲོལ་གྱི་འཁོར་ལོ་བསྐོར་བས་ཐུགས་ཟིན་གྱི་སློབ་མ་གཙོ་བོ་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་དབང་གསོལ་བ་སྐུ་གསུང་ཐུགས་ཀྱི་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་། རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཡང་སྲིད་ཕུར་པ་ཕྲིན་ལས་རིན་པོ་ཆེས་གཙོས་རང་དགོན་གྱི་བླ་སྤྲུལ་མཁན་གསུམ་ཇི་སྙེད་བཞུགས་པ་ཐམས་ཅད་དང་། ཀཿཐོག་རྨོག་སྤྲུལ་ལྔ་པ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་དང་། དགེ་རྩེ་བཞི་པ་འགྱུར་མེད་བསྟན་པའི་རྒྱལ་མཚན། ཞེ་ཆེན་རྒྱལ་ཚབ་སྐུ་ཕྲེང་ལྔ་པ་འགྱུར་མེད་བཤད་སྒྲུབ་བསྟན་འཛིན། རྫོགས་ཆེན་མཆོག་སྤྲུལ་དབང་ཆེན་དར་རྒྱས། མཁན་ཆེན་ཨོ་རྒྱན་རིག་འཛིན། དཔལ་ཡུལ་མཆོག་སྤྲུལ་འཆི་མེད་རྡོ་རྗེ། ཁང་གདོང་དགོན་པའི་མཁན་ཆེན་ཟླ་དབང་། ཨ་རིག་ཟླ་རྒྱུད་མཁན་ཆེན་པདྨ་ཚེ་དབང་། རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། རྒྱ་རོང་དབོན་སྤྲུལ་འཇིགས་མེད་ཕྲིན་ལས་རྒྱ་མཚོ། མགོ་ལོག་དབོན་སྤྲུལ་བསྟན་པའི་དབང་ཕྱུག །ཁྲ་གླིང་དགོན་པའི་མཁན་ཆེན་པདྨ་བློ་གྲོས། རྡོ་ཁོ་དགོན་གྱི་མཁན་བསོད་དགའ། རག་འགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་ཕྲིན་ལས་ཀུན་ཁྱབ། ཆབ་ཆ་ཨ་ལགས་བདེ་ཆེན། རབ་སྒང་དགོན་མཆོག་སྤྲུལ་རིག་འཛིན་རྣམ་རྒྱལ། མི་ཉག་རྒྱལ་འཕགས་དགོན་མཆོག་སྤྲུལ་བློ་གྲོས་རབ་གསལ། འགྲོ་འདྲེན་མཁན་པོ་རྟ་མགྲིན་སོགས་དམ་པའི་སྐྱེས་བུ་གཅིག་ལས་གཅིག་ལྷག་པ་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པའོ། །

 ལྔ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ།

 མཐར་དགུང་གྲངས་༧༦ལ་ཕེབས་པ་སྤྱི་ལོ་༢༠༠༡རབ་བྱུང་༡༧པའི་ལྕགས་མོ་སྦྲུལ་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་༡༣ཉིན་རང་དགོན་འོད་གསལ་ཐེག་མཆོག་གླིང་དུ་སྐུ་མྱ་ངན་ལས་འདས་སོ། །

 ཞེས་པའང་དམ་པ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་སློབ་བུ་གྱི་ན་བ་དྲ་མིང་འཁྱམས་པོ་དང་། དངོས་མིང་ཚེ་རིང་དར་རྒྱས་སུ་འབོད་པས། མགོན་པོ་མཆོག་རྗེས་དྲན་གྱི་ཚུལ་དུ་སྤྱི་ལོ་༢༠༡༧ལོའི་ཟླ་༣པའི་ཚེས༡༠རབ་བྱུང་༡༧པའི་མེ་བྱ་ལོའི་ཚེས་༡༣ཉིན་ལ་སྤེལ་བའོ།། །།

རྩོམ་ཁུངས། འོད་ཟེར་དམར་པོའི་འཕྲིན་སྟེགས།

རྩོམ་སྒྲིག་པ། ཀློང་གསལ།

47.2K