༄༅། །ཆོས་རྒྱལ་ངག་གི་དབང་པོའི་རྣམ་ཐར་གསོལ་འདེབས་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །

 image++++ཡོངས་ཤར་གྲུབ་པའི་དབང་ཕྱུག་མཆོག །ཨ་ཏིའི་རྣལ་འབྱོར་ཆེན་པོར་གསོལ་བ་འདེབས། །སྔོན་སྨོན་མཐུ་ལྡན་སྐལ་བཟང་དུ་མ་ལ། །དབང་ལུང་ཁྲིད་གསུམ་ལ་སོགས་རྫོགས་པར་བསྩལ། །མདོ་སྨད་སྔ་འགྱུར་བསྟན་པ་ཕྱོགས་བརྒྱར་སྤེལ། །བསྟན་པའི་སྒྲོན་མེ་མཆོག་དེར་གསོལ་བ་འདེབས། །སྲིད་འབྱོར་ལོངས་སྤྱོད་སྒྱུ་མ་ལྟར་མཐོང་ནས། །དབུས་གཙང་སེར་འབྲས་དགེ་གསུམ་གཙོ་བྱས་པའི། །དགོན་སྡེ་ཆེ་ཕྲ་ཀུན་ལ་མཆོད་བཀུར་སོགས། །རླབས་ཆེན་དགེ་ཚོགས་བསགས་ལ་གསོལ་བ་འདེབས། །ལུགས་གཉིས་མཛད་འཕྲིན་གང་ཡང་དེང་དུས་ཀྱི། །མཁས་རློམ་དག་གི་བློ་ཡི་ར་བ་ལས། །བརྒལ་ཞིང་ཀུན་གྱིས་བསྔགས་པའི་མེ་ཏོག་འཐོར། །དཔའ་མཛངས་རྟུལ་ཕོད་མངའ་ལ་གསོལ་བ་འདེབས། །རབ་འབྱམས་གཞུང་ལུགས་རྒྱ་མཚོའི་དཔལ་ཡོན་ཅན། །ཉེས་ལྟུང་དྲི་མས་ནམ་ཡང་མི་གོས་བཙུན། །གཞན་ཕན་ལྷག་བསམ་བྱང་ཆུབ་སེམས་མངའ་བ། །མཁས་བཙུན་བཟང་གསུམ་འཛོམས་ལ་གསོལ་བ་འདེབས། །སེང་གདོང་བདུད་འདུལ་དྲག་མོའི་བསྙེན་སྒྲུབ་སྐབས། །བ་ལིང་མེ་འབར་སྒྲུབ་ཁང་དུ་བས་གང་། །གམ་འཁོད་དུར་མ་སྨན་མོ་ཁོག་རླམ་པ། །+++ཆེ་བ་འདོན་ལ་གསོལ་བ་འདེབས། །འགྲོ་བའི་དཀར་མིན་འབྲས་བུ་སྨིན་པ་དང་། །མཐའ་དམག་འགོང་པོའི་མངའ་འབངས་སྡེ་རིགས་ལ། །མི་འོས་འཛིན་པ(ཡོངས་སུ་བྲལ་བ་)དང་། །བཏང་སྙོམས་ཚད་མེད་ལྡན་དེར་གསོལ་བ་འདེབས། །སྨོན་ལམ་ལོག་པའི་བདུད་སྤྲུལ་དུ་མ་ཡིས། །ནག་པོའི་ལས་སྦྱོར་མང་པོ་བརྩམས་ན་ཡང་། །རང་ལ་བྱས་ལྟད་++++ས་བརླག །བདུད་ཚོགས་ངང་གིས་འཇོམས་ལ་གསོལ་བ་འདེབས། །སྔོན་སྦྱངས་རིག་སད་སྐལ་ལྡན་དུ་མ་ལ། །ཐུགས་སྲས་མཆོག་གྱུར་ཚོགས་དྲུག་རང་གྲོལ་སོགས། །གདུལ་བྱ་མཐའ་ཡས་སྨིན་གྲོལ་ལམ་ལ་བཀོད། །འགྲོ་བའི་འདྲེན་མཆོག་ཞབས་ལ་གསོལ་བ་འདེབས། །ཞྭ་སེར་བསྟན་པའི་གཙུག་ནོར་དམ་པ་འགར། །མངོན་པ་མཛོད་ཀྱི་དབང་ལུང་ཁྲིད་གསུམ་བགྱིས། །མཁན་ཆེན་དགེ་འདུན་བསྟན་པའི་ཉི་མ་ལ། །ཟབ་ཆོས་ཡོངས་རྫོགས་བསྩལ་དེར་གསོལ་བ་འདེབས། །སྐབས་འགར་ཚོགས་ཀྱི་བདུད་རྩི་གསོལ་བའི་ཚེ། །འདི་ཕྱི་མ་འོངས་ལུང་བསྟན་གང་གསུངས་རྣམས། །ཅི་སྐད་གསུངས་བཞིན་གྱུར་པའི་བཀའ་དྲིན་ཅན། །ཐོགས་མེད་མངོན་ཤེས་མངའ་ལ་གསོལ་བ་འདེབས། །གསོ་རིག་ལ་སྦྱངས་(སྨན་གྱི་)བདུད་རྩི་ཡིས། །ནད་ཀྱིས་གདུངས་ཤིང་འཆི་ལ་མངོན་ཕྱོགས་པ། །མང་པོའི་ཚེ་བསྲིངས་སྲོག་སྐྱོབ་ཐུགས་རྗེ་ཅན། །སྨན་གྱི་རྒྱལ་པོ་ཁྱོད་ལ་གསོལ་བ་འདེབས། །སྐལ་བཟང་(གདུལ་བྱས་བསྐུལ་)བ་བཏབ་པའི་ངོར། །སེམས་ཀློང་མན་ངག་སྡེ་གསུམ་བཅུད་ཕྱུང་བ། །རྫོགས་པ་ཆེན་པོའི་ལམ་གྱི་རིམ་པའི་ཁྲིད། །སྔོན་མེད་ལེགས་བཤད་འཆད་ལ་གསོལ་བ་འདེབས། །ལྟ་བ++(སྣ་ཚོགས)གཅིག་ཏུ་རྟོགས། །སྒོམ་པས་དེ་བཞིན་ཉིད་ཀྱི་གནས་ལུགས་མཁྱེན། །སྤྱོད་པ་རླབས་ཆེན་རྒྱལ་སྲས་སྤྱོད་ལ་བརྩོན། །འབྲས་བུ་ཟུང་འཇུག་བརྙེས་ལ་གསོལ་བ་འདེབས། །འཆད་ན++དགོངས་དོན་རྗེན་པར་སྟོན། །རྩོད་ན་ལུང་རིགས་ངར་ལྡན་གཞན་ཟིལ་གནོན། །རྩོམ་ན་སྙན་འཇེབས་མཁས་རྣམས་ཡིད་དབང་འཕྲོག །འཆད་རྩོད་རྩོམ་གསུམ་མངའ་ལ་གསོལ་བ་འདེབས། །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་པ་དང་། །ཡེ་ཤེས་མཁའ་འགྲོའི་བསུན་མས་ཉེར་བསྐུལ་ཅིང་། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །མྱ་ངན་འདའ་བར་བཞེད་ལ་གསོལ་བ་འདེབས། །དྲུག་ཅུ་རེ་བདུན་རབ་བྱུང་བཅུ་བཞི་པའི། །ནག་ཟླའི་ཚེས་བརྒྱད་སྔ་དྲོའི་ཆར་བབས་ཚེ། །སྐྱིལ་དྲུང་དང་བཅས་ཧིགས་གསུམ་ཕཊ་ཀྱི་སྒྲ། །སྒྲོག་བཞིན་འདའ་བར་མཛད་ལ་གསོལ་བ་འདེབས། །ཐམས་ཅད་སྟོང་པ་དོན་གྱི་འོད་གསལ་མཆོག །མངོན་དུ་བྱས་ནས་བར་དོ་ལོངས་སྤྱོད་རྫོགས། །ཡོངས་བཞེངས་ཟངས་མདོག་དཔལ་གྱི་རི་བོར་གཤེགས། །འགྲོ་ཀུན་དང་བ་འདྲེན་ལ་གསོལ་བ་འདེབས། །མདོར་ན་མགོན་ཁྱོད་གསང་གསུམ་མཛད་འཕྲིན་ཀུན། །དུས་གསུམ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལས། །བདག་འདྲས་བསྐལ་པར་བརྗོད་ཀྱང་ནུས་མིན་ཏེ། །འོན་ཀྱང་ཅུང་ཟད་འདིར་བརྗོད་དགེ་བའི་མཐུས། །ཚེ་རབས་ཕྲེང་བར་ཁྱེད་ཀྱིས་རྗེས་འཛིན་ཤོག །
སྨྲས་པ། རང་ཉིད་དད་པས་ཡང་ཡང་ཉེར་བསླངས་ཏེ། །གཞན་དག་དད་གུས་འཕེར་ཕྱིར་ཆོས་ཀྱི་རྒྱལ། །གང་གི་མཛད་འཕྲིན་རྒྱ་མཚོ་ལྟ་བུ་ལས། །ཆུ་ཐིགས་ཙམ་ཞིག་འདིར་བརྗོད་ནོར་འཁྲུལ་སོགས། །བཤགས་ཤིང་རྣམ་དཀར་དགེ་འབྲས་གང་མཆིས་པས། །ཡང་སྲིད་ཀུན་ཏུ་ཁྱོད་དང་མི་འབྲལ་ཞིང་། །མགོན་ཁྱོད་གང་དུ་མངོན་པར་འཚང་རྒྱ་བར། །སྲས་ཀྱི་ཐུ་བོར་འགྱུར་བའི་རྒྱུ་རུ་བསྔོ། །
ཞེས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཐུ་རུས+++ཏེའི་ཆང་ངམ་མཚན་བརྗོད་པར་དཀའ་བ་ངག་དབང་དར་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོར་བསྡུས་དད་ལྡན་རྣམས་ཀྱི་ངག་འདོན་གསོལ་འདེབས་སུ་བགྱིས་ཆོག་པ་འདི་སྐྱབས་མགོན་མཆོག་གི་སློབ་བུའི་ཐ་ཤལ་པདྨ་རང་གྲོལ་གྱིས་སུག་ལས་སུ་བགྱིས་པ་དགེ་ལེགས་འཕེལ། །

(ང་ཚོས་རྙེད་པའི་མ་ཡིག་ལ་ལྡེབ་རེ་ཤས་ཆད་པ་དང་། བཞུགས་པ་ལས་ཀྱང་ཚིག་ཁ་ཤས་མཐོང་མེད་སྟོང་པར་གྱུར་འདུག་པ་ནི་དཔེ་བདག་གིས་ཙི་ཙིས་མུག་ཟོས་བྱས་པར་བསྙད་པས་ཐབས་མེད་པར་རྟགས+འདི་བཀོད་པ་ཡིན། གལ་ཏེ་གསོལ་འདེབས་འདིའི་མ་ཡིག་གཞན་ལ་ཡོད་ན་ཅིས་ཀྱང་གཡར་གནང་ཡོད་པ་མཁྱེན་མཁྱེན། ཁ་པར།༡༨༦༠༩༧༨༦༣༠༡ ཡིག་སྒམ། hqhrg@163.com)

47.2K