༄༅། །བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་རྣམ་པར་ཐར་པ་ལས་སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ཞེས་བྱ་བ་བཞུགས་སོ། །

ཞབས་དཀར་ཚོགས་དྲུག་རང་གྲོལ།

ན་མོ་གུ་རུ། བླ་མ་བདེ་བར་གཤེགས་པ་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བདག་དང་བདག་འདྲའི་རྟག་འཛིན་ཅན་རྣམས་ཀྱིས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །མཁས་པའི་དབང་པོ་གྲུབ་པའི་དབང་ཕྱུག་མཆོག །སར་གནས་བྱང་སེམས་འབྲེལ་ཚད་དོན་ལྡན་གྱི། །བླ་མ་སྐལ་ལྡན་བདེ་བར་གཤེགས་པ་འདི། །བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །སྐྱེས་བུ་དམ་པ་མང་པོའི་སྐྱེ་བ་བཞེས། །ཆོས་ཕྱིར་དཀའ་སྤྱད་མང་པོ་བྱས་བྱས་པའི། །སྔོན་སྦྱངས་བག་ཆགས་ཚེ་འདིར་སད་པའི་མཐུས། །དང་པོར་ཡུལ་ན་བཞུགས་པའི་གནས་སྐབས་སུ། །སྙིང་སྟོབས་གཞན་ལས་ལྷག་པ་ཡོད་ཅེས་སྐད། །བར་དུ་དབེན་པ་བསྟེན་ནས་ཆོས་མཛད་ཚེ། །སྨྱུང་གནས་ཁོ་ན་སྟོང་ཕྲག་ལྷག་ཙམ་བསྲུངས། །འཆི་ཡང་ཚད་ཚད་མང་པོ་བྱུང་བའི་དུས། །སྙིང་རུས་བསྐྱེད་ནས་བསྲུང་བ་མངོན་སུམ་མཐོང་། །ཐ་མ་ད་རེས་ཡིན་ཡང་ངེད་རྣམས་ལ། །ཕན་ཕྱིར་སྐུ་སྲོག་ལ་ཡང་མ་ཕངས་པར། །འདོད་ལྡན་པདྨའི་ཚལ་ལ་འཇུག་པ་ལྟར། །ཆུ་བོ་ཆེན་པོར་བརྒལ་བས་རྐྱེན་བྱས་ནས། །གློ་བུར་དག་པའི་ཞིང་དུ་གཤེགས་པའི་ཚུལ། །ཀུན་ལ་སྐྱོ་བ་སྐྱེ་ཕྱིར་བདག་གིས་བཤད། །དབུས་གཙང་མངའ་རིས་ཕྱོགས་འདིའི་མཆེད་ལྕམ་དང་། །སློབ་མ་སྦྱིན་བདག་ཕོ་མོ་དད་ཅན་རྣམས། །མི་རྟག་འཆི་བ་སྟོན་པའི་སློབ་དཔོན་དུ། །གོ་ནས་སྐྱོ་བ་སྐྱེས་རུང་དུང་བས་ཉོན། །
དེ་ཡང་དབུས་གཙང་དག་པའི་ཞིང་ནས་ངེད་དཔོན་སློབ་རྣམས་ཀྱིས་མདོ་སྨད་ཀྱི་བསྟན་འགྲོ་ལ་ཕན་པའི་ལྷག་བསམ་གྱིས་འགྲོ་ཁར། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོ་བྱས་དབུས་གཙང་གི་རྟེན་བྱིན་རླབས་ཅན་ཐམས་ཅད་ལ་མཆོད་འབུལ་བྱས། གེགས་བར་ཆད་མེད་པར་གསོལ་འདེབས་སྨོན་ལམ་རྒྱ་ཆེན་པོ་བརྒྱབ། སྐྱབས་མགོན་རྒྱལ་བ་ཡབ་སྲས། སེར་འབྲས་དགེ་གསུམ་སོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་སྐྱབས་འཇུག་དང་བསྔོ་སྨོན་རྒྱ་ཆེན་པོ་ཞུས་ནས། སྐུ་གསུང་ཐུགས་རྟེན་གདམས་ངག་བྱིན་རྟེན། རྒྱལ་བ་ཡབ་སྲས་ཀྱི་ན་བཟའ་བཅས། རྟེན་ཁྱད་འཕགས་བསམ་གྱིས་མི་ཁྱབ་པ་མཛོ་རྟ་མང་པོར་བཀལ་ནས། བྱང་ལམ་རིང་མོ་བཅད་ནས་འོངས་ནས། ཆོས་ཟབ་ས་ན་བདུད་ཟབ་ཟེར་པའི་དཔེ་ལྟར། ལམ་ནས་མགོ་ལོག་གི་ཇག་པར་ཐུག་ནས། མཐའ་ན་ཡོད་པའི་ཚོང་དཔོན་དང་། སོག་པོའི་འགྲུལ་བ་མང་པོ་ཡོད་པ་ཐམས་ཅད་བླངས་ནས། དེ་རྣམས་ཀྱིས་མཛོ་རྟ་སྟོང་ཕྲག་མང་པོ་ལ་བཀལ་ཡོད་པའི་ཟས་ནོར་ཐམས་ཅད་བླངས། དཔེ་ཆ་པོ་ཏི་སྟོང་ཕྲག་མང་པོ་དང་། བྱིན་རྟེན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཆུ་ལ་ཕོ་ནས་ཆུད་ཟོས་སུ་སོང་ཤུལ་ན་དགེ་བཤེས་ལྷ་རམས་པ་བཞིས་གཙོ་བྱས། ཆོས་མཛད་དགེ་སློང་ལག་རྡོ་བ་འཆི་ཐག་ཆོད་བདུན་ཅུ་རྩ་གསུམ་ཙམ་ཞིག་ལུས་འདུག་པ་ངེད་རྣམས་ཀྱི་མཐའ་ལ་འདུས་ནས་ངུས་པའི་ཚེ། ཐམས་ཅད་སྙིང་རྗེ་ནས་གསོ་དགོས་བབས། དེ་དུས་ཆར་ཆེན་པོ་བབས་ནས་འབྲི་ཆུ་ཆེར་རྒྱས་ནས་རབ་མ་རྙེད་པར་ཟླ་བ་གཅིག་ལྷག་ཙམ་སོང་། ཀུན་གྱི་ཟ་རྒྱུ་ཐམས་ཅད་ཚར་ནས་འཆི་ལ་ཐུག་ཀྱང་། ཚོང་དཔོན་སུ་གང་གིས་ཆུ་ལ་རབ་བཙལ་མ་ཕོད་པར་ལུས་ཚེ། སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་སློབ་པ་ལམ་གྱི་གནས་སྐབས་སུ། སེམས་ཅན་མང་པོའི་དོན་དུ་སྐུ་ལུས་ཕངས་པ་མེད་པར་བཏང་བའི་རྣམ་ཐར་ལྟར། བླ་མ་རིན་པོ་ཆེ་འདིས། དགེ་བཤེས་ཚོང་དཔོན་བརྒྱ་ཕྲག་མང་པོ་མུ་གེས་འཆི་བ་ལ། མི་བཟོད་པའི་སྙིང་རྗེ་ཆེན་པོ་ཤུགས་དྲག་པོ་སྐྱེས། འདི་རྣམས་ཐམས་ཅད་ཆུ་ཆེན་པོ་འདིའི་ཕ་རོལ་ཏུ་བགྲོད་པའི་རབ་ཅིག་རྙེད་པ་བྱུང་ན་ཤི་ཡང་རུང་སྙམ། སྐུ་སྲོག་ལ་ཕངས་པ་མེད་པར་སྙིང་སྟོབས་ཆེར་བསྐྱེད་ནས། རྟ་ལ་བཅིབས་ཏེ། ཨ་རོག་ཚོ། ང་འགྲོ་ཆུ་ལ་རབ་ཡོད་མེད་ཀྱི་ཚོད་ཅིག་བལྟ། ཤི་འདྲ་སོང་ན་ལམ་བར་ནས་ཁོང་གི་སྐུ་ལ་སེམས་ཆུང་གྱིས། ཞབས་ཕྱི་ཡག་པོ་བྱོས། མར་སླེབས་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དུས་གསུང་བཞིན་སྒྲུབས་ཞེས་གསུངས་ཚེ། ཀུན་གྱིས་བླ་མ་རིན་པོ་ཆེ་ཆུ་ཆེན་པོ་འདུག ད་རེས་མ་ཕེབས་ན་ཞུས་ཀྱང་། བླ་མ་དཀོན་མཆོག་མཁྱེན། འདི་རྣམས་སྙིང་རེ་རྗེ། སྐྱོན་མེད་མོད་གསུངས། གྲོགས་སུ་མཁན་པོ་རྒྱ་མཚོ་གཉིས་དང་བཅས་འདི་ན་རབ་ཅིག་ཡོད་དམ་སྙམ་པའི་ཐད་ཅིག་ནས། གཙང་ལག་ཆེན་པོ་གསུམ་ཙམ་ཞིག་བརྒལ་བའི་མཚམས་ཤིག་ལ། རྟ་འགྱེལ་ནས་གློ་བུར་དུ་བལྟ་མི་བཟོད་བཞིན་གཟུགས་སྐུ་མི་སྣང་བར་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར། དགུང་ལོ་ལྔ་བཅུའི་ཐོག་བྱི་བའི(ཡོངས་འཛིན་ས་བྱིའི་ལོ)ལོའི་ཟླ་བ་བདུན་པའི་ཉི་ཤུ་ཐམ་པའི་ཉི་དྲོས་ཀྱི་ཚེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེ་དུས་ཆུའི་ཚུར་རོལ་ན་འདུག་པ་ཐམས་ཅད་ཀྱི་སེམས་དངངས་ཤིང་མི་རེའི་ཁོག་ནས་སྙིང་རེ་ཐོན་སོང་བ་ལྟ་བུའི་ཕངས་སེམས་ཀྱིས་ཕལ་ཆེར་དྲན་མེད་དུ་འགྱེལ་བ་ཙམ་བྱུང་། ལུས་སྲོག་ལ་བལྟ་ལོང་མེད་པར་ཐམས་ཅད་རྟ་ལ་ཞོན་ནས་འགབ་ཀྱི་ཆུ་ལ་བརྒལ་ནས་བརྒྱུགས་ཏེ། འཛིན་སྙམ་ཡང་འཛིན་རྒྱུ་ཕར་ཞོག སྐུ་གདུང་ཡང་བཙལ་བས་མ་རྙེད་ཚེ། ཐམས་ཅད་ཀྱི་མིག་ནས་མཆི་མ་ཆར་བཞིན་དུ་བབས་པ་བྱུང་། རང་གཞན་གཉིས་ཀ་འཆི་ཚད་པ་རེ་བྱུང་ཡང་སྐྱོན་མ་བྱུང་ངོ་། །ཁོང་གི་ཐུགས་བསྐྱེད་ཀྱི་སྟབས་ཀྱིས་སྨད་དེ་ནས་རབ་བཟང་པོ་ཞིག་རྙེད་ནས། གཞན་ཚོང་པ་བརྒྱ་ཕྲག་མང་པོ་ཡོད་པ་རྣམས། རབ་དེ་ལས་བརྒལ་པས་ཉེས་སྐྱོན་མེད་པར་ཐམས་ཅད་ཆུ་ཆེན་པོ་དེའི་ཕ་རོལ་ཏུ་བདེ་བར་སླེབས་པ་བྱུང་། དེ་དུས་བླ་མ་བདེ་བར་གཤེགས་པ་འདི་མེད་ན། ཐམས་ཅད་ཀྱིས་ཆུ་ལ་རབ་ཚད་བལྟ་མི་ནུས་པར། མི་ཕྱུགས་བརྒྱ་ཕྲག་མང་པོ་མུ་གེས་འཆི་བར་ཐག་ཆོད་དེ། ཁོང་གིས་སྐུ་སྲོག་དོར་པའི་རྗེས་སུ་ཆུ་ལ་རབ་རྙེད་དེ། ངེད་དཔོན་སློབ་རྣམས་ཀྱིས་གཙོ་བྱས། མི་ཕྱུགས་དེ་ཐམས་ཅད་ཚེ་ཐར་བ་བྱུང་། དེས་ན་དེ་ཐམས་ཅད་བླ་མ་སྐྱེས་བུ་དམ་པ་ཁོང་གི་བཀའ་དྲིན་ཡིན་པར་འཁུམས། རྗེས་སུ་བསམས་ན་དེ་དུས་ངེད་རྣམས་ཀྱི་ཚེ་འཚབ་ཏུ་སྐུ་ལུས་བསམ་བཞིན་དུ་མ་བཏང་བའི་ངེས་པ་མི་འདུག་སྙམ་དད་གུས་དག་སྣང་གདུང་སེམས་རྣམས་དབྱར་གྱི་མཚོ་ལྟར་རྒྱས། སྐུའི་མེ་ཏོག་ཐོར་བའི་འོག་གི་རབ་རྙེད་པའི་སྨད་དེའི་ཆུ་བོའི་ཐད་ཀྱི་ནམ་མཁའ་ལ་དེ་ཉིན་ནས་བཟུང་། ཉི་མ་གསུམ་ཙམ་གྱི་བར་དུ་འཇའ་ཚོན་ཤར་ཡོད་པ་དེར་འདུག་པ་ཐམས་ཅད་ཀྱིས་མཐོང་ནས་ཁོང་སྐྱེས་བུ་དམ་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་འདུག་ཟེར། ཐམས་ཅད་ལ་མི་ཕྱེད་པའི་དད་པ་ལྷག་པར་སྐྱེས། མཆི་མ་ཆེན་པོ་གཏོང་བ་མང་པོ་བྱུང་། དེ་དུས་མདོ་སྨད་ཀྱི་སློབ་མ་དད་ཅན་ཞིག་གི་རྨི་ལམ་དུ། བླ་མ་རིན་པོ་ཆེ་དག་པ་མཁའ་སྤྱོད་དུ་ཕེབས་རྒྱུ་ཡིན་ཟེར། རྟ་ཞིག་ལ་བཅིབས་ནས་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་འོད་ཀྱི་ལམ་ལས་འགྲོ་བ། དཔའ་བོ་དང་མཁའ་འགྲོ་མའི་ཚོགས་མང་པོས་བསུས་ནས་རོལ་མོའི་སྒྲ་དང་བཅས་ཏེ་སོང་བའི་རྐྱེན་བྱས་གཉིད་སད་པ་བྱུང་སྐད། དེས་ན་གང་ཟག་ལས་སྣང་དག་པའི་སྣང་ངོར་སྐུ་པུར་གཏན་ནས་མ་རྙེད་པ་དང་། སྐུ་གཤེགས་མ་ཐག་ནས་ནམ་མཁར་འཇའ་ཚོན་འཐེན་པ་དང་། རྨི་ལམ་དེ་དག་གང་ལ་བསམ་ན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་ཞིང་དུ་གཤེགས་སོང་བར་རིགས་སོ། །འོན་ཀྱང་རྒྱལ་པོ་སྲོང་བཙན་སྒམ་པོ་ཡབ་ཡུམ་གསུམ་མ་དག་པའི་སྣང་ངོར། གསུམ་ཀ་སྔ་ཕྱི་བྱས་ཚད་པས་གཤེགས་སོང་བའི་སྣང་བ་ཤར་བ་ལྟར། གང་ཟག་ཕལ་བའི་སྣང་ངོར་ཆུས་རྐྱེན་བྱས་ནས་སྐུ་གཟུགས་མི་སྣང་བར་ཆོས་ཀྱི་དབྱིངས་སུ་བསྡུས་པར་མངོན་ནོ། །གང་ལྟར་ན་ཡང་རང་འདོད་ཀྱི་འཁྲིས་གཏན་ནས་མེད་པར། ངེད་རྣམས་ཀྱི་དོན་དུ་ཆུ་ལ་རབ་ཡང་ཡང་བཙལ་བའི་མཐར། དེ་ལ་བརྟེན་ནས་གཤེགས་པ་ཡིན་པས། སྐྱེས་མཆོག་འདིའི་སྐུ་ཚེའི་མཇུག་ཏུ་ཡང་སངས་རྒྱས་ཀྱི་རྣམ་ཐར་བཟུང་ནས་གཤེགས་པར་གདོན་མི་ཟའོ། །འོ་ན་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་དེ་འདྲ་ལ། གང་གི་ས་ནས་བསམས་ན་གཤེགས་རྐྱེན་ངན་པ་དེ་འདྲ་འབྱུང་བ་དཔེ་མི་སྲིད་དམ་སྙམ་ན། སྔོན་སངས་རྒྱས་ཀྱི་འཁོར་ཉན་ཐོས་དགྲ་བཅོམ་པ་རྫུ་འཕྲུལ་ཅན་ཀུན་གྱི་མཆོག་ཏུ་གྱུར་པ་མོའུ་འགལ་གྱི་བུ་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཟུང་ནས་འདམ་བུའི་ཚལ་ལྟར་བཅོམ་པའི་དུས་སུ། ཤཱ་རིའི་བུས། དེ་དུས་རྫུ་འཕྲུལ་སྟོན་མོད་བྱས་པས། ལས་ཀྱིས་ནོན་ནས་རྫུ་བ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཅི་སྨོས་གསུངས། དེས་རྐྱེན་བྱས་གཤེགས་ཚུལ་བསྟན་པ་དང་། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷོ་བྲག་མར་པའི་སྲས་དར་མ་མདོ་སྡེ་ཡང་། མའི་ངག་ལ་ཡང་མ་གསན་པར་སྟོན་ཐོག་ཏུ་ཕེབས་ནས་ཚུར་ལམ་རྟས་དྲུད་ནས་དབུ་ཚལ་བ་མང་པོར་སོང་ནས་གཤེགས་པ་དང་། གཞན་ཡང་སར་གནས་ཀྱི་སེམས་དཔའ་ཆེན་པོ་རྒྱ་བོད་ཀྱི་པཎ་གྲུབ་ལོ་ཙཱ་བ་མང་པོ་རྒྱ་གར་དང་བོད་ཀྱི་ལམ་བར་ནས་དུག་སྦྲུལ་གྱིས་ཟོས་པ་དང་། ཆུས་ཁྱེར་བ་དང་། ཚ་གྲང་མ་སྙོམས་པར་ཚད་པས་གཤེགས་པ་དང་། པཎ་ཆེན་རིན་པོ་ཆེ་ཡང་རྒྱ་ནག་ནས་གཤེགས་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་ཕེབས་པའི་ལམ་བར་ནས་གཤེགས་པ་དང་། བླ་མ་འཇམ་དབྱངས་བཞད་པའི་སྐུ་ཕྲེང་བར་བ་ཡང་གདོང་དམར་སྣ་ནས་གཤེགས་པ་དང་། སྡེ་སྲིད་རིན་པོ་ཆེ་ཡང་སྐུ་ཚེའི་མཇུག་ཏུ་ས་གཞན་ནས་གཤེགས་པ་དང་། གླིང་གེ་སར་རྒྱལ་པོ་ཡང་འདམས་མའི་ལུག་རྫིའི་ལག་ནས་གཤེགས་པ་སོགས། ཆོས་པ་འཇིག་རྟེན་པ་གང་གི་ཐད་ན་ཡང་། གཤེགས་རྐྱེན་དེ་དང་དེ་འདྲ་བ་མང་པོ་ཡོད་པའི་ལོ་རྒྱུས་རྣམས་ལ་བལྟས་ནས་དེ་དག་ཐམས་ཅད་ཀྱིས་མ་མཁྱེན་པ་དང་། གོ་མ་ཆོད་པ་བྱུང་བ་མ་ཡིན་པར། བསྟན་འགྲོ་ལ་ཕན་པའི་དགོངས་གཞི་རེ་ཡོད་ནས་དོན་དུ་གཤེགས་པ་ཡིན་ཚུལ་བསམ་ན། ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་ནས། ལོག་རྟོག་བྱུང་བ་རྣམས་རང་སར་ཞི་བར་འགྱུར་རོ། །གཞན་ཡང་འཇིག་རྟེན་ཁམས་ན། མི་སྡུག་ཤོས་ཁ་ཅིག་གིས་ལྟོ་གོས་ཕྱིར་དུ་ཡང་ཡུལ་གཞན་བགྲོད་མི་ཐུབ་པར་སའི་སེར་ཁའི་བར་གྱི་འབུ་བཞིན་སྐྱེས་པ་མིས་མ་ཚོར། རྒས་པ་རང་གིས་མ་ཚོར་བར་མི་ཚེ་སྡུག་ཟད་ལ་བསྐྱལ་ནས་ཤི་བ་དང་། ཚོང་པ་ཧེབ་རྒན་འགའ་རེས་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་གྱི་ཕྱིར་དུ་ས་མཐའ་བྱང་ཐང་སོགས་ནས་ཤི་བ་དང་། ཆོས་པ་ཕལ་ཆེར་གྱིས་སྐྱིད་ཆོས་བྱ་ཕྱིར་གྲོང་ཆོག་བདས་ནས་ཤི་བ་དང་། ཕལ་ཆེ་བ་རི་ཁྲོད་ལ་ཆགས་ནས། ས་གཅིག་ནས་བསྡད། གཞན་གྱི་ཕྲག་དོག་མང་པོ་བྱུང་། ཁྲག་རླུང་གཏིང་ནས་ལངས་ཏེ། དེས་རྐྱེན་བྱས་གློ་བུར་དུ་གཤེགས་པ་ལྟ་བུ་མ་ཡིན་པར་སྔོན་གྱི་སྐྱེས་བུ་ཆེན་པོ་དམ་པ་གོང་མའི་རྣམ་ཐར་ལྟར། བླ་མ་རིན་པོ་ཆེ་འདིས་སྐུ་ཚེ་གང་བོར་སྒྲུབ་པ་སྙིང་པོར་མཛད། སྒྲུབ་འབྲས་ཀྱིས་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་བྱས་པའི་རྣམ་ཐར་མཐོང་ན་དད་གུས་དག་སྣང་དབྱར་གྱི་མཚོ་ལྟར་དུ་བརྡོལ་བར་འགྱུར་རོ། །འོན་ཀྱང་སྲས་དར་མ་མདོ་སྡེ་མ་གཤེགས་ན། བོད་ལ་འཕོ་བ་གྲོང་འཇུག་གི་གདམས་ངག་དར་རྒྱུ་ཡིན་པ་ལ། བོད་བསོད་ནམས་ཆུང་བའི་མཐུས་མ་ཐུབ་པར་བར་ཆད་བྱུང་ནས་གྲོངས་པ་ཡིན་ཟེར་བ་བཞིན། བླ་མ་རིན་པོ་ཆེ་འདི་བྱང་ལམ་ནས་མ་གཤེགས་ན། ཉི་ཟླ་ཟུང་འབྲེལ་བཞིན། ངེད་རྣམ་གཉིས་ཟུང་འབྲེལ་བྱས། མདོ་ཁམས་སྨད་དུ་སླེབས་ན། རས་ཆུང་སྙན་བརྒྱུད་སོགས་གདམས་ངག་ཟབ་ཁྱད་ཅན་མང་པོ་ཞིག་དར་བའི་ཚོད་ན་འདུག་སྟེ། མདོ་ཁམས་སྨད་འདི་བསོད་ནམས་ཆེ་བའི་ནང་ནས་ཆུང་བ་ཞིག་བྱུང་ནས། བསོད་ནམས་ཀྱི་མཐུས་མ་ཐུབ་པར་བར་ཆད་ཆེན་པོ་བྱུང་སྙམ། མྱ་ངན་དང་སེམས་སྡུག་ཚད་ལས་འདས་པ་བྱུང་། དུས་ད་དུང་དྲན་ཚེ་མིག་ནས་མཆི་མ་དབང་མེད་དུ་འཆོར་བ་བྱུང་། །
མཇུག་གི་བསྡུ་རིམ་ནི། སྐུ་གཤེགས་པ་ནས་བཟུང་དགེ་བཤེས་རྣམས་ཀྱིས་གཙོ་བྱས་དགེ་སློང་བཞི་བཅུ་ཙམ་གྱིས་དགོངས་རྫོགས་ལ་དམིགས་ནས། ལམ་བར་རྣམས་སུ་ཚོགས་གསོག་སྒྲིབ་སྦྱོང་སྨོན་ལམ་མང་པོ་འདེབས་བཞིན་ཡོང་། མདོ་སྨད་རང་ཡུལ་དུ་སླེབས་ནས་དགོངས་རྫོགས་ལ། སྐུ་འབུམ་གྱི་གསེར་གདུང་ལ་མཆོད་འབུལ་རྒྱ་ཆེན་པོ་དང་། དགེ་འདུན་པ་སྟོང་ཕྲག་ལྔ་ལ་མང་ཇ་དང་དོང་ཙེ་ཁྲོན་སུམ་བརྒྱའི་འགྱེད་བཏང་། རོང་བོའི་སྐུ་ཕྱོགས་ཤར་རིན་པོ་ཆེ་ལ་ན་བཟའ་ཆ་ཚང་། ཕྱག་དཔེ་ནོར་རྫས་བརྒྱ་འབུལ། གྲྭ་པ་སྟོང་ཕྲག་གཅིག་ལ་མང་ཇ་ཉིན་ཁུར། ཇ་ལེན་ཆེན་བཅུ་ཡིས་འགྱེད་བཏང་། གཞན་ཡང་། ས་དཀར་ཤར་སོགས་རི་ཁྲོད་དགོན་པ་མང་པོ་ལ་མང་ཇ་འགྱེད་དང་སྤྱི་འཇོག་གང་ཐུབ་བཏང་། དེ་བཞིན་དུ་ཡུལ་བས་ཀྱང་དགེ་བ་གང་ཐུབ་བཏང་། དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་མཆོད་རྟེན་ལེགས་པོ་ཞིག་ཀྱང་བཞེངས་པ་ལགས། ཀུན་གྱིས་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་དུ་སོམས་ལ་རྣམ་དཀར་དགེ་བའི་ལས་ལ་འབད་པར་མཛོད་ཅིག །
སྨྲས་པ། སྔོན་དུས་སྐྱེ་འཆིར་དབང་ཐོབ་སངས་རྒྱས་ཀྱིས། །གདུལ་བྱ་རྟག་འཛིན་ཕྱི་བཤོལ་མཁན་གྱི་རིགས། །ཆོས་ལ་བསྐུལ་ཕྱིར་རྩྭ་མཆོག་གྲོང་ནས་གཤེགས། །དེ་དུས་ཉན་ཐོས་དགྲ་བཅོམ་གྲངས་མེད་འདས། །དེ་བཞིན་ཤཱ་རིའི་བུ་དང་མོའུ་འགལ་བུ། །གཤེགས་དུས་ཉན་ཐོས་དགྲ་བཅོམ་མང་པོ་གཤེགས། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སོགས། །སྔོན་བྱོན་དམ་པ་གོང་མ་གཤེགས་ཤུལ་དུ། །རང་གི་དྲིན་ཅན་རྩ་བའི་བླ་མ་སོགས། །ཞལ་མཇལ་གསུང་ཐོས་བླ་མ་མཆེད་གྲོགས་གཤེགས། །རྒས་ནས་ཐམས་ཅད་ཤུལ་དུ་ལུས་ཚུལ་ལ། །སྐབས་རེ་བསམས་ཚེ་མིག་ནས་མཆི་མ་ཤོར། །ཁྱད་པར་སྐྱེས་མཆོག་སྒྲ་བསྒྱུར་མར་པའི་སྲས། །གློ་བུར་གཤེགས་དུས་ཡབ་ཡུམ་གཉིས་ཀ་ལ། །ཁོག་པའི་སྙིང་དང་དཔྲལ་བའི་མིག་ཐོན་བཞིན། །ཐུགས་ཁྲལ་ཚད་ལས་འདས་པ་བྱུང་བ་ལྟར། །བདག་ཅག་རྣམས་ཀྱི་བླ་མ་རིན་པོ་ཆེ། །གློ་བུར་རྟ་འགྱེལ་ཆུ་ཡིས་ཁྱེར་བ་དང་། །མི་རེའི་ཁོག་ནས་སྙིང་རེ་ཕྱུང་སྙམ་གྱི། །སེམས་སྡུག་དྲན་མེད་བརྒྱལ་བ་ཙམ་རེ་བྱུང་། །ཡང་ཡང་རྙེད་དཀའི་ནོར་བུ་རིན་པོ་ཆེ། །རྙེད་ནས་སླར་ཡང་རྒྱ་མཚོར་ཤོར་བ་བཞིན། །ཀྱེ་ཧུད་རྙེད་དཀའི་བླ་མ་རིན་པོ་ཆེ། །སླར་ཡང་དག་པའི་ཞིང་ཁམས་གཞན་དུ་གཤེགས། །བསམ་ཞིང་བསམ་ཞིང་འགྱོད་པ་གཏིང་ནས་སྐྱེས། །ཀུན་གྱི་མིག་ནས་མཆི་མ་ཆར་བཞིན་བབས། །ད་དུང་སྐབས་རེ་ཡིད་ལ་དྲན་པས་མོད། །དབང་མེད་མིག་ནས་མཆི་མ་ཤོར་བ་བྱུང་། །འཇིག་རྟེན་པ་རྣམས་དགྲ་འདུལ་གཉེན་སྐྱོང་དང་། །ཚོང་དང་སོ་ནམ་ཕྱིར་དུ་ཤི་བ་དང་། །ཆོས་པ་འགའ་རེས་སྐྱིད་ཆོས་བྱ་བའི་ཕྱིར། །ལུས་སྲོག་དོར་བ་མང་ཡང་དགོས་པ་ཆུང་། །སྔོན་ཚེ་སྟོན་པས་སློབ་པ་ལམ་གྱི་དུས། །སེམས་ཅན་དོན་དུ་སྐུ་ལུས་བཏང་བ་ལྟར། །བདག་ཅག་དོན་དུ་བླ་མ་རིན་པོ་ཆེས། །སྐུ་སྲོག་བཏང་ལ་བློ་ལྡན་ཅིས་མི་དད། །ཐམས་ཅད་ཆུ་ལ་བརྒལ་བར་མ་ནུས་པར། །མུ་གེས་འཆི་ལ་ཐུག་པའི་ཚེ་ཚབ་ལ། །དེ་དུས་སྐྱེས་མཆོག་འདི་ཡིས་བསམ་བཞིན་དུ། །སྐུ་སྲོག་བཏང་སྙམ་དད་གུས་མཚོ་ལྟར་རྒྱས། །ས་ཐོབ་བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱིས། །བདག་ཅག་རྣམས་ཀྱང་ཆོས་ལ་བསྐུལ་བའི་ཕྱིར། །གློ་བུར་ཉིད་དུ་གཤེགས་པའི་ཚུལ་བསྟན་ཚེ། །ནམ་འཆི་ཆ་མེད་སྙིང་ནས་དྲན་པ་བྱུང་། །དེ་ཡིས་རྐྱེན་བྱས་གཞན་དོན་ལྟར་སྣང་གི ། བྱ་བ་བྱེད་འཕྲོ་ཐམས་ཅད་ཆམ་གྱིས་བཞག །སླར་ཡང་ཕྱིར་སོང་མི་མེད་ལུང་སྟོང་དུ། །གཅིག་པུར་ཚེ་དང་སྒྲུབ་པ་སྙོམས་འདོད་བྱུང་། །འོན་ཀྱང་མདོ་སྨད་བསྟན་འགྲོར་ཕན་ཕྱིར་དུ། །འོངས་པའི་སྔོན་གྱི་དམ་བཅའ་དུར་གྱིས་དྲན། །ཕྱིར་ལ་སོང་ན་ངོ་ཡང་མི་ཚའམ། །བསམས་ཤིང་མདོ་སྨད་ཕྱོགས་སུ་ཆས་པར་གྱུར། །བླ་མ་ཁོང་གི་ཐུགས་བསྐྱེད་སྨོན་ལམ་མཐུས། །གཤེགས་པའི་འོག་ཏུ་ཆུ་ལ་རབ་ཅིག་རྙེད། །ཐམས་ཅད་ཆུ་ཡི་ཕ་རོལ་བདེ་བར་སླེབས། །སླེབས་རུང་བླ་མ་བདེ་གཤེགས་དྲན་ནས་ངུས། །དེ་དུས་ཀུན་ལ་སྡུག་བསྔལ་སྣ་ཚོགས་པ། །བྱུང་ཚུལ་ཐམས་ཅད་བཤད་ན་སྐྱོ་བའི་རྒྱུ། །དེ་ལྟར་ཐམས་ཅད་མི་རྟག་ཚུལ་བསམས་ནས། །གང་ལ་ཆགས་པ་མེད་པར་རླུང་ལྟར་འཕྱོ། །ཅི་གསུངས་བཀའ་བཞིན་སྒྲུབ་པའི་སྐལ་ལྡན་བུ། །ད་ལྟ་མིག་གི་ལམ་དུ་མི་སྣང་ཡང་། །མཇལ་ན་འདོད་པའི་གནས་སྐབས་ཐམས་ཅད་དུ། །དངོས་ཉམས་རྨི་ལམ་ཀུན་དུ་མཇལ་བར་སྨོན། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །སངས་རྒྱས་གཉིས་པ་ཇོ་བོ་ཡབ་སྲས་བཞིན། །དག་དང་མ་དག་ཞིང་ཁམས་རབ་འབྱམས་ནས། །ཡང་ཡང་མཇལ་ཞིང་འབྲལ་མེད་འགྲོགས་པར་ཤོག །
ཅེས་བླ་མ་སྐལ་ལྡན་བདེ་བར་གཤེགས་པའི་རྣམ་པར་ཐར་པ་ལས། སྐུ་ཚེ་ཐ་མའི་རྣམ་ཐར་ཡི་གེ་ཉུང་ངུའི་ལམ་ནས་སྟོན་པ་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་ཞེས་བྱ་བ་འདི་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀུན་དང་ལྡན་པའི་ལ་དྭགས་མཁན་རིན་པོ་ཆེ་དང་། བསྟན་འཛིན་ཉི་མ་སོགས་སློབ་བུ་ཀུན་གྱིས་བསྐུལ་ངོར། བླ་མའི་ཁུར་འཛིན༧ཞབས་དཀར་པས་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། །འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱིས་མི་རྟག་འཆི་བ་དྲན་ནས་དམ་པའི་ཆོས་ཁོ་ན་སྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ། །།

47.2K