༄༅། །རེབ་ཀོང་ལུང་པའི་ལོ་རྒྱུས་ཕྲན་ཚེགས།

བདག་འདྲ་བཙུན་གཟུགས་མངྒའི་མིང་ཅན་གྱི། །སྐྱེས་པའི་ཕ་ཡུལ་རེབ་ཀོང་ལུང་པ་སྟེ། །སྔོན་དུས་རེབ་ཚས་བཟུང་དུས་རེབ་ལུང་ཟེར། །དེ་ནས་རྒྱ་ཡིས་བཟུང་དུས་རྒྱ་ཡུལ་ཟེར། །བར་དུ་རེབ་ཚ་ཡུལ་ཕྱོགས་གཞན་དུ་འཁྱར། །ས་ཆ་ལུང་པ་གཞན་དང་མ་འབྲེལ་བར། །ཡུལ་ཕྱོགས་ཁོལ་བུར་བྱུང་བས་ཀོང་བུ་སྟེ། །ད་ལྟར་རེབ་ཀོང་ལུང་པ་ཞེས་སུ་གྲགས། །ད་ནི་རེབ་ཀོང་དངོས་ཀྱི་ལོ་རྒྱུས་ལ། །སྔོན་གྱི་མི་རྣམས་ལྷ་ལ་ལྷ་གཏམ་སྐད། །སྔ་ཐོག་བསྐལ་པ་བཟང་པོའི་མི་དང་འདྲ། །བར་གྱི་མི་རྣམས་མི་ལ་མི་གཏམ་ཡིན། །ཆོས་སྐྱོང་རྒྱལ་པོའི་ཆོས་ཁྲིམས་དར་བ་འདྲ། །ད་ལྟའི་མི་རྣམས་འདྲེ་ལ་འདྲེ་གཏམ་རེད། །ཁྲེལ་མེད་མི་གཉིས་གཅིག་གིས་གཅིག་བསླུས་འདྲ། །སྔོན་དུས་བླ་མ་དཔོན་པོར་དགེ་སེམས་ཆེ། །རྒྱལ་སྲས་རྣམས་ཀྱི་འགྲོ་ལ་བདེ་བ་འདྲ། །བར་གྱི་བླ་མ་དཔོན་པོར་ཆོས་དད་ཆེ། །སོ་སོའི་སྐྱེ་བོའི་འཕགས་ལམ་སྙོག་པ་འདྲ། །ད་ལྟའི་བླ་མ་དཔོན་པོར་གཡོ་སྒྱུ་ཆེ། །ཁེ་བ་ནག་རིས་ཁེ་ལ་རྔམ་པ་འདྲ། །དེ་ཕྱིར་ད་ནི་སྙིགས་མའི་མཐའ་ལ་ཐུག །རེབ་ཀོང་སྒྲུབ་སྡེ་ཕལ་ཆེར་ཕྲག་དོག་ཆེ། །ལྷ་ཡི་དཔལ་ལ་ལྷ་མིན་འགྲན་པ་འདྲ། །བསེས་དང་རྒྱལ་པོའི་མི་རྣམས་གླེན་ཤས་ཆེ། །བྱེའུ་དང་བྱི་བ་གཉིས་ཀྱིས་དཔོན་འཚོལ་འདྲ། །རོང་བོའི་ནང་སོ་རྣམས་ནི་ངན་སྡིག་ཆེ། །ཁྲམ་པ་མི་ཟ་བྲམ་ཟེ་བསླུས་པ་འདྲ། །འཇམ་གླང་སྨད་པའི་མི་ནི་རྒྱ་ཞད་ཆེ། །རྒྱ་མི་ངོ་སྐྱ་དར་ལྕོག་རླུང་སྐྱོད་འདྲ། །ཡར་ནང་ཧོར་གྱི་མི་ནི་གླེན་ཞད་ཆེ། །མགོ་འཁོར་ལུག་གིས་རི་ཁྱིའི་རྗེས་འདེད་འདྲ། །མར་ནང་ཚོ་ལྔའི་ཕྱོགས་ན་འཁྲུག་རྩོད་ཆེ། །ལེགས་བྲིས་ཚོགས་ལ་ལྷ་མིན་གཡུལ་སྤྲོད་འདྲ། །ཤར་ཕྱོགས་ཁ་རྒྱ་རྒན་གྱ་བསེར་ཤས་ཆེ། །པྲེ་ཏ་པུ་རིའི་ཡུལ་ན་ཟས་འཚོལ་འདྲ། །བྱང་ཕྱོགས་ལ་མོའི་ངོས་ནི་ལམ་དགྲ་ཆེ། །རྒྱ་སྟག་དམར་པོ་ལམ་དུ་ཉལ་བ་འདྲ། །རེབ་ཀོང་སྟོད་སྨད་གང་ཡང་གདུག་རྩུབ་ཆེ། །གྲོང་རྒྱུ་ཐེའུ་རང་ལྷ་རུ་བསྟེན་པ་འདྲ། །མི་ནག་སྐྱེ་བོ་སུ་ཡང་བླུན་ཞད་ཆེ། །རྒྱོབ་ཅིག་བྱས་ན་ཕ་མགོ་ཡིན་ཡང་རུང་། །བླ་དཔོན་ལས་སྣ་གང་ཡང་མངོན་ལྐོག་ཆེ། །ཟོ་ཞིག་བྱས་ན་མ་ཤ་ཡིན་ཡང་ཟ། །བཙུན་གཟུགས་དྲེད་པོ་སུ་ཡང་ལོག་ལྟ་ཆེ། །རྒྱལ་བའི་བཀའ་ཡང་མོ་ལྷའི་གྲས་སུ་རྒྱག །དེ་ཕྱིར་ཁོ་བོ་ཕྱོགས་འདིར་ཅུང་ཟད་སྐྱོ། །འོན་ཏེ་སྔོན་གྱི་ལས་དབང་ཤུགས་ཆེ་བས། །སྐྱོ་བ་སྐྱེས་ཀྱང་ཡུལ་འདིར་སྡོད་དགོས་སྣང་། །ང་ལ་དད་པ་ཡོད་པའི་བན་བོན་དང་། །སྔགས་འཆང་ཨ་མཆོད་རྣམས་ནི་ཚེས་བཅུ་ཟུངས། །སྙིགས་མའི་དུས་འདིར་ཚེས་བཅུ་ཕན་ཡོན་ཆེ། །བསམ་པ་ལྷུན་འགྲུབ་མ་ཡི་གསོལ་འདེབས་ལས། །དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན། །ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན། །ཞེས་གསུངས་གཞན་ཡང་ཕན་ཡོན་མང་དུ་ཡོད། །ད་ནི་རྟགས་ཙམ་འཛིན་ལ་ཐུག་ནས་གདའ། །བཙུན་པའི་གཟུགས་བརྙན་སྡིག་སྤྱོད་མང་པོ་འདུག །དགེ་བཤེས་ཁུར་འཛིན་ཆགས་སྡང་ཅན་ཡང་མང་། །དེ་བཞིན་ཆུ་ཡི་རང་བཞིན་ཇེ་མང་རེད། །དེ་ཕྱིར་རང་གི་སེམས་ལ་བྱ་ར་གྱིས། །རང་སེམས་རང་གིས་རང་དབང་ཨེ་ཆོད་ལྟོས། །རང་དབང་ཆོད་ན་རང་མགོ་ཐོན་པར་འགྱུར། །རང་མགོ་ཐོན་ན་བུ་རབ་ཡིན་ནོ་སྐད། །བརྒྱ་སྡེའི་ཁ་ལ་ཉན་ན་རང་དོན་འཆོར། །རང་ཚུགས་ཟིན་པའི་སྐྱེ་བོ་དཀོན་མོར་གདའ། །རང་དོན་བྱེད་པ་འགའ་ཡིས་སེམས་ལ་ཟུངས། །ཀུན་རྫོབ་འཁྲུལ་བའི་རྗེས་སུ་འབྲང་བ་ཡི། །བཙུན་གཟུགས་བློ་མང་ང་ནི་ཚིག་ཕྱིར་འབྲངས། །བློ་ལྡན་ཤེས་རབ་ཅན་ཚོས་དཔྱད་པར་མཛོད། །ཅེས་པ་འདི་ཡང་རང་སྐྱོན་མ་རིག་གཞན་སྐྱོན་རྟོག་པའི་སེར་གཟུགས་བན་མིན་བོན་མིན་གྱིས་སྨེ་ཕྲེང་དང་པོ་རྒྱུ་དུས་རབ་བྱུང་བཅུ་གཉིས་པའི་མཇུག་གི་ཆུ་ཁྱིའི་ལོ་ལ་བྲིས་པའོ། །

47.2K