༧གྲུབ་དབང་པདྨ་དབང་ཆེན་ནམ་མཁའི་རྡོ་རྗེ་ལ་མཇལ་བའི་ལོ་རྒྱུས།

རྗེ་བཙུན་གཞོམ་བྲལ་རྡོ་རྗེས།

བདག་བགྲང་བྱ་སུམ་ཅུའི་ཁུར་གྱིས་ནོན་པའི་ཚེ། སྔོན་ནས་འབྲེལ་ཟབ་པའི་གྲུབ་དབང་པདྨ་དབང་ཆེན་ནམ་མཁའི་རྡོ་རྗེ་ལ་མཇལ་འཕྲད་དུ་ཕྱིན་པའི་དབྱར་འབྲིང་བོའི་ཚེས་བརྒྱད་ཉིན་བླ་མ་མཆོག་གི་དངོས་ཞལ་མཇལ་ཐུབ་པ་བྱུང་། ཕྱག་དང་བཅས་གུས་པ་ཆེན་པོས་ཕྱག་དབང་ཞུས་ཚེ། ཁྱེད་ཉིད་འདོང་ངམ། ལུས་པོ་མདོག་བཟང་ངམ། བགྲོད་པ་ཡང་ངམ། ཁམས་བདེའམ་གསུངས། དེ་མཚུངས་ཀྱི་ལན་འབུལ་དང་། རིམ་གྱིས་མདུན་དྲུང་པ་རྣམས་ལ་ཆོས་འབྲེལ་དུ་དགོས་གལ་ཆེ་བ་རྣམས་སྙན་གསན་དུ་འབུལ་དུ་བཅུག་ཚེ་ཉིན་རེ་གཉིས་སྡོད་དགོས་གསུངས། དེ་ནས་ཚེས༡༣ཉིན་བཀྲ་ཤིས་གསེར་ཉ་ལུང་ནས་ཚེ་དབང་རིག་འཛིན་སྐྱབས་ཟེར་བའི་སྦྱིན་བདག་ཅིག་གི་གམ་ནས། ཐོག་མར་རྒྱལ་དབང་སངས་རྒྱས་པདྨའི་ཐུགས་མཛོད་ཀློང་ཆེན་སྙིང་ཐིག་གི་བླ་རྫོགས་ཐུགས་གསུམ་བཀའ་སྲུང་ཡོངས་ཀྱི་བཀའ་རྒྱ་ལུང་རྫོགས་པོ་ཏི་གཏད་ལུང་བཅས་ནོད་སྐབས། གང་གི་གསུང་གསང་ཐུན་མིན་ངེས་དོན་སྙིང་པོའི་ཟབ་གནད་རྡོ་རྗེ་གསུང་གི་དབུགས་དབྱུང་ཚུལ་ནི། དགོངས་བརྡ་སྙན་བརྒྱུད་ཀྱི་བཀའ་བབས་ཀློང་ཆེན་པ་དང་རྒྱལ་བ་འཇིགས་མེད་གླིང་པ། རིག་འཛིན་བྱང་ཆུབ་རྡོ་རྗེ། འཇིགས་མེད་ཕྱོགས་ལས་རྣམ་རྒྱལ། པདྨ་ཐུགས་མཆོག་རྡོ་རྗེ། ཁྲག་འཐུང་ནམ་མཁའ་རྒྱ་མཚོ་སོགས་ངོ་བོ་གཅིག་ཏུ་བསྡུས་པ་ཁྱེད་རང་གི་རིགས་ཀྱི་བདག་པོ་པདྨ་དབང་ཆེན་རོལ་བའི་རྡོ་རྗེ་ཞེས། ཁོ་བོ་ཅག་ཕྱི་སོ་ཐར་ལྟར་བརྒྱུད་ལྡན་རིག་འཛིན་རིམ་བྱོན་དུ་མའི་ཟློས་གར་སྔགས་འཆང་ཧེ་རུ་ཀ་བའི་ཆས། ནང་བྱང་སེམས་ལྟར་འཕགས་མཆོག་སྤྱན་རས་གཟིགས་དབང་གསང་སྒྲུབ་སྡུག་བསྔལ་རང་གྲོལ། གསང་བ་བླ་མེད་ཐེག་མཆོག་རྒྱལ་པོའི་དགོངས་བཅུད་ཀུན་བཟང་ཐུགས་ཀྱི་བསྟན་པའི་མངའ་བདག་དཔལ་ཁྲག་འཐུང་པདྨ་དྲག་པོ་རྩལ་དངོས་ཡིན་སྙམ་པའི་དག་སྣང་གྱིས་ཤིག་གསུངས། རིགས་ཀྱི་བུ་ཁྱེད་འདིར་འོངས་པ་ལེགས་སོའི་དབུགས་དབྱུང་དང་བཅས་སྙིང་ཐིག་གི་བསྟན་སྲིད་རིན་པོ་ཆེ་བདག་ལ་ལན་གསུམ་གཏད་ཅིང་། ཕྱག་དབང་ལན་དྲུག་སྤྱི་བོར་བཞག་པའི་སྐབས་དབང་བཞི་བླངས་པ་དང་བསྟན་པ་ཕྱོགས་ཀུན་རྒྱས་པའི་སྨོན་ལམ་ནན་ཆེར་བཏབ། ཁྱོད་ཀྱི་གེགས་དང་བར་ཆད་ཐམས་ཅད་ལྷག་མེད་དུ་བསལ་བ་ཡིན་ཞེས་ལྗགས་ཆབ་ལན་གསུམ་བདག་གི་གནས་གསུམ་དུ་བཏབ་ཚེ་འཇིགས་མེད་གླིང་པ་དངོས་ཡིན་པའི་དག་སྣང་བྱུང་ཡང་ཁྱེད་རང་སྤྲུལ་སྐུ་གཞོན་པ་རྣམས་ཀྱིས་བཤད་སྒྲུབ་ཐོས་བསམ་གྱི་ཉམས་བཞེས། ཚོགས་གཉིས་ཟུང་འཇུག་གི་དགེ་སྡུད། ལུང་རྟོགས་བསྟན་པའི་བྱ་བ། གདུལ་བྱའི་ཁམས་དབང་དང་མཐུན་པའི་དམ་ཆོས་མདོ་རྒྱུད་ཀྱི་གཞུང་ཤིང་བཅུད་དྲིལ་ལག་ཏུ་བླངས་པའི་གདམས་ཁྲིད་སོགས་རང་ལུགས་བཀའ་གཏེར་དག་སྣང་བསྟན་བཅོས་ཀྱིས་ལག་རྗེས་བསུབ་ཏུ་མེད་པ་འཛིན་སྐྱོང་སྤེལ་བ་ལས། ཡང་ཤི་ཡང་སྐྱེས་རེས་མོས་ཀྱི་སྐྱེ་བའི་ཕྲེང་བ་བགྲང་བས་སུ་ལ་ཕན། ཁོ་བོ་ཅག་དགུང་གྲངས་བདུན་ཅུ་དོན་བརྒྱད་དུ་ངེས་པས་སྲིད་ཞི་གཉིས་ཆར་གྱི་དོན་ཆེན་པོ་མི་འཁྱོངས་ཡང་། རེབ་ཀོང་ཉིན་ལྟ་ཀློང་ཆེན་སྔགས་མང་གཙོ་བྱས་པའི་འབྲེལ་ཐོགས་རྣམས་ཀྱི་མཐོང་གྲོལ་དུ་བརྒྱད་ཅུ་གྱ་གཅིག་འཚོ་གཞེས་ཡིན་ངེས་པས། ཁྱེད་རང་ལོ་གྲངས་བརྒྱད་ཅུ་རྩ་གྲངས་ལོན་རག་བར་འདུག་རྒྱུ་ཨེ་ཡིན་ཞེས་བཀའ་ནན་རབ་བརྗིད་མཛད། ཁས་ལོངས་གསུངས། དེ་བཞིན་དུ་ཁས་བླངས་པ་དང་མཉམ་དུ། ཉིད་ཀྱི་སྐུ་མདོག་བྱུ་རུའི་ལྷུན་པོ་ལ་སྣུམ་བྱུགས་པ་ལྟར་དམར་ལ་སྨུག་པའི་མདངས་ལྡན་ཁྲོ་ཆགས་སྒེག་པའི་ཉམས་ཅན་དཔའ་བོ་རྟ་མགྲིན་གྱི་སྐུར་བཞེངས་ཏེ་ཕྱག་གཡས་སྡིགས་མཛུབ་བདག་གི་སྙིང་གར་གཏད་ཅིང་། གསུང་འགགས་མེད་ཐོལ་བྱུང་དུས་གསུམ་ཆག་ཐོགས་བྲལ་བའི་བརྡའ་ཆོས་ཀྱི་རོལ་གར། ཐུགས་མཆོག་འཁྲུལ་མི་ཤེས་པའི་ཡེ་ཤེས་འོད་མཚན་སྟོང་འབར་ཇི་བཞིན་པའི་ངང་ལས། ཉིད་ཀྱི་ཞལ་ཕོར་ལས་བདུད་རྩི་བླུད་ཅིང་། རིགས་ཀྱི་བུ་གསོན་ཅིག །དགོངས་ཤིག །ད་ཁྱེད་ཀྱི་ཚེ་འཕྲང་རྣམས་སེལ་བ་ཡིན། ཁྱེད་ཀྱི་སེམས་ཉིད་དྲི་མེད་བདེ་སྟོང་ཀློང་ཡངས་ཆེན་པོའི་དཀྱིལ་དུ་ཁོ་བོ་བདེ་ཆེན་ནམ་མཁའི་རྡོ་རྗེའི་ཐུགས་གསང་ཀ་ནས་དག་པའི་ཡེ་ཤེས་བསྟིམ་ཡོད་པས་དུ་མ་རོ་གཅིག་ཏུ་ཨེ་འདྲེས་གསུངས། བདག་དགའ་དད་འདྲེས་མར་གྱུར་པའི་རིག་པ་ཉིད་དྲན་འཛིན་གྱི་སྒྲོག་ལས་བཀྲོལ་ཏེ་རེ་ཞིག་བརྒྱལ་བ་ལྟར་ལན་ཞུ་བ་ཡང་མ་སྤོབས་ཚེ། ཡང་ཨེ་འདྲེས་གསུངས། ད་འདྲེས་ལགས་ཞུས་པས་དེ་མ་ཐག་ཉིད་ཀྱི་དགུང་གྲངས་ལྟར་ཅིས་ཀྱང་འཚོ་དགོས་ཞེས་ཕྱག་གཡས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྤྱི་བོར་ལན་གཅིག་བརྡེབས། ཡང་ཁོ་བོ་ཅག་ལ་ཁམས་ཕྱོགས་ཀྱི་བླ་མ་དམ་པ་དུ་མས་མདོ་སྨད་ཤར་ཕྱོགས་དེར་འགྲོ་དོན་ཡོད་ཚུལ་སོགས་གདུལ་བྱ་འཕྲོ་ཅན་གྱི་ལུང་བསྟན་ཡོད་ཀྱང་རང་ལོ་ཉེར་དགུའི་སྟེང་ཕྱོགས་དེར་ལྷགས་ཏེ་གཏེར་སྟོན་རིན་པོ་ཆེ་དང་ཚོགས་སུམ་མཚམས་པ་དང་། རྗེ་བཙུན་ཡབ་སྲས་ལ་མཇལ་འཕྲད་ཆོས་འབྲེལ་ཞུས་པ་དང་། སྲས་མཁར་སྟེང་འོག་གི་རྟེན་གཙོ་རྣམས་ལ་མཆན་ཡིག་རྣམ་ཐར་རགས་བསྡུས་ཕུལ་བ་སོགས་ཀྱི་ཞབས་ཏོག་བགྱིས་པ་ཡིན། ད་ཁྱེད་རང་ཕྱོགས་དེར་སོང་ལ་ཁོ་བོའི་རྒྱལ་ཚབ་དང་ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པའི་ཞབས་འདེགས་ཁོ་ན་ལས་རང་འདོད་ཀྱི་འཁྲི་བ་མེད་པར་བདག་གིས་ཁྱེད་ལ་བློ་གཏད་པ་ཡིན་པས། དེ་བཞིན་དུ་ཀློང་སྙིང་སྨིན་གྲོལ་གྱི་ཕྱག་ལེན་རྣམས་ཞིབ་མོར་གྱིས་ལ་ཐར་འདོད་སྐྱེས་བུ་མཆོག་འབྲིང་ཐ་མའི་སྣོད་བརྟགས་པའི་ཕྱིར་ལོ་ཟླ་ཆ་ཤས་ལ་ཕན་ཚུན་བླ་སློབ་ཀྱི་བརྟག་པ་སྔོན་དུ་བཏང་སྟེ། དཔེར་ན། ཡོལ་གོ་ཆེ་བ་ལ་བཅུད་ཕྱུར་བུར་གྱིས་གཏམས་པ། འབྲིང་ལ་ཁ་བཅད། ཐ་མ་ལ་དེ་ལྟར་གོ་སླ་བར་གྱིས་ལ། མཐོ་བ་བླ་དཔོན་ནས། དམའ་བ་སྤྲང་འཁྱར་ཡན་གྱི་ཆོས་འདོད་རེ་སྨོན་བཞིན་དུ་སྐོངས་ཤིག །སྨིན་ཁྲིད་ཀྱི་མན་ངག་རྣམས་ཇི་བཞིན་སྤེལ་ཅིག །སྟོན་ཅིག་གསུངས་ནས་ཁུ་ཚུར་ཞིག་སྤྱི་བོར་བརྡེབས། ཡང་བདག་ཉིད་ཁྱེད་རང་གི་རིགས་ཀྱི་ཅོད་པན་དུ་བཀུར་རམ་མི་བཀུར་གསུངས། བདག་གིས་ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ་བརྒྱུད་ལྡན་བླ་མ་ཡབ་སྲས་ཁྱེད་རྣམས་ལས་རེ་ལྟོས་གཞན་མ་མཆིས་པས་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་གྲུབ་མཆོག་དམ་པ་ཁྱེད་རང་མཁྱེན་ཞུས་པས། ཕྱག་རྡོ་རྗེ་ཁུ་ཚུར་སྐོར་བརྒྱངས་དང་བཅས་སྤྱི་བོར་བརྡབ་སྟེ། དུས་ནམ་དུ་ཡང་ཁོ་བོའི་བསླབ་སྟོན་རྣམས་དང་བླ་མ་མ་བརྗེད་དང་། ཚེ་རབས་ནས་རྗེས་སུ་འཛིན་ནོ་གསུངས། འདི་ནི་མཐར་ཐུག་དོན་གྱི་ཚེ་དབང་བསྐུར་བ་ཡིན་པས་རྗེས་སྡུད་རྒྱས་གདབ་བཅས་ལེགས་པར་ཐོབ། དེའི་སྐབས་དཔལ་མགོན་མ་ཧཱ་ཀ་ལའི་བསྲུང་གཏད་སྲོག་དབང་གནང་བའི་སྐབས། གྲུབ་དབང་ཉིད་ཀྱིས་སྐུ་ཐོག་ཚད་ཙམ་འཕར་ཏེ་སྐུ་མདོག་མཐིང་ནག་དང་། སྨིན་མ་གྱེན་དུ་འབར་ཞིང་། གཟིགས་སྟངས་དང་བཅས་ཁྲོ་བོ་འཆོལ་བ་གར་དགུའི་རྣམ་འགྱུར་ཅན་དཔལ་ལྡན་མགོན་པོ་ཚོགས་ཀྱི་བདག་པོའི་སྐུར་དངོས་སུ་བཞེངས་ཏེ། སྤྱན་ནམ་མཁར་ཧྲིག་ཧྲིག་མཛད་ཅིང་། ཞི་བར་བལྟས་ན་དགྱེས་ཆགས་ཀྱི་ཉམས། བརྗིད་པར་བལྟས་ན་ཟིལ་གནོན་གྱི་སྐུ། འཇིགས་པར་བལྟས་ན་དྲག་ཤུལ་རྡོ་རྗེ་སྲིན་པོ། གྲོང་ཁྱེར་སུམ་བརྩེགས་འཇིགས་པར་མཛད་པ། དུག་གསུམ་རང་གར་ཤོར་བའི་རཱུ་ཏྲའི་མཾ་ས་རཀྟ་དང་བཅས་ཞལ་དུ་གསོལ་བར་ཞལ་གྱིས་བཞེས་པའི་རྔམ་སྒྲ་དང་འཇིགས་པའི་ང་རོས། རང་ཉིད་འཁོད་པའི་གནས་འདི་ཉིད་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་སྒོམས་ཤིག་གསུངས། དེ་ནས་ཉིད་ཀྱི་ཕྱག་གཡས་གཡོན་རེས་མོས་ཀྱིས་སྡིགས་མཛུབ་དང་རྡོ་རྗེ་ཁུ་ཚུར་མཛད་ཅིང་། སྒེག་ཆགས་ཞི་ཁྲོའི་རྣམ་འགྱུར་ཅི་ཡང་མངོན་པ་སྐུའི་དབང་། གདོད་ནས་འཁོར་འདས་སོགས་བསྐང་བསྡུས་ཀྱི་ལུང་དང་ཤྲཱི་མ་ཧཱ་ཀ་ལའི་རྗེས་གནང་དང་བཅས་གསུང་གི་དབང་། པོ་ཏིའི་གཏད་རྒྱ་དང་བཅས་དཔལ་མགོན་མ་ཧཱ་ཀ་ལ་སྐུ་གསུང་ཐུགས་ཀྱི་མགོན་པོ། དཔལ་ལྡན་ལྷ་མོ་བཻ་ཏ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། དགྲ་ལྷ་བཅུ་གསུམ་སོགས་དཔལ་མགོན་བདུན་ཅུ། འཁོར་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་ཁྱེད་རང་རྣམས་ཀྱིས་སྒོ་གསུམ་དབྱེར་མེད་དུ་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པར་གྱུར་ཅིག་གསུངས་པ་ཐུགས་ཀྱི་དབང་། དེ་ནས་གཏོར་མ་གནས་གསུམ་དུ་གཏུག་ཅིང་། སངས་རྒྱས་བསྟན་སྲུང་བཅས་འཕྲིན་བཅོལ་དང་བསྒྲགས་པ་ཡོན་ཏན་གྱི་དབང་། དེ་ནས་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ཀྱིས་དེང་ནས་བརྩམས་ཏེ་ཆོས་སྲིད་ལེགས་ཚོགས་ཀྱི་བྱ་བ་གཞིས་བྱེས་ཀུན་དུ་གང་བརྩམས་པ་དང་། ཅི་བསམ་པ། ཇི་བཞེད་པ་ཐམས་ཅད་འགྲུབ་པར་འགྱུར་རོ་གསུངས་བཞིན་ཕྱག་ཐལ་ཚ་ལ་བེར་བ་ཞིག་སྤྱི་བོར་བརྡེབས་པ་ནི་ཕྲིན་ལས་ཀྱི་དབང་དང་། ད་ཁྱེད་ཉིད་སྐུ་གོང་མའི་དུས་ནས་འུ་ཅག་ཕན་ཚུན་ཆོས་ཀྱི་འབྲེལ་བ་ཟབ་ཅིང་སྨོན་ལམ་བཟང་པོའི་མཚམས་སྦྱོར་ལེགས་པའི་མཐུས་ཁྱེད་ལ་བདག་སྙིང་གཅིག་བུར་བསྟན་པ་ཡིན་གཤིས། གོང་འོག་གི་བསླབ་སྟོན་གྱི་རིམ་པ་དང་། བླ་མ་མགོན་པོ་དབྱེར་མེད་དུ་དུས་རྣམས་ཀུན་ཏུ་མ་བརྗེད་པར་གྱིས། གཞན་ལ་འདི་དང་འདི་འདྲ་སྔོན་ཆད་བསྟན་པའི་གནས་མེད་དེ་ཕྱིས་ཀྱང་མི་སྟོན་ནོ་ཡིད་ལ་ཟུངས་ཤིག་གསུངས་པས་དམ་ཚིག་གི་ཐ་ཚིག་དང་། གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ་སོགས་ཀྱིས་ངེད་དཔོན་སློབ་ཡོངས་ལ་བཀྲ་ཤིས་པའི་མེ་ཏོག་གཏོར་བ་དང་བཅས་མགོན་པོའི་དབང་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་ལགས། ཞར་བྱུང་དུ། གྲུབ་མཆོག་ཉིད་སྐུ་དྲང་བོར་བཞུགས་ཤིང་ཕྱག་མཉམ་བཞག་མཛད་དེ་རེ་ཞིག་དགོངས་པ་ལ་བཞུགས་ཏེ་སླར། ཁྱེད་ཀྱི་རྟེན་གསུམ་བཞེངས་པ་རྣམས་དང་སྲས་མཁར་བཅས་ལྷན་ཅིག་ཏུ་རབ་གནས་བཀྲ་ཤིས་འདོད་འཇོ་དངོས་སྟ་ཟུང་འབྲེལ་ཕུར་པ་བདུད་དཔུང་ཟིལ་གནོན་གྱི་སྒོ་ནས་སྐབས་སྐབས་སུ་སྒྲུབ་ན་ཕྱི་ནང་གསང་བའི་འགལ་རྐྱེན་ཕ་རོལ་བན་བོན་ལྟ་བུའི་བྱད་ཕུར་སོགས་ཅུང་ཟད་འཚེ་བ་རེ་ཡོད་ནའང་རང་བཞིན་གྱིས་བཟློག་པར་འགྱུར་རོ་གསུངས་བཞིན། བདག་གི་ཕུང་པོ་མགོ་མཇུག་ཀུན་དུ་ལྗགས་ཆབ་ལན་གཅིག་བཏབ་དུས། གསང་བདག་དྲང་སྲོང་དྲི་མེད་སྔགས་རྒོད་ལོཀྟྲི་ལོས་ཡིན་སྙམ་པའི་དག་སྣང་ཤར། ཡང་ཁྱེད་ཀྱིས་སྐབས་སྐབས་སུ་བསམ་ལྷུན་གྱི་ཆོ་ག་དང་གུ་རུ་ཡོན་ཏན་གཏེར་མཛོད་ཀྱི་བསྙེན་སྒྲུབ་རེ་དང་། ཉེར་མཁོ་རིགས་འདུས་ཚེ་བསྙེན་འབུམ། བསམ་ལྷུན་ཁྲི། དཔོན་སློབ་ཡོངས་ཀྱིས་སིདྡྷི་འབུམ་ཕྲག་བཅུ་གཉིས་རེ་ཐོན་གསུངས། དོགས་སེལ་དུ་མན་ངག་གནམ་ལྕགས་སྒྱོགས་རྡོ་རྒྱུན་བཟློག་ཐེབས་ན་མི་སྐྱོན་གསུངས། དཔོན་སྲས་དང་ཡུལ་དུས་ཀྱི་དགོས་མཚེར་ཞུས་པས། སྣང་སྲིད་ཞི་བ་དཀར་པོའི་སྦྱིན་སྲེག་རེ་གྲུབ་ན། སྲིད་ཞི་གཉིས་ཆར་གྱི་དོན་འགྲུབ་ཡོང་། ཡུལ་ལ་བཀྲ་ཤིས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པའི་དགོས་ཆོས་ཁྱེད་ལ་བབས་པ་ཡིན་པས་སྒྲུབ་ན་འགྲུབ་པ་ཡིན་ནོ་གསུངས། འབྱུང་བ་གཡོ་འཁྲུག་བསྟན་པའི་ཆག་ཆེ་འདྲ་བྱུང་དོགས་ན་རིམ་གྲོ་དེའི་ཡན་མེད་པས་ཁྱེད་ཀྱིས་བསྒྲུབས་ན་ཉེས་ཚོགས་ཀུན་ཀྱང་ཞི་བར་འགྱུར་རོ་གསུངས། ད་ཁྱེད་ཉིད་ལ་མཆོག་ཐུན་འདོད་པའི་དོན་གསོལ། སྒྲུབ་ལ་འཚེ་བའི་གེགས་སེལ། ཐོག་མཐའ་བར་དུ་དགེ་བའི་བསླབ་སྟོན། འདི་ཕྱི་གཉིས་ཆར་གྱི་རེ་འདོད་བསྒྲུབས་ཟིན་པ་ཡིན་པས་དེ་ལྟར་གྱིས། རིགས་རྒྱུད་སྙན་གྲགས་ཟང་ཟིང་གི་དངོས་པོ་འབྱོར་ཚོགས་མཐུན་རྐྱེན་སོགས་གྲོང་ཕལ་ལྟར་ཞུ་བ་ནི་ཧ་ཅང་ཐ་ཆད་པའི་གནས་ཡིན་མོད། དེ་དག་གི་འདོད་པ་རྣམས་རིམ་བཞིན་མ་འབད་རང་བཞིན་གྱིས་འབྱུང་བར་གདོན་མི་ཟའོ། །ཞེས་སོགས་གྲུབ་དབང་མཆོག་ལ་མཇལ་ཐེབས་གཅིག་གི་གནད་དོན་འདི་དག་ནི་བདག་གི་དངོས་པོའི་ཡོན་རྐྱེན་དང་གོ་སའི་གྲགས་སྐམ་སོགས་ལ་གཟིགས་ནས་གསུངས་པ་མ་ཡིན་མོད། འོན་ཀྱང་ཚེ་རབས་སྔོན་དང་འདི་ཀ་དུས་རིང་མོ་ནས་གསོལ་བ་ཤུགས་དྲག་བཏབ་པའི་དགེ་འབྲས་མངོན་ནོ། །རྗེས་འཇུག་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་འབྲས་ཀྱི་གསོལ་བ་དེ་ལྟར་བཏབ་ན་དེར་མཐུན་དུ་འགྲུབ་ངེས་པས། སྔོན་རྒྱ་གར་གྲུབ་ཆེན་དགའ་རབ་ཤྲཱི་སིང་། ཏེ་ལོ་ནཱ་རོ་ཞེས་རྣམ་ཐར་ཡིད་སྨོན་ཙམ་ལ་བློ་ཕྱོགས་མ་དགོས་མོད། འདི་ལྟར་དངོས་སུ་མྱོང་རྒྱུའི་སྐལ་བ་ཡོད་པས་དག་སྣང་དགོས་སོ་དག་སྣང་དགོས་སོ། །ཞལ་ཤེས་གཙོ་བོ་ནི་གྲོང་སྔགས་ཕལ་བ་ལྟར། ཟ་ཆོག་ཉི་ཚེ་ཙམ་དུ་ཁ་མ་འཁྱལ་བར། གུ་རུ་རིན་པོ་ཆེས། གོས་སུ་དཀར་དམར་ནག་པོ་སྔགས་ཆས་གྱིས། །གནས་སུ་སྒྲུབ་ཁང་ཟུངས་ལ་ཡོན་ཏན་སྤེལ། །གསུངས་པ་ལྟར། ཕྱོགས་ཀུན་ཏུ་འགྲོ་འདུག་མ་མང་བར་སྒྲུབ་ཁང་དུ་བཙན་ས་ཟུངས་ལ། སེམས་ཉིད་ཡེ་གྲོལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཡེང་མེད་སྒོམ་མེད་ཤར་གྲོལ་དུས་མཉམ་གྱི་ངང་དུ་སྐྱིད་སྡུག་རོ་བསྙོམ་ལ་སྣང་བ་ལ་དེར་འཛིན་གཏད་སོ་མེད་པའི་དགའ་ཡལ་ལེ། སྤྲོ་ཆིལ་ལེ། འདུ་ཤེས་གྲུང་བོས་མི་ལྟ་བར། རིག་པ་ཡེ་ཤེས་ཆེན་པོ་གསལ་ཧྲིག་གེ། འོག་འགྱུ་གྱ་གྱུ་འཁྲུལ་བའི་དབང་དུ་མི་གཏོང་བར་ཞེན་འཛིན་བྲལ་བའི་ངང་དེར་སྐྱིད་པོ་གྱིས་ལ། གུ་ཡངས་བློ་བདེ། རེ་མེད་དོགས་མེད་ཀྱི་ངང་དུ་གློད་ལ་སྡོད་ཅིག་གསུངས། ལོ་ཟླ་དུས་ཀྱི་བསྙེན་སྒྲུབ་ཀྱང་ཞོར་ལ་གྱིས་གསུངས། མཁན་ཆེན་ཞི་བ་འཚོའི་དྲུང་ནས་མདོ་རྒྱུད་མཛོད་རྩ་འགྲེལ་ཞུས་ལ། གཞན་སྤེལ་བྱུང་ན་གསར་རྙིང་ཀུན་ལ་ཕན་ཐོགས་ཆེ་ཞེས་གསུང་འཕྲིན་མཛད་འདུག་མོད། དེ་བཞིན་དུ་འགྲུབ་པའི་སྐྱབས་འཇུག་ཡང་ཡང་ཞུ་བ་ལགས།

47.2K