༧རྡོ་གྲུབ་ཀུན་བཟང་གཞན་ཕན་རིན་པོ་ཆེས་རེབ་ཀོང་སྤྱི་ལ་ལུང་བསྟན་གནང་ཚུལ་སོགས།

བདག་ཉིད་ཁམས་ཕྱོགས་སུ་སོང་ནས་སྐྱབས་མགོན་རྡོ་གྲུབ་ཆེན་རིན་པོ་ཆེ་དང་མཇལ་ནས་བཅོས་མིན་གྱི་དད་པ་སྐྱེས་ཏེ་རང་གི་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གསུམ་པོ་རིམ་གྱིས་བསྲུངས་ནས་བསྟན་འགྲོའི་དོན་ཆེན་བསྒྲུབས་ཚུལ་ཞིབ་རྒྱས་སུ་ཞུས་པ་ལ་བརྟེན་ནས་ཐུགས་མཆོག་ཏུ་མཉེས་ཏེ་ལོ་དེར་སྐུ་མྱ་ངན་ལས་འདའ་ངེས་སུ་གྱུར་ཀྱང་ལོ་དྲུག་ཏུ་བཞུགས་པར་ཞལ་བཞེས་མཛད་དེ་བདག་ཀྱང་ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པར་ལུང་གིས་གསལ་བར་བྱས་པ་སོགས་ནི་འདི་ལྟར། ན་མོ་གུ་རུ། སྐྱབས་མཆོག་གསུམ་རྩ་གསུམ་ཀུན་འདུས་པ། །ཕ་འཇིགས་མེད་གླིང་པའི་ཐུགས་རྗེའི་མཐུས། །མ་ཁྱོད་སོགས་འགྲོ་རྣམས་རྗེས་བཟུང་ནས། །དཔལ་སྣང་མཐའི་གོ་སར་དབུགས་དབྱུང་མཛོད། །ཁྱོད་གསོན་དང་དངོས་གྲུབ་སྒྲོལ་མ་ཀྱེ། །ལུས་དལ་འབྱོར་སྐྱོན་མེད་ཐོབ་དང་གཅིག །སྲས་ཨོ་རྒྱན་སྤྲུལ་པ་འཁྲུངས་དང་གཉིས། །དེས་བསྟན་འགྲོའི་དོན་ཆེན་འགྲུབ་དང་གསུམ། །དེ་གསུམ་ཕྱི་རྟེན་གྱུར་དངོས་གྲུབ་སྒྲོལ། །ཁྱོད་གཞན་ཕན་མཆོག་ཏུ་གདོན་མི་ཟ། །དོན་དེ་ཕྱིར་དགའ་བ་མཆོག་སྐྱེད་ལ། །སྒོ་གསུམ་པོ་དགེ་ལ་འབུངས་མཛོད་དང་། །ལོ་འགའ་ཙམ་འཚོ་བའི་རྟེན་འབྲེལ་ཤར། །དོན་དེ་ཕྱིར་ཆོས་དབྱིངས་སྟོབས་ལྡན་པ། །འདིར་རེ་ཞིག་བཞུགས་ལ་སེམས་ཁྲལ་སྤོངས། །ཉིད་ཡུམ་སྲས་བསམ་བཞིན་མཇལ་བར་ངེས། །བདག་རྣལ་འབྱོར་ཀྱང་རེ་ཞིག་འཚོ་ངེས་དོན། །ཁོང་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཡིས། །བསླུ་མེད་ཀྱི་རྟེན་འབྲེལ་བསྒྲིགས་པ་གཞིན། །གཞན་ཕན་གྱི་མཐའ་རུ་ལོས་དེ་ཕྱིན། །དོན་དེ་ཕྱིར་རང་ཅག་དཔོན་སློབ་རྣམས། །འཕྲལ་ཕུགས་ཀུན་དགའ་བདེར་ལོངས་སྤྱོད་པའི། །སྨོན་ལམ་དེ་ཡོངས་སུ་འགྲུབ་པར་ཤོག །ཅེས་པ་འདི་ཡང་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་བསྐུལ་ངོར་བྱང་སེམས་ཀུན་བཟང་གཞན་ཕན་གྱིས་སྤེལ་བ་དགེ་བར་གྱུར་ཅིག །

སྤྱིའི་ལུང་བསྟན་ལས། རོང་དགུ་འདུས་བྲག་གི་ཐེམ་པ་ན། །ཡོངས་ལས་ལྡན་གྱིས་བསོད་ནམས་བསགས་པའི་ཞིང་། །ལྷ་པད་འབྱུང་གི་སྤྲུལ་བ་འབྱོན་སྲིད་ཀྱང་། །དུས་སྙིགས་མའི་མི་ལ་ཅི་ཆ་ཡོད། །ཅེས་གསུངས་སོ། །

སྔགས་པདྨ་བཀོད་ཀྱི་གདན་ས་དེ་གར་བྱང་ཆུབ་མཆོད་རྟེན་མི་ཚད་གསུམ་པ་རང་གིས་དཀའ་ཚེགས་ཆེན་པོས་བསྒྲུབས་ཏེ་སྨོན་ལམ་རྒྱ་ཆེན་པོ་ཞབས་སྤྱི་བོར་བླངས་ནས་བཏབ་བརྟན་བཞུགས་ནན་ཏན་ནང་དུ་ཕུལ་དུས་སུ་འདི་གསུངས་སོ། །ཨོཾ་བདེ་ལེགས་སུ་གྱུར་ཅིག །གདོད་ནས་མངོན་སངས་རྒྱས་ཀྱང་སྤྲུལ་པ་རྒྱུན་ཆད་མེད། །སྤྲུལ་པ་རྒྱུན་ཆད་མེད་ཀྱང་གཟུང་འཛིན་མཐའ་ལས་འདས། །གཟུང་འཛིན་རང་ངོས་སྟོང་ཡང་བྱམས་བརྩེས་འགྲོ་རྣམས་སྐྱོང་། །དེ་འདྲ་གང་ཡིན་དེ་ནི་བླ་མར་ངེས་པས་ཕྱག་བགྱིའོ། །ཨེ་མ་ལེགས་པར་གསོན་དང་། །རྣལ་འབྱོར་དབང་ཕྱུག་དམ་པ། །ཁོ་བོ་ཀུན་བཟང་གཞན་ཕན། །བགྲང་བྱ་སྤུངས་པའི་ཁུར་གྱིས། །ནོན་དང་གསར་རྙིང་ནད་ཀྱིས། །གདུངས་པས་ཅིར་འགྱུར་མི་འཚལ། །འོན་ཀྱང་སྔ་མར་ཉིད་ལ། །ཅི་སྨྲས་བཞིན་ལས་ད་གདོད། །སྨྲ་རྒྱུ་གང་ཡང་དབེན་མོད། །དེ་ལྟར་ནའང་འབྱུང་འགྱུར། །དམིགས་གསལ་དོན་འདི་བཅངས་མཛོད། །མེ་བྱའི་ལོ་མཇུག་བསེར་བུས། །ཕུང་ཁམས་སྐྱེ་མཆེད་རྩི་སྦུར། །ཕྱགས་པར་མ་བྱས་མེ་གླང་། །མཐོང་ན་དེས་ཀྱང་ཉེར་འཚེའི། །མེ་ཆར་དྲག་པོས་དབེན་ན། །ལྷག་བསམ་དཀར་པོའི་རྟེན་མཆོག །ཡིད་བཞིན་ནོར་ལྟར་བསྟན་འགྲོར། །མཁོ་བའི་ཡོ་བྱད་དེ་ཡང་། །སྟག་ནས་སྦྲུལ་གྱི་བར་དུ། །ཕྱོགས་འདིའི་དཔལ་དུ་རྟག་ཀྱང་། །དགེ་སྒྲུབ་སྡིག་སྤོང་མཐུ་དང་། །སེམས་སུན་འབྱིན་མིན་དབང་གིས། །འདི་ཞེས་ཁ་ཚོན་གཅོད་རྒྱུ། །དཀའ་བའི་གནས་སུ་མཐོང་ཡང་། །དུས་འདི་ནས་བཟུང་རེ་ཞིག །སྒོ་གསུམ་དལ་བར་གནས་པའི། །ལག་ལེན་ཐོག་ཁེལ་གྱུར་ན། །རེ་ཞིག་འཚོ་ངེས་མི་རྫུན། །དེ་ལྟ་ན་ཡང་ད་ལྟའི། །སྤྱོད་ཚུལ་འདི་འདྲ་གཞན་གྱི། །དབང་གིས་ལུ་གུ་རྒྱུད་དུ། །འབྲེལ་བར་ཞེན་ཅིང་འཐས་ན། །རྫུན་དུ་འགྱུར་མིན་ཅི་ཆ། །དེ་ཕྱིར་དམ་པ་ཁྱོད་ཉིད། །འདི་ཕྱི་ལ་སོགས་གཉིས་འཛིན། །སྐྱིད་སྡུག་ལ་སོགས་རེ་དོགས། །བདག་གཞན་གཉིས་མེད་ཚུལ་གྱིས། །རོ་སྙོམས་བདག་མེད་ངང་དུ། །འུབ་ཆུབ་མཛོད་དང་དེ་ཡིས། །ད་དུང་རང་ཅག་མངོན་སུམ། །མཇལ་འགྱུར་འདི་ལ་ཚོམ་མེད། །མཆོག་གསུམ་རྩ་གསུམ་བདེན་པས། །ཁོ་བོ་ཡུན་རིང་འཚོ་མཐར། །རང་ཅག་མངོན་དུ་མཇལ་བའི། །བཀྲ་ཤིས་སྨོན་ལམ་འགྲུབ་ཤོག །

   རང་ཡུལ་དུ་འོང་དུས་ཕྱི་ནང་གསང་བའི་ལུང་བསྟན་དང་ཟུར་ཞུས་སྣ་ཚོགས་གྲྭ་སློབ་རྒྱུད་འཛིན་ཡོངས་ལ་ལུང་བསྟན་ཞིབ་རྒྱས་དང་རང་རེ་རེབ་ཀོང་སྤྱི་ལ་ལུང་བསྟན་བབས་པ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །མཆོག་གསུམ་བདེན་པས་དེང་འདིར་བདེ་ལེགས་ཤོག །མཁྱེན་པའི་ཡེ་ཤེས་འཇམ་དཔལ་དབྱངས་དང་མཚུངས། །བྱམས་བརྩེའི་རང་བཞིན་ཕྱག་ན་པདྨོ་ལྟར། །མཐུ་སྟོབས་འོད་ཟེར་སྟོང་འབར་གསང་བདག་བཞིན། །འཇིགས་མེད་གླིང་པ་ལས་གཞན་དམིགས་སུ་མེད། །དེ་ཕྱིར་མཆོག་གསུམ་རྩ་གསུམ་ཀུན་འདུས་སྐུར། །རྩ་བའི་བླ་མར་ཡོངས་ཤར་དམ་པའི་མགོན། །རྣམ་པ་ཉི་ཤུའི་གྲངས་ལྡན་བླ་མ་རྣམས། །སྙིང་དབུས་པད་མཚོར་དྲན་བཞིན་ཐུགས་ཡིད་བསྲེ། །ལྐོག་གྱུར་ཆོས་རྣམས་མངོན་སུམ་ཇི་བཞིན་དུ། །ཆགས་ཐོགས་མེད་པར་མཁྱེན་པ་སངས་རྒྱས་དང་། །བྱང་སེམས་ཉན་རང་ཕལ་ཆེར་ལས་གཞན་སུ། །དེ་ཕྱིར་འབྱུང་འགྱུར་རྟེན་འབྲེལ་སྨྲ་དཀའ་ཡང་། །དད་དམ་ཡིད་བཞིན་ནོར་ལྟར་ལེགས་འཆང་བའི། །བླ་མ་དམ་པའི་བཀས་བསྐུལ་དོན་ཡོད་ཕྱིར། །འདི་རུ་མཉམ་བཞག་བཅོས་བསྒྱུར་བྲལ་བའི་ངང་། །གང་ཤར་ཐོགས་མེད་སྨྲ་འདིས་ཡིད་ཆེས་མཛོད། །ཨེ་མ་སྤྱིར་རོང་བོ་རེ་སྐོང་ས་ཡི་ཆར། །དགེ་མི་དགེའི་ལྟས་མཚན་མེ་ལོང་ངོགས། །གཟུགས་སྣ་ཚོགས་འཆར་བཞིན་འདི་རུ་ངོམ། །ཁྱེད་དོན་གཉེར་མཁན་པོ་དགྱེས་པར་མཛོད། །ཡུལ་དེ་ཡི་སྟོད་ཕྱོགས་སྒྱུ་མའི་འཕྲུལ། །རིགས་སྔགས་ཀྱི་ནུས་པས་བསྟན་པ་བཞིན། །རྟག་བརྟན་དང་བྲལ་ཡང་དགའ་སྐྱོ་ངོམ། །འོན་ཀྱང་ནི་རྒྱལ་བསྟན་འཛིན་པའི་སྡེ། །ཐམས་ཅད་ཀུན་ཕྱོགས་ལྷུང་གདོན་ཆེན་གྱིས། །མ་བཏབ་བཞིན་རྣམ་དག་མདོ་སྔགས་ཆོས། །གཅིག་གི་གྲོགས་གཅིག་གིས་བྱེད་བཞིན་དུ། །དག་སྣང་གིས་མོས་གུས་བསྐྱེད་གྱུར་ན། །གསར་རྙིང་གཉིས་རིས་བྲལ་འོ་མཚོ་ལྟར། །ཁ་གཏིང་ཟུང་གཅིག་ཏུ་དཀར་བ་ལ། །ལྷ་རྣམས་ཀྱིས་འཆི་མེད་ལམ་ཆེན་ནས། །ལེགས་སོ་ཡི་མེ་ཏོག་འཐོར་ལ་ལྟོས། །དེར་ལྡོག་པའི་བྱ་འུག་འཕྲད་པ་ལྟའི། །གཅིག་གི་དགྲ་གཅིག་གིས་བྱས་གྱུར་ན། །ཡེ་ཤེས་ལྷར་རྣམ་རྟོག་མི་མངའ་ཡང་། །འཇིག་རྟེན་པའི་དྲེགས་ཚོགས་ཀུན་འཁྲུགས་ནས། །ལུགས་ཟུང་གཉིས་སོས་ཀའི་ཆབ་རོམ་བཞིན། །ཇེ་ཞན་དུ་འགྲོ་བ་སྐྱོན་ཤེས་བཞིན། །མཆོག་དམན་གྱི་འགྲོ་བ་སྤྱིའི་ལམ་མཆོག །དད་པ་འདི་ལོག་ལྟར་མ་བསྒྱུར་ཨང་། །ཡུལ་དེ་ཉིད་ཀྱི་བར་གནས་དགོན་ཡུལ་སྡེ། །ཡོངས་གཅིག་གི་དགྲ་གཅིག་གིས་བྱེད་པ་དང་། །སྔོན་སྨིན་གྲོལ་གྱི་ཆོས་ཐོབ་འདོར་ལ་རིངས། །ཡང་ལ་ལ་ཞིག་དམ་ཚིག་ཉམས་འགལ་དང་། །རལ་གྱུར་ཀྱང་ཅི་མི་སྙམ་ནས་སུ། །ད་དུང་ཡང་དེ་བཞིན་དམ་ཉམས་བསྲེལ། །འགའ་འགའ་ཞིག་ཕྱིར་བཅོས་ལས་ལ་བརྩོན། །གཞན་དག་ཕལ་དབྱེན་སྦྱོར་ལས་ལ་བརྩོན། །དེ་དག་ཀུན་ལོག་ལྟའི་དབང་གིས་བྱས། །ཡང་དུས་ངན་གྱི་ཆོ་འཕྲུལ་འདི་བཞིན་འབྱུང་། །ཆོས་མདོ་གཞུང་ལ་དད་བཞིན་དེར་ཞུགས་ཀྱང་། །དཔལ་རྡོ་རྗེ་ཡི་ཐེག་པར་སྙིང་ནས་སྨོད། །ཁྱད་པར་དུ་སྔ་འགྱུར་རྙིང་མའི་གཞུང་། །རིམས་ནད་ཀྱིས་ཤི་བའི་རོ་ལྟར་འདོར། །ཡང་སྔ་འགྱུར་བར་ཁས་འཆེ་བ་གླང་སེམས། །དམར་སེར་གྱིས་སྤུད་པ་འགའ་དང་འགས། །རང་ཕྱོགས་གཞུང་ནན་དུ་བསྟོད་གྱུར་ཀྱང་། །ཁྱད་ཆོས་ཀྱི་དབྱེ་བ་ཤེས་པས་མིན། །དེ་བཞིན་དུ་གསར་མ་པར་གྲགས་པའི། །ཤྭ་ན་ཡི་སེམས་ལྡན་རྒྱབ་སེར་འགས། །མཚན་ཉིད་ལ་ཁ་གཡར་དུག་ལྔའི་མེས། །ཐར་པ་ཡི་བུད་ཤིང་བསྲེག་ལ་ལྟོས། །དེ་དག་ཀུན་རྟེན་ཅིང་འབྲེལ་འབྱུང་ཆོས། །ཤེས་བཞིན་དུ་ཁྱད་གསོད་བྱས་ལས་བྱུང་། །ཀྱཻ་མ་ཧུད་དལ་འབྱོར་མི་ལུས་འདི། །ཤེས་བཞིན་དུ་ཆུད་ཟོས་ཅི་ལ་བྱེད། །ཁྱེད་ཅག་ཀུན་མི་འཆིའི་གདེང་ཡོད་དམ། །མེད་གྱུར་ན་དགེ་སྒྲུབ་སྡིག་སྤོང་རེམ། །ཡུལ་དེ་ཉིད་ཀྱི་སྨད་དུ་དགེ་མིན་ཆོས། །ཆབས་ཅིག་ཏུ་དར་དུས་ལྟོ་འགྲོ་ཡི། །ལུས་མ་ཡིན་ཀྱང་སེམས་ཉིད་དེར་འཕོས་བཞིན། །ཕན་གནོད་ཀྱི་རོ་འཛིན་དཀར་ནག་ཟུང་། །རྐྱོང་མོད་ཀྱང་དགེ་སྡིག་གོ་ལོག་སྨྲ། །སྐྱོན་དེ་རྣམས་ཕལ་ཆེར་ཤེས་བཞིན་དུ། །དུག་འཐུང་དཔེའི་སྐྱོན་ཚོགས་ངོས་བཟུང་ནས། །དད་པ་དང་དག་སྣང་སྤེལ་དང་གོ། །ཁྱེད་བླ་མ་ཡི་ཡོན་བདག་སློབ་མའི་ཚོགས། །ཀུན་རང་ཕྱོགས་ཀྱི་ཆོས་ལ་དད་གྱུར་ཀྱང་། །གཞན་ཕྱོགས་ཀྱང་སྨོད་པའི་ལས་མི་བྱེད། །ཀུན་མཉམ་ཉིད་དུ་བལྟ་བཞིན་དག་སྣང་སློབ། །ཚུལ་དེ་འབྲས་ཀྱིས་འཕྲལ་ཕུགས་གཉིས་ཀར་བདེ། །ལར་སྐུ་ཉིད་ནི་རང་ཡུལ་ལ་ཕྱོགས་ཤིང་། །དམིགས་པའི་སར་ཆགས་ཕེབས་གདན་འཇགས་ཚོ། །ཐམས་ཅད་ཀུན་དད་དང་གུས་པ་དང་། །ཡི་རངས་སོགས་འགྲན་པ་ཇི་བཞིན་འབྱུང་། །དུས་དེ་ནས་བགྲང་བྱ་ཆེར་མཐོ་བཞིན། །ལུགས་ཟུང་ཡང་གོང་ནས་གོང་འཕེལ་ཞིང་། །ཐམས་ཅད་ཀུན་རྫོགས་ལྡན་དཔལ་ལ་རེག །དེ་ཡི་ཚེ་དགྲ་ཟུན་བར་མ་གསུམ། །ཤུགས་འབྱུང་གིས་གང་ཞབས་བསྟེན་པ་ལ། །རངས་འགྱུར་ཞིང་དད་པའི་མངོན་རྟོགས་དང་། །ཆབས་ཅིག་ཏུ་ལེགས་སོའི་མེ་ཏོག་འཐོར། །སྐབས་དེ་ནས་ནི་གསར་རྙིང་སྡེ་གཉིས་པོ། །ཆོས་གཟུགས་ཀྱི་དྲེད་པོ་ལོག་ལྟ་ཅན། །འགའ་ཞིག་ལས་ཕལ་ཆེར་ཚད་མེད་བཞིའི། །བློ་རྒྱལ་བའི་བྱིན་གྱིས་རབ་སྐྱེས་ནས། །ཀུན་ཐུགས་མཐུན་འགྲོ་ཀུན་དགའ་བར་འགྱུར། །ཚུལ་དེ་བཞིན་འབྱུང་བར་འདོད་པའི་ལྷས། །བར་མ་བཅད་ལམ་རྒྱུག་མཐར་ཕྱིན་ན། །མགོན་བསྟན་པའི་འཁོར་ལོ་སྟོང་དུ་འབྱུང་། །ལྷ་ཕྱག་ན་པདྨ་སྒྱུ་འཕྲུལ་བཞིན། །ཡུལ་དེ་དང་གཞན་ཡུལ་དག་ནས་འབྱུང་། །དཔལ་མཐུ་སྟོབས་བདག་པོ་དེ་བཞིན་དུ། །ཡུལ་འཇིགས་ཆེན་ལ་འཇིགས་པའི་རྒྱན་བཞིན་འབྱུང་། །ལྷ་ཨོ་རྒྱན་ཆེན་པོའི་རྣམ་འཕྲུལ་གཟུགས། །ཡུལ་མཆོག་དམན་དུ་མར་སྤྲུལ་བའི་ཟླ། །དཔེ་ཆུར་སྣང་ཇི་བཞིན་མང་དུ་འབྱུང་། །ཡང་སྐབས་འགའ་རུ་རྣམ་སྣང་ལོ་ཙཱ་དང་། །ཀ་ཅོག་རྨ་གཉགས་གསུམ་ལ་སོགས། །ལོ་ཙཱ་དང་པཎ་གྲུབ་སྐྱེས་མཆོག་འགའ། །ཕོ་མོ་དང་བན་བཙུན་པཱ་ལ་ཡི། །གཟུགས་བསྒྱུར་ནས་བསྟན་འགྲོར་ཕན་ཐོགས་བྱེད། །ནམ་མཁའ་དང་བར་སྣང་ས་ཡི་གཏིང་། །རྫ་བྲག་དང་ལྗོན་ཤིང་ཆུ་མཚོ་སོགས། །ངེས་མེད་ཀྱི་གནས་ནས་ངེས་མེད་གཟུགས། །གཏེར་རྫས་བཞིན་ལག་ཏུ་འབྱོར་བ་དང་། །རི་བྲག་སོགས་རང་བྱུང་ལྷུན་གྲུབ་ཀྱི། །གནས་ཆེན་དུ་གྱུར་ནས་གཞན་དོན་སྤྱོད། །དེ་ལས་གཞན་རྟེན་འབྲེལ་བཀོད་པ་ལ། །སྣ་ཚོགས་ཤིག་ཤར་ཡང་འབྱུང་འགྱུར་སྐབས། །ཁྱེད་ལ་འཕྲོད་ཡོང་གིས་དེ་དུས་དབྱིངས་ཆུབ་མཛོད། །མཆོག་གསུམ་དང་རྩ་གསུམ་བདེན་མཐུ་དང་། །རྣལ་འབྱོར་ངའི་ལྷག་བསམ་རྣམ་དག་མཐུས། །འགལ་སྤོང་དང་མཐུན་ཕྱོགས་ཡོངས་འགྲུབ་བཞིན། །བཀྲ་ཤིས་ཀྱི་སྣང་བ་རྒྱ་ཆེན་པོས། །རྒྱལ་ཁམས་ཀུན་ཁྱབ་པའི་དགེ་མཚན་སྩོལ། །ཞེས་པ་འདི་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ལ་རྡོ་བླས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ། །

དཔལ་མགོན་ཚོགས་ཀྱི་བདག་པོ་འདི་བདག་གཅིག་པུ་ལ་ཆེར་གཉེར་གྱི་བཀའ་བབས་ཀྱང་ཉིད་ཀྱི་ཞབས་བརྟན་ལ་ཡང་མགོན་པོ་ལས་གཞན་མི་དགོས་གསུངས་པ་ལྟར་ཚོགས་བདག་དུང་ཕྱུར་དང་། སྦྱིན་བསྲེག་ས་ཡ། ཚོགས་ཆུང་བྱེ་བ་གཅིག་བཅས་བསྒྲུབས་ནས་ཡི་གེ་ཕུལ་བའི་ལན་དུ་འདི་ལྟར། ཤེས་བྱའི་ཆོས་རྣམས་ཀུན་གྱི་ཆུ་གཏེར་ཆེན་པོར་གནས་བཅས་ཤིང་། །རིམ་དགུ་ཐེག་པའི་གདེངས་ཀའི་དཔལ་གྱིས་མངོན་པར་མཐོ་ཞིང་མཛེས། །ཡོན་ཏན་ནོར་བུའི་གཏེར་ལ་དབང་འབྱོར་འཕྲིན་ལས་གཞན་ལ་ཕན། །སྔོན་མེད་མི་ཡི་ཀླུ་དབང་བླ་མ་དམ་པ་རྒྱལ་གྱུར་ཅིག །ངེད་ཀྱང་སྔོན་གོམས་ཚོགས་ཟུང་འཛིན་མའི་ལྟོར། །མངོན་མཐོ་འཆི་མེད་ལྗོན་པའི་རྟེན་མཆོག་གང་། །བསླབ་གསུམ་རྩ་བ་བསྐྱེད་རྫོགས་ལོ་འདབ་རྒྱས། །རྣམ་བཞིའི་འཕྲིན་ལས་འབྲས་བུ་ཡོངས་དུད་བཞིན། །དད་དམ་མ་རྙིང་དང་བ་སྟོན་པའི་མཆིད། །ཚིག་བཟང་དོན་བཟང་ཡིད་རབ་དགའ་བའི་གཞུང་། །རིན་ཆེན་གཉིས་པ་སྲང་འཁོར་ཕྱོགས་ཀྱི་གྲངས། །མ་ཉམས་འབྱོར་ཚེ་དངོས་མཇལ་ཇི་བཞིན་གྱུར། །ངོས་ཀྱང་བགྲང་བྱ་སྤུངས་པའི་ཁུར་ཆེན་གྱིས། །ནོན་བཞིན་སྔོན་ལས་ལྷག་མ་ནད་སྨིན་ལྟས། །རབ་ཏུ་གདུང་ཡང་དགེ་སྡིག་གཏོང་ལེན་ལ། །ལམ་ཁྱེར་བྱེད་བཞིན་རོ་སྙོམས་ངང་དུ་མཆིས། །ཆེད་དུ་ཞུ་བའི་སྙིང་པོ་བྱེ་མ་ལས། །གསེར་བཏུས་ཇི་བཞིན་དམ་པ་གང་དྲུང་དུ། །ཞུ་བའི་དོན་པོ་མཁྱེན་བརྩེ་ནུས་ལྡན་པ། །དམ་པ་གང་གིས་ཁོ་བོ་རིང་འཚོའི་ཆེད། །ཐུགས་སྨོན་གནང་བཞིན་རེ་ཞིག་འཚོ་སྙམ་པའི། །ཚོམ་བྲལ་བརྟག་པ་ཤར་ལ་དགྱེས་བཞིན་དུ། །སྔ་འགྱུར་བསྟན་པ་ཞི་དྲག་གང་ཐད་ནས། །བསྲུང་དང་སྤེལ་དང་འགལ་སྤོང་ཐབས་མཛད་གལ། །དེ་ལས་དམ་པ་གང་གི་རང་ཡུལ་དུ། །འཆག་ཕེབས་ནས་བཟུང་རྩ་གསུམ་ཆོས་སྐྱོང་སྤྱི། །ཁྱད་པར་ཚོགས་ཀྱི་བདག་པོའི་བསྙེན་སྒྲུབ་དང་། །བསྐང་ཚོགས་རྒྱ་ཆེན་བགྱིས་ལ་རྗེས་ཡི་རངས། །ད་དུང་མ་མགོན་གཤིན་རྗེ་ལ་སོགས་པ། །གྲུབ་མཐར་བསྒྲལ་བསྟབ་བསྲེག་མནན་གལ་ཆེ་བས། །ཕྱག་ལེན་གནད་དུ་ཐེབས་པ་ཤིན་ཏུ་གཅེས། །ཁྱད་པར་དམ་པ་ཉིད་ལ་འགལ་སྤོང་དང་། །མཐུན་སྒྲུབ་རྟེན་འབྲེལ་ཆོ་གའི་རིམ་པ་རྣམས། །ཟུར་དུ་གསལ་བ་དག་ལས་མཁྱེན་མཛོད་ལ། །བླང་དོར་གནས་རྣམས་ཇི་བཞིན་འཛོལ་མེད་མཛོད། །སླར་ཡང་ཆོས་དབྱིངས་འགྱུར་མེད་བདེན་པ་དང་། །ཆོས་ཅན་རྟེན་འབྲེལ་སྟོབས་ལྡན་བསླུ་མེད་མཐུས། །གསང་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ། །བརྟན་པར་བཞུགས་ནས་བསྟན་འགྲོར་ཕན་ནུས་ཤོག །དེ་སྐད་ཞུ་མཆིད་དཔྱིད་ཀྱི་ཕོ་ཉ་གང་། །སྙན་ཚིག་གླུ་དབྱངས་རང་སྐད་སྒྲོག་བཞིན་དུ། །རྟེན་འབྲེལ་རྫས་ཀྱི་འདབ་གཤོག་རབ་བསྐྱོད་ནས། །གང་དྲུང་སྔ་འགྱུར་བསྟན་པའི་ཚལ་དེར་དེངས། །དགེའོ། །

༼རྩོམ་ཡིག་འདི་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་མགུར་འབུམ་ལས་ཁོལ་དུ་ཕྱུང་པ་ཡིན།༽

47.2K