༄༅། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་ལས་སྐུ་ཚེའི་སྟོད་ཀྱི་མཛད་པ་ཅུང་ཟད་ཚིགས་སུ་བཅད་པ།

ཞབས་དཀར་ཚོགས་དྲུག་རང་གྲོལ།

རྒྱལ་བ་ཤཱཀ་ཐུབ་བསྟན་པའི་མཇུག་འདི་ལ། །རྒྱལ་སྲས་རྣམས་ཀྱི་རྣམ་ཐར་ལྷུར་བཞེས་པའི། །རྒྱལ་བའི་རྣམ་འཕྲུལ་མཚན་ལྡན་བླ་མ་རྗེ། །རྒྱལ་ཁམས་འགྲིམ་པའི་བུ་ལ་བརྩེ་བས་དགོངས། །ཞྭ་སེར་དམར་སོགས་བསྟན་པ་ཡོངས་ཀྱི་རྒྱན། །བསྟན་འཛིན་ཉི་མ་ཞེས་གསོལ་མཚན་རེ་སྙན། །མགོན་ཁྱོད་བསྐལ་པ་དཔག་མེད་སྔོན་རོལ་ནས། །སྒྲིབ་བྲལ་ཟུང་འཇུག་གོ་འཕང་བརྙེས་ཚར་ཀྱང་། །སྙིགས་དུས་དམུ་རྒོད་འགྲོ་རྣམས་འདྲེན་སླད་དུ། །སྔོན་དུས་གྲུབ་ཆེན་སྐལ་ལྡན་འཁྲུངས་པའི་ཕྱོགས། །རེབ་ཀོང་གསེར་མོ་ལྗོངས་ཀྱི་ས་ཆའི་སྨད། །སྒོ་དམར་ཞེས་བྱའི་སྡེ་བ་ཆེན་པོ་ཡི། །རིགས་བཟང་ཡུམ་གྱི་མངལ་དུ་ཞུགས་པའི་ཚེ། །མ་ཡི་ལག་ཏུ་པད་དཀར་ལེན་པ་སོགས། །ངོ་མཚར་རྨི་ལམ་ལེགས་པོ་རྨིས་སོ་སྐད། །མངལ་དུ་ཞུགས་ནས་ཟླ་བཅུའི་བར་གནས་དུས། །མ་ཡི་ཟོ་མདོག་བཟང་ཞིང་ལུས་པོ་བདེ། །ངག་གིས་ཆོས་མཐུན་གཏམ་རྣམས་སྨྲ་བ་བྱུང་། །སེམས་ལ་བཅོས་མིན་བྱམས་དང་སྙིང་རྗེ་འཁྲུངས། །བཙས་ནས་ཡབ་ཡུམ་གཉིས་ཀྱིས་བརྩེ་བས་བསྐྱངས། །བྱིས་པ་གཞན་དང་ལྷན་ཅིག་རྩེ་བའི་དུས། །ཆོས་ཀྱི་ཁྲི་བརྩིགས་འཆད་ཉན་བསྒོམ་པ་སོགས། །ཆོས་དང་མཐུན་པའི་རྩེད་མོ་མང་པོ་བྱེད། །ཆགས་ཞེན་ཆུང་ཞིང་སྡིག་ལ་ཤིན་ཏུ་འཛེམ། །བྱམས་དང་སྙིང་རྗེ་ཆེ་ཞིང་ཡིག་དྲུག་བཟླ། །རྒན་གཞོན་ཕལ་གྱིས་འདི་ནི་བག་ཆགས་བཟང་། །དམ་ཆོས་བསླབ་ན་ཆོས་པ་བཟང་པོ་ཞིག །ངེས་པར་ཡོང་ཞེས་ཡང་ཡང་གླེང་བ་བྱུང་། །ཆེར་སོང་རབ་ཏུ་བྱུང་ནས་ཆོས་ལ་སྦྱངས། །འདྲི་འདོན་ཀློག་གསུམ་གང་ཡང་ཚེགས་མེད་མཁྱེན། །དེ་དུས་བྲག་ཁུང་ནགས་ཚལ་ཉམས་དགའ་བ། །མཐོང་ན་འདུག་འདོད་སྐྱེས་པས་གྲོགས་པོ་ཞིག །ཡོད་པར་སྨྲས་པས་ཁྱོད་ནི་གླ་ཞིག་གི། །སྤྲུལ་སྐུ་ཞིག་འདྲ་མིན་ནམ་ཟེར་ནས་བཞད། །དགུང་ལོ་ཉི་ཤུ་ལོན་ནས་བསྙེན་རྫོགས་བྱས། །བླ་མ་མང་པོ་བསྟེན་ཅིང་ཁྱད་པར་དུ། །གྲུབ་དབང་མི་ལ་རས་པའི་རྣམ་འཕྲུལ་རྗེ། །ངག་དབང་དགེ་འདུན་ཟླ་གྲགས་ཡུན་རིང་བསྟེན། །མདོ་སྔགས་དབང་ལུང་རྗེས་གནང་ཁྲིད་མང་ཐོབ། །དེ་ནས་ཉི་ཟླ་བཞིན་དུ་རི་ཁྲོད་འགྲིམས། །དཀའ་སྤྱད་སྙིང་རུས་བསྐྱེད་ནས་ཉམས་ལེན་བྱས། །དགུང་ལོ་སུམ་ཅུའི་ནང་ལ་གྲོགས་བཟང་དང་། །འགྲོགས་ནས་དབུས་གཙང་དག་པའི་ཞིང་དུ་བྱོན། །ཇོ་ཤཱཀ་རྒྱལ་བ་པཎ་ཆེན་སོགས་ལ་མཇལ། །གནས་ཆེན་འགའ་རེར་ཟླ་རེའི་གནས་འབྲེལ་བཞག །ཕྱིར་བྱོན་མཚོ་སྙིང་རི་ལ་ཆས་པའི་ཚེ། །གཉེན་བཤེས་གྲོགས་ཀྱིས་ཆུ་མེད་གནམ་ཐོག་ངན། །མཐུན་རྐྱེན་འཛོམས་དཀའ་འཆི་ཉེན་ཆེ་ལ་སོགས། །བཤོལ་མང་བཏབ་ཚེ་ལན་དུ་འདི་སྐད་གསུངས། །ཁྱེད་རྣམས་བདག་ལ་ཤ་ཚ་བྱེད་སྙམ་ཡང་། །སྐྱེས་མཐར་འཆི་བ་ངེས་པར་ཡོང་དགོས་ན། །འཆི་བ་མི་ཡོང་ས་ཕྱོགས་ག་ལ་ཡོད། །མ་ཤི་བསྡད་ན་སྒོམ་སར་གནས་དེ་བཟང་། །གལ་ཏེ་ཤི་རུང་དུར་ས་མཆོག་གམ་སྙམ། །རི་པའི་འཆི་ས་རི་ཁྲོད་དབེན་པ་ཡིན། །ཆོས་ཕྱིར་ཤི་ན་ཕྱི་མར་རང་ཉིད་འཚེངས། །ཞེས་གསུངས་ལུས་དང་སྲོག་ལ་མ་བལྟས་པར། །གནས་དེར་ཕེབས་ཚེ་སྔར་ལོར་ཆུ་མེད་པར། །རི་པ་གཞོན་ནུ་ཞིག་ཀྱང་གཤེགས་པ་མཐོང་། །ནམ་འཆི་ཆ་མེད་མྱུར་དུ་ཆོས་སྒྲུབ་དགོས། །ཆོས་ཕྱིར་འཆི་དགོས་ཟེར་བའི་བརྡའ་རུ་གོ། །ཆོས་ལ་སྔར་བས་ལྷག་པའི་བརྩོན་འདོད་བྱུང་། །ཆོས་ཕྱིར་འཆི་རུ་འཇུག་པའི་གོ་ཆ་བཟུང་། །རི་པ་སྔར་གཤེགས་མལ་དུ་བཞུགས་ས་བཅས། །ཐུགས་དམ་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་མཛད། །དཔྱིད་ཁ་མཚོ་སྙིང་འགྲམ་ནས་སྔོན་མེད་པའི། །བ་ཚྭ་མེད་པའི་དོང་ཆུ་གསར་བ་ཕུད། །མ་སྙུང་མ་གཤེགས་བདེ་བར་བཞུགས་པ་དང་། །སྔོན་མེད་དོང་ཆུ་གསར་བ་ཕུད་འདུག་ཅེས།  །ཀུན་གྱིས་ཐོས་ནས་སྙན་གྲགས་དབྱར་རྔ་ལྡིར།  །ལོ་ནི་བཅུ་གཉིས་བར་ཏུ་ཕྱི་རོལ་ཏུ། །གོམ་གང་མ་བྱོན་ཉམས་ལེན་ཁོ་ན་མཛད། །སྨྱུང་གནས་སྟོང་ཕྲག་གཅིག་ལས་ལྷག་ཙམ་བསྲུང་། །ལོ་གཅིག་བྲོ་ཆད་བྱུང་ནས་ལྷ་བཤོས་ཤིག །ཡོད་པས་སྨྱུང་གནས་བཅུ་ཡི་སྦྱོར་བ་བྱས། །རྩམ་ཁུག་ཕྱི་ནང་གཉིས་ཅན་གཅིག་ཡོད་པས། །སྲུབས་ན་རྩམ་སྐྱ་ཅུང་ཟད་ཡོད་པ་བླངས། །སྨྱུང་གནས་གཉིས་ཀྱི་སྦྱོར་བ་མཛད་ཅེས་གསུངས། །དེ་ལྟར་ཡེངས་མེད་སྒྲུབ་ལ་བརྩོན་པའི་མཐུས། །ཟས་ནོར་གང་ལ་མངོན་ཞེན་གཏིང་ནས་ལོག །བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གཏེར་ཁ་བརྡོལ། །ཞི་གནས་ལྷག་མཐོང་རྟོགས་པ་མངོན་དུ་གྱུར། །རིམ་གཉིས་ལམ་ལ་བག་ཆགས་བཟང་པོ་ཐེབས། །བསྒྲུབས་དང་མ་སྒྲུབ་ཡི་དམ་ལྷ་མང་མཐོང་། །ལུས་ཀྱི་ཕྱི་ནང་སྲིན་བུ་ཟད་དང་བདེ། །ངག་གིས་ཅི་གསུང་གཞན་གྱི་རྒྱུད་ལ་ཕན། །ལྷ་འདྲེ་མ་རུངས་པ་རྣམས་ཐམས་ཅད་ཀྱིས། །དངོས་སམ་རྨི་ལམ་ནང་དུ་ཆོ་འཕྲུལ་ཅི། །བསྟན་རུང་ཡ་ང་བག་ཚ་ཅང་མ་མཆིས། །ཆོ་འཕྲུལ་ཅི་བསྟན་སྒྱུ་མའི་ལྟད་མོར་མཐོང་། །ཉིན་གཅིག་ཕྱག་ན་པད་དཀར་འཆང་བ་གཟིགས། །ཞལ་ནས་མ་འོངས་བདེ་བ་ཅན་དུ་ཁྱོད། །སྐྱེས་ནས་མ་དག་འགྲོ་བ་འདྲེན་པར་གསུངས། །བྱ་དང་ལྗོན་ཤིང་ནམ་མཁའ་ལ་སོགས་ནས། །སྙན་པའི་དབྱངས་ཀྱིས་ཡི་གེ་དྲུག་མ་སོགས། །ངོ་མཚར་དམ་ཆོས་སྒྲ་ཡང་མང་པོ་ཐོས། །ཉིན་ཞག་དྲུག་བདུན་རེ་ལ་ཆུ་ཐིགས་རེ། །མ་གསོལ་ན་ཡང་ཏིང་འཛིན་ཟས་ཀྱིས་འཚོ། །ཁྲི་གཤོག་རྒྱལ་མོ་བུ་མོ་གཞོན་ནུ་མའི། །ཆ་བྱད་བཟུང་ནས་ཉིན་གཅིག་རབ་དཀར་གྱི། །འོ་མ་ཤེལ་དཀར་བུམ་པ་ཞིག་གི་གང་། །དྲངས་ནས་གར་སོང་ཆ་མེད་གྱུར་ཅེས་གསུངས། །གཞན་ཡང་ན་བཟའ་གཤོག་པ་མཛད་ནས་མཁར། །བྱ་ལྟར་འཕུར་ནས་འགྲོ་བ་རྫི་བོ་དང་། །རྔོན་པ་ལས་དག་འགའ་རེས་མཐོང་ངོ་སྐད། །ཉིན་གཅིག་སྒྲུབ་ཁང་ཕུག་ནས་ཕྱི་རོལ་ཏུ། །ཟངས་ཐལ་ཕེབས་བཞུད་མཛད་པ་ངས་ཀྱང་མཐོང་། །ལོ་གཅིག་ཉེ་གནས་བློ་བཟང་ནོར་འཕེལ་ལ། །ནངས་པར་ཁྱོད་ནི་ཡུལ་དུ་ཅིས་ཀྱང་སོང་། །གནངས་ཉིན་མཚོ་དར་ལྷུང་ཉེན་ཆེ་ཞེས་གསུངས། །ཕྱིར་ཉིན་སོང་བས་གས་ཀ་འདོམ་བཞི་ཙམ། །ཡོད་པ་མཐོང་ནས་ཉིད་ལ་གསོལ་བཏབ་པས། །ཕྱོགས་གཞན་དར་ཞིག་ཆད་ནས་བར་དུ་འཚེངས། །དེ་ལ་བརྟེན་ནས་མཚོ་ཡི་ཕ་མཐར་སོན། །ཕྱིར་ཉིན་གསུང་བཞིན་མཚོ་ཡི་ན་བཟའ་བརྗེས། །རྦ་རླབས་ཆལ་ཆིལ་གཡོ་བ་མཐོང་ནས་དད། །གཞན་ལ་ལེགས་ཉེས་གང་འོང་གསུང་ཞོར་ལ། །གསུངས་རྣམས་དེ་དག་སྟེང་དུ་འགྲོའོ་ཞེས། །ཉེ་གནས་གྲྭ་སློབ་ཡོན་བདག་ཕལ་ཆེར་གྱིས། །གླེང་ནས་ལག་གཉིས་སྤྱི་བོར་ཡང་ཡང་འཁྱེར། །མཚོ་སྙིང་གནས་ནས་རི་བོ་རྩེ་ལྔ་རུ། །འབྱོན་ཁར་ར་བརྒྱ་ལྷག་ཡོད་ཚེ་ཐར་བཏང་། །ར་མ་སུམ་བརྒྱ་མཆོད་སྦྱིན་བཏང་ནས་ཕེབས། །རྒྱ་ནག་ཕྱོགས་སུ་སྔོན་མེད་ཉི་མ་ཤར། །མདོར་ན་ལུང་རྟོགས་ཡོན་ཏན་ཀུན་མངའ་ཡང་། །ཡོན་ཏན་ཅི་ཡོད་ཐམས་ཅད་ནང་དུ་སྦས། །ཕྱི་རུ་མི་མངོན་བཀའ་གདམས་རྣམ་ཐར་བཞིན། །བྱེད་པ་འདི་ལས་ངོ་མཚར་གཞན་ན་གང་། །ཁྱེད་ལ་ཡོན་ཏན་འདི་འདྲ་ཡོད་པ་དེ། །དམ་པ་མ་གཏོགས་ཕལ་བས་ག་ལ་མཐོང་།  །བདག་གིས་ད་ལྟ་མགོན་ཁྱོད་རྣམ་ཐར་དྲན།  །འགྱུར་མེད་དད་གུས་ཐོབ་ལ་ཟོག་མ་མཆིས། །ཞབས་པད་བསྟེན་པའི་གྲོགས་དང་གྲྭ་སློབ་ཀུན། །མཇལ་དཀའ་དགེ་བའི་བཤེས་གཉེན་བསྟེན་པའི་དུས། །ཁུར་དུ་མ་སོང་རྒྱན་དུ་འགྲོ་བ་ཞིག །གྱིས་ཞེས་མདུན་འདུག་པ་རྣམས་ཡོངས་ལ་སྨྲ། །མཐོང་ཐོས་དྲན་རེག་དོན་ལྡན་བླ་མ་རྗེ། །རི་བོ་རྩེ་ལྔར་ཡུན་རིང་མ་བཞུགས་པར། །རང་ཡུལ་གདུལ་བྱའི་མགོན་དུ་མྱུར་བྱོན་ཞེས། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །ནམ་ཞིག་མགོན་ཁྱོད་ངོ་མཚར་ལྟས་དང་བཅས། །བདེ་སྐྱིད་དཔག་མེད་བདེ་བ་ཅན་དུ་གཤེགས། །འོད་དཔག་མེད་མགོན་སྲས་ཀྱི་ཐུ་བོ་རུ། །གྱུར་དུས་བདག་གཞན་དེ་རུ་དྲང་དུ་གསོལ། །བླ་མའི་རྣམ་ཐར་ཅུང་ཟད་དྲན་པའི་གླུ། །བླ་མའི་ཐུགས་སྲས་བྱམས་པ་ཆོས་དར་བླངས། །བླ་མ་བཞིན་དུ་རྨ་རྒྱལ་མགུལ་དུ་འགྲོ། །བླ་མར་ཚེ་འདིར་མྱུར་དུ་མཇལ་བར་སྨོན། །རང་ལ་སངས་རྒྱས་ལས་ཀྱང་དྲིན་ཆེ་བའི། །རང་གི་བླ་མའི་རྣམ་ཐར་ཆ་ཤས་ཙམ། །རང་བཟོ་མིན་པར་དྲང་པོར་སྨྲས་པའི་མཐུས། །རང་གཞན་དད་གུས་ཆེས་ཆེར་འཕེལ་བར་ཤོག །
   ཅེས་རྩ་བའི་བླ་མ༧བསྟན་འཛིན་ཉི་མ་རིན་པོ་ཆེ་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་སྐབས་སུ༧བྱ་བཏང་བྱམས་པ་ཆོས་དར་རམ། མིང་གཞན་ཚོགས་དྲུག་རང་གྲོལ་དུ་འབོད་པས་མཚོ་སྙིང་ནས་སྦྱར་པའོ། །། །

47.2K