༄༅། །རྣམ་ཐར་གསོལ་འདེབས་དག་སྣང་རོལ་བའི་རྒྱན་ཞེས་བྱ་བ་བཞུགས།

རྗེ་བཙུན་གཞོམ་བྲལ་རྡོ་རྗེའི་ཞབས།
རྗེ་བཙུན་གཞོམ་བྲལ་རྡོ་རྗེའི་ཞབས།

ༀ་ཨཱཿཧཱུྃ། མ་ཧཱ་གུ་རུ་ཧ་ས་བཛྲ་ཡེཿ གདོད་ནས་སེམས་ཉིད་བདེ་གཤེགས་སྙིང་པོའི་ཁམས། །འཁོར་འདས་བྱེད་པོ་བྱང་ཆུབ་སེམས་ཀྱི་ངོས། །ཀུན་ཁྱབ་ཐུགས་རྗེའི་རྣམ་རོལ་ཡོངས་ཤར་བའི། །སྐུ་གསུམ་སྟོན་པ་རྒྱ་མཚོར་གསོལ་བ་འདེབས། །སྲིད་ཞི་མཉམ་པ་ཉིད་ཀྱི་ངང་གདེང་ལས། །གདུལ་བྱའི་སྣང་ངོར་དག་དང་མ་དག་གི། །སྒྱུ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན་མཛད་པའི། །རྡོ་རྗེ་དེ་བཞིན་གཤེགས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡེ་ཤེས་འཁོར་ལོར་ཡོངས་སྡོམ་པ། །དཀྱིལ་འཁོར་རྒྱ་མཚོའི་སྤྲུལ་གཞི་བླ་ན་མེད། །ཧེ་རུ་ཀ་དཔལ་ཕྱག་རྒྱའི་རིག་འཛིན་ཆེ། །རྗེ་བཙུན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །གང་གི་ཐུགས་བསྐྱེད་ཐུགས་རྗེ་འོད་ཟེར་ལས། །བྱེ་བ་ཕྲག་བརྒྱའི་སྤྲུལ་བ་བར་མེད་འགྱེད། །ཁམས་གསུམ་རིགས་དྲུག་གནས་རྣམས་མ་ལུས་པ། །ཡོངས་སྒྲོལ་དོང་སྤྲུགས་མཛད་ལ་གསོལ་བ་འདེབས། །བྱང་ལྗོངས་མདོ་སྨད་འདུལ་བའི་དུས་བབ་ཚེ། །མངོན་དགའི་ཞིང་ནས་བཅོམ་ལྡན་མི་བསྐྱོད་པའི། །ཐུགས་གསང་ཆོས་དབྱིངས་ངང་ལས་སྤྲོས་པ་ཡི། །འཛིན་བྲལ་སྤྲུལ་བའི་རྡོ་རྗེར་གསོལ་བ་འདེབས། །གདུལ་དཀའི་འགྲོ་བ་མང་པོ་ཐབས་ཀྱིས་བཏུལ། །འགྲོ་བའི་མཆོད་སྡོང་སྲས་མཁར་གཉིས་པ་བཞེངས། །མཐོང་ཐོས་དྲན་རེག་ཐར་བའི་བདེ་ལ་བཀོད། །ངོ་མཚར་གྲུབ་རྟགས་བཀོད་ལ་གསོལ་བ་འདེབས། །མ་འོངས་སྒྲོན་བསྐལ་གསུམ་འབྱུང་ལུང་བསྟན་བཞིན། །ཏིང་འཛིན་གསུམ་ལས་མཆེད་པའི་རྣམ་འབྱོར་བདག །སྣང་ཆའི་རྟེན་འབྱུང་ཆོ་རིགས་གཙང་མ་ལས། །སྒྱུ་མའི་སྐྱེ་སྲིད་བཟུང་ལ་གསོལ་བ་འདེབས། །ཟླ་ཞག་དགུ་ནས་སྒྲ་འོད་ས་གཡོས་དང་། །ཡ་མཚན་ལྟས་བཟང་དང་བཅས་མངལ་རྒྱ་གྲོལ། །བདུན་ཕྲག་ལྔ་རུ་གཟུགས་སྐུའི་བཀོད་པ་ནི། །ཞི་དྲག་དུ་མར་སྣང་ལ་གསོལ་བ་འདེབས། །ཆུང་ངུའི་དུས་ནས་མ་མ་བཟང་མོ་ཡིས། །དགོན་དང་དགོན་གནས་བྱིན་ཆེན་མང་པོ་ལ། །སྐོར་ཕྱག་ཚད་དུ་འཁྱོལ་བས་ཚེ་སྲོག་བླུས། །ཚེ་བརྟན་རྒྱལ་མཚན་བཏགས་ལ་གསོལ་བ་འདེབས། །ཟླ་ངོ་བརྒྱད་ན་ཚོགས་གསུམ་ཐེག་གླིང་ཕྱིན། །ཁ་སར་པཱ་ཎིའི་རྟེན་མཆོག་རང་བྱོན་དྲུང་། །མཆོད་འབུལ་ཕྱག་སྐོར་བྱེད་བཞིན་སྐྱེད་བསྲིང་སྟེ། །མཆོག་གསུམ་སྐྱབས་འོག་བཙུད་ལ་གསོལ་བ་འདེབས། །ཅུང་ཟད་ནར་སོན་དངོས་ཉམས་རྨི་ལམ་དུ། །སྟོན་མཆོག་ཤཱཀྱའི་དབང་པོ་དགྲ་བཅོམ་འཁོར། །སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་ཡི། ། ཞལ་གཟིགས་ལུང་བསྟན་ཐོབ་ལ་གསོལ་བ་འདེབས། །རྐྱེན་སྣང་བར་ཆད་བགེགས་ལས་གྲོལ་བ་དང་། །སྔོན་སྦྱངས་རྣམ་དཀར་དགེ་བའི་བག་ཆགས་སད། །ལྟས་བཟང་ལེགས་པའི་རོལ་རྩེད་སྣ་ཚོགས་མཛད། །ཡ་མཚན་ཁྱེའུ་ཆུང་བཏགས་ལ་གསོལ་བ་འདེབས། །ངག་ཚིག་ཁྲོལ་བའི་ཐོག་མར་འཇམ་དབྱངས་ཀྱི། །རྩ་སྔགས་བཟླ་བཞིན་ལྷ་སྐུ་དུ་མ་ཡི། །མཚན་བཏགས་ངོ་སྤྲད་གཞན་མིའི་སྣང་བ་བསྒྱུར། །རིག་བཟང་བློ་གསལ་གྲགས་ལ་གསོལ་བ་འདེབས། །བགྲང་བྱ་དྲུག་ནས་མཁྱེན་གཟིགས་དམ་པ་དང་། །ཡོངས་འཛིན་མཆོག་ནས་ཀློག་སློབ་བརྡའ་སྤྲོད་མཛད། །བསྟན་པའི་སྒོར་བཅུག་རབ་བྱུང་ངུར་སྨྲིག་འཆང་། །འཇིགས་མེད་འཕྲིན་ལས་ལྷུན་གྲུབ་ལ་གསོལ་བ་འདེབས། །ཟླ་བ་ཡས་མས་ཚེས་བཅུའི་དུས་མཆོད་སྐབས། །སྒྲུབ་པ་རྣལ་འབྱོར་ཕོ་མོའི་གྲལ་མཇུག་བསྙེགས། །ཚོགས་ཀྱིས་འདུ་བའི་དགའ་སྟོན་རོལ་བའི་མོད། །སྤྲོ་དགའི་སྣང་བ་རྒྱས་ལ་གསོལ་བ་འདེབས། །དུར་ཁྲོད་དག་ན་རྣལ་འབྱོར་མ་ཚོགས་ཀྱིས། །རྟོག་མེད་རོ་ལ་བམ་གྱི་ཚོགས་འཁོར་བྱས། །དམ་རྫས་འགྱེད་དུས་འཕུར་འགྲོའི་གླིང་ཕྱིན་སྙམ། །བདེ་བའི་དངོས་གྲུབ་ཐོབ་དེར་གསོལ་བ་འདེབས། །གུ་རུ་ཡབ་ཡུམ་ལོ་ཆེན་བཻ་རོ་སོགས། །རྒྱ་བོད་པཎ་གྲུབ་དུ་མའི་ཞལ་གཟིགས་ཤིང་། །རྗེས་བཟུང་བྱིན་བརླབས་ལུང་བསྟན་ཡང་ཡང་གནང་། །ཡེ་ཤེས་དབང་སྐུར་མནོས་ལ་གསོལ་བ་འདེབས། །ཁྱད་པར་རྒྱལ་ཀུན་འདུས་ཞལ་འཁོར་ལོའི་མགོན། །གཏེར་ཆེན་བདུད་འཇོམས་རྡོ་རྗེ་ཡབ་སྲས་ནས། །ངེས་གསང་རྡོ་རྗེ་སྙིང་པོའི་སྨིན་གྲོལ་གྱི། །གདམས་པས་རྗེས་སུ་བཟུང་ལ་གསོལ་བ་འདེབས། །རིགས་ཀྱི་བུ་ཞེས་གསུང་གི་གསང་བ་ཡིས། །སྔོན་འདས་པ་དང་བྱུང་དང་འབྱུང་འགྱུར་གྱི། །ལུང་བསྟན་ཞལ་བཀོད་བརྩེ་བའི་དབུགས་འབྱིན་ཐོབ། །གསང་སྔགས་སྐལ་བར་ལྡན་ལ་གསོལ་བ་འདེབས། །སྐབས་དེར་གུར་མགོན་ཞལ་དང་ཕྱག་དྲུག་མགོན། །ཀྵེ་ཊ་པཱ་ལ་རྨ་རྒྱལ་སྦོམ་ར་དང་། །གངས་བཟང་ལ་སོགས་ཡེ་ཤེས་ལས་གྲུབ་ཀྱིས། །དགྱེས་ཞལ་མངོན་དུ་བསྟན་ལ་གསོལ་བ་འདེབས། །འཕགས་བོད་གྲུབ་ཐོབ་ཕོ་མོའི་རྣམ་ཐར་ཐོས། །དད་པས་ཡིད་འཕྲོག་སྔོན་གོམས་བག་ཆགས་སད། །རྒྱན་གོས་གསར་བ་བཀྲོལ་ནས་ཕུ་བོར་མཆོད། །རྣམ་གྲོལ་མཛད་བཟང་བསྟན་ལ་གསོལ་བ་འདེབས། །མར་པ་ལོ་ཙཱའི་ཐུགས་སྤྲུལ་བྱ་བྲལ་བ། །འཇིགས་མེད་འཕྲིན་ལས་འོད་ཟེར་དཔལ་འབར་གྱིས། །ཟབ་མོའི་ཆོས་དང་བྱང་གྲོལ་སྡོམ་པ་བསྩལ། །གཞན་ཕན་འཕྲིན་ལས་བཏགས་ལ་གསོལ་བ་འདེབས། །སྒོ་གསུམ་ལྟོས་པ་མེད་པས་བླ་མར་ཕུལ། །སྤྲོས་མེད་བྱ་རྩོལ་བྲལ་བའི་ཆོས་ཞུས་པས། །བཀའ་བཀྱོན་བརྡུང་བརྡེག་ཚུལ་གྱིས་ཚར་བཅད་ཅིང་། །བཀའ་བཞིན་ཞབས་ཏོག་ཕུལ་ལ་གསོལ་བ་འདེབས། །སྙན་བརྒྱུད་ཟབ་མོའི་གདམས་པ་དཀོན་ཚུལ་དང་། །མ་འོངས་པ་ན་དེ་བཞིན་འབྱུང་ལུང་བསྟན། །སྐྱེ་དང་ཚེ་རབས་ཀུན་ཏུ་སྙིང་ཐིག་གི། །ཆོས་སྐལ་ལས་འཕྲོ་ལྡན་དེར་གསོལ་བ་འདེབས། །ནམ་ཡང་ཐེག་མཆོག་འདི་དང་མི་འབྲལ་གྱི། །དམ་བཅས་མནའ་བསྒགས་ཆོས་སྐྱོང་དཔང་དུ་བཙུགས། །ཞལ་གདམས་དམར་བ་སྙིང་གི་གའུར་བསྟིམ། །འདའ་ཀའི་དམ་ཚིག་མནོས་ལ་གསོལ་བ་འདེབས། །ཐུགས་ཀྱིས་རྗེས་བཟུང་སྒོ་གསུམ་དགེ་ལ་བཀོད། །ཐུན་མོང་རྒྱུ་འབྲས་ཆོས་ཀྱི་བསླབ་བྱ་བསྩལ། །བྱམས་དང་སྙིང་རྗེས་ཆོས་ལ་ནན་ཏན་སྦྱངས། །དམ་པའི་རྗེས་སུ་ཞུགས་ལ་གསོལ་བ་འདེབས།   །ཀུན་སྤངས་ཆོས་བཞིན་སྤྱོད་ལ་ཡིད་ཕྱོགས་ཏེ།  །རྩེད་མོའི་ཡོ་བྱད་དག་གིས་མཆོད་སྦྱིན་བྱས། །ཞི་བ་བསམ་གཏན་བསྒོམས་པའི་ལ་བཟླས་ཏེ། །སེམས་ཉིད་ཁོང་གྲོལ་བསྐྱངས་ལ་གསོལ་བ་འདེབས། །སྔོན་བསགས་ལས་རྐྱེན་ལྡོག་ཏུ་མ་བཏུབ་པས། །ར་ཏི་དྷརྨ་དྭི་བའི་ཆོས་གྲྭ་ཆེར། །ལུང་རིགས་མགྲིན་རྔ་ལྡིར་བའི་མཁས་མང་གི། །འདུས་ཚོགས་གྲལ་མཇུག་བསྙེགས་དེར་གསོལ་བ་འདེབས། །བཤེས་གཉེན་མཁས་གྲུབ་ཆོས་ཀྱི་འབྱུང་གནས་ཀྱིས། །བྱང་ཆུབ་ལམ་རིམ་ཆོས་སྤྱོད་རྒྱན་འཇུག་བསླབས། །ཞར་བྱུང་བསྡུས་གྲྭ་བློ་རྟགས་གཤར་སྦྱངས་བྱས། །བློ་བཟང་འཕྲིན་ལས་བཏགས་ལ་གསོལ་བ་འདེབས། །དགེ་སློང་ཚུལ་ཁྲིམས་ཞེས་པ་གནས་པོ་བྱས། །དབྱར་དུས་གྲོང་བའི་ཁོལ་བོ་ཕྱུགས་རྫི་དང་། །དུས་རྒྱུན་གྲྭ་ཚང་འགྲིག་ལམ་མ་ཆག་ཙམ། །སྐྱིད་སྡུག་ཉམས་སུ་མྱོང་ལ་གསོལ་བ་འདེབས། །ཟུར་ཟ་མཚང་འབྲུ་བརྡེག་འཚོག་དུ་མས་མནར། །ཟས་ལྷག་གོས་ཧྲུལ་མལ་གྱི་མཐའ་མ་བསྟེན། །རང་དབང་དང་བྲལ་སྒོ་ཁྱི་ལྟ་བུའི་སེམས། །བྲན་ཕོ་ཐལ་མདོག་དེ་ལ་གསོལ་བ་འདེབས། །འཁོར་བའི་ཆོས་ཉིད་ལས་འབྲས་རང་མཚང་རིག །རྐྱེན་སྣང་གྲོགས་ཤར་བཟོད་པའི་གོ་ཆ་བགོས། །རིག་པ་ཧུར་བྱུང་བདག་མེད་མཚོན་ཐོགས་ཏེ། །བདག་འཛིན་གཡུལ་ངོར་ཕམ་དེར་གསོལ་བ་འདེབས། །ནར་སོན་ཚེ་ན་བཤད་སྒྲུབ་གང་རུང་གིས།  །བསྟན་འགྲོར་ཕན་པའི་ལག་རྗེས་འོང་སྙམ་ཞིག  །བསྟན་སྲུང་གུར་གྱི་མགོན་པོ་དཔང་བཟུང་སྟེ། །དམ་བཅའི་རི་མོ་བཀོད་ལ་གསོལ་བ་འདེབས། །དེའི་ཚེ་རྨི་ལམ་སྣང་ངོར་གུར་ཞལ་གྱིས། །བུ་ཁྱོད་ཆོས་མཐུན་འདོད་པའི་དོན་རྣམས་ཀུན།   །ད་ལྟར་འགྲུབ་ཡོད་གསུངས་པའི་བརྡ་སྤྲོད་གནང་།  །སྲུང་མས་རྗེས་སུ་བཟུང་ལ་གསོལ་བ་འདེབས། །བཅོ་ལྔའི་ལོ་ལ་མཁྱེན་གཟིགས་མཆོག་རྣམས་ཀྱིས། །མི་ལ་གཉིས་པའི་མཚན་གྱི་ཅོད་པན་དཔྱངས། །མཐོང་གྲོལ་སྲས་མཁར་བདག་པོར་མངའ་གསོལ་བའི། །རྡོ་རྗེ་རྒྱལ་མཚན་མཆོག་དེར་གསོལ་བ་འདེབས། །མཁའ་སྤྱོད་གཉིས་པ་ས་སྤྱོད་ཌཱཀྐིའི་ཞིང་། །མཚོ་རྒྱལ་གསང་ཕུག་དཔལ་གྱི་རི་བོའི་སྤོར། །ཐེག་ཆེན་འཕེལ་རྒྱས་གླིང་གི་སྒྲུབ་གྲལ་ཕྱིན། །ཆོས་སྐལ་རྟེན་འབྲེལ་འགྲིགས་ལ་གསོལ་བ་འདེབས། །སླར་ཡང་གུ་རུ་པདྨའི་ཞལ་སྐྱིན་མཆོག །རིག་འཛིན་ཡོངས་འདུས་བླ་མའི་དངོས་ཞལ་མཇལ། །ནཱ་རོའི་གསང་སྐོར་མི་ལའི་ཆོས་དྲུག་གིས།  །ཐོག་མར་རྒྱུད་སྨིན་མཛད་ལ་གསོལ་བ་འདེབས།  །ཁྱད་པར་འོད་གསལ་ཀློང་ཆེན་སྙིང་ཐིག་གི། །ཐུན་མོང་ཐུན་མིན་རིམ་གཉིས་ཟུང་འཇུག་གི། །དབང་ཁྲིད་གདམས་ཟབ་མ་ལུས་ཆིག་རྫོགས་ཚུལ། །སྙན་བརྒྱུད་རྫོགས་པར་གནང་ལ་གསོལ་བ་འདེབས། །ཞི་ཆགས་ཁྲོ་བོའི་གར་གྱི་རྣམ་རོལ་ངོམ། །ཟབ་གསང་གསུང་གིས་ཚར་གཅོད་རྗེས་འཛིན་མཛད། །འགྱུར་མེད་ཐུགས་ཀྱི་དགོངས་པ་བདག་ལ་གཏད། །གསང་སྔགས་རང་སྐལ་ཐོབ་ལ་གསོལ་བ་འདེབས། །སྔ་འགྱུར་བཀའ་གཏེར་དག་སྣང་ཟབ་ཏིག་སོགས། །རྒྱུད་ལུང་མན་ངག་ཟབ་རྒྱས་གདམས་པའི་མཛོད། །ལོ་བདུན་བར་དུ་བརྩེ་བས་དགྱེས་བཞིན་གནང་། །ཆོས་བཀའ་དཔག་མེད་ཐོབ་ལ་གསོལ་བ་འདེབས། །གང་གི་ཐུགས་བཅུད་ཟབ་མོ་དགོངས་པའི་གཏེར། །སྔོན་མེད་ཆོས་ཉིད་རིག་པའི་ཀློང་སྒྲོམ་བཅས། །གདམས་པ་ལྷག་མེད་བུམ་པ་གང་བྱོའི་ཚུལ། ། དོན་རྒྱུད་ཕ་ཕོག་ཐོབ་ལ་གསོལ་བ་འདེབས། །སྤྲོས་བཅས་མ་ཧཱ་ཡོ་གའི་མངོན་ཞེན་སྦྱངས། །བརྟན་གཡོ་སྣང་སྲིད་དག་པ་རབ་འབྱམས་སུ། །ཡོངས་ཤར་བསྐྱེད་རིམ་མ་སྒོམ་ལྷུན་གྲུབ་ངང་། །གང་སྣང་ལྷ་སྐུར་ཤར་ལ་གསོལ་བ་འདེབས། །ཨ་ནུའི་གསང་ལམ་སྲོག་རྩོལ་གནད་གཅུན་ཏེ། །ཟླ་བ་དྲུག་ཏུ་རྩལ་སྦྱངས་གདམས་ངག་གིས། །ཞུན་མཐར་བཅད་ཅིང་ལམ་རྟགས་དྲོད་ཚད་བརྙེས། །བླ་མར་དག་སྣང་འབྱོངས་ལ་གསོལ་བ་འདེབས། །ཨ་ཏིའི་དགོངས་སྲོག་སེམས་ཀློང་མན་ངག་སྡེ། །རང་རིག་སྐུ་གསུམ་ཡེ་ཤེས་སྦུབས་འཇུག་ཚུལ། ། གསང་མཆོག་རྒྱལ་པོ་འདའ་ཀའི་གདམས་ཟབ་མནོས། །ཀུན་བཟང་རང་ཞལ་མཇལ་ལ་གསོལ་བ་འདེབས། །གསང་བ་འོད་གསལ་སྣང་བཞིའི་ལམ་སྟེགས་བརྒལ། །གེགས་དང་གོལ་ས་བཅད་ནས་ཉམས་རྟོགས་ཕུལ། །བླ་མ་ཡབ་ཡུམ་སྲས་བཅས་ཐུགས་མཉེས་པའི། །སྒྲུབ་པའི་མཎྜལ་ཕུལ་ལ་གསོལ་བ་འདེབས། །སྒོ་གསུམ་གཡོ་ཟོལ་ངལ་དུབ་ཀུན་སྤངས་ཏེ།  །བཀུར་བསྟིས་མཆོད་པའི་ཞབས་ཏོག་ཚུལ་བཞིན་བགྱིས།  །བཀའ་གཏད་རྗེས་འཛིན་སྨོན་ལམ་ཡང་དག་གནང་། །བརྩེ་བའི་ཐུགས་རྗེས་བཟུང་ལ་གསོལ་བ་འདེབས། །བཀའ་བཞིན་སྒྲུབ་གནས་རྫོང་ཕྲན་དུ་མ་ནས། །བླ་མའི་སྒྲུབ་པ་ཕྱི་ནང་ཡང་གསང་དང་།   །ཐུགས་སྒྲུབ་ཞི་དྲག་ཌཱཀྐིའི་ཆོས་སྲུང་བཅས།.   །བསྙེན་སྒྲུབ་དུ་མར་འཁྱོལ་ལ་གསོལ་བ་འདེབས། །གུ་རུ་པདྨས་རྗེས་བཟུང་ཡང་ཟབ་སྐོར། །སྔར་མེད་ཆོས་སྐལ་དག་སྣང་གསང་མཛོད་རྙེད། །ཕྱོགས་མེད་ལས་ལྡན་འགྲོ་བ་ཆོས་ཀྱིས་བསྐྱངས།  །གཞོམ་བྲལ་རོལ་བའི་རྡོ་རྗེར་གསོལ་བ་འདེབས།   །གྲུབ་དབང་བདེ་ཆེན་ནམ་མཁའི་རྡོ་རྗེ་ཡིས། །ཀློང་ཆེན་ཐུགས་མཛོད་ཟབ་དགུ་ཐ་དག་གི། །བཀའ་རྒྱ་ལུང་རྫོགས་གཏད་རྒྱ་ཡོངས་རྫོགས་གནང་། །སྙིང་ཐིག་བསྟན་སྲིད་གཉེར་ལ་གསོལ་བ་འདེབས། །མཁན་ཆེན་ཞི་འཚོའི་སྤྱན་སྔར་མདོ་རྒྱུད་ཀྱི། །གསང་མཛོད་མན་ངག་ཐུགས་བཅུད་རྫོགས་པར་མནོས། །བརྩེ་བའི་བཀའ་ལུང་ཞལ་གདམས་ཉིང་ཁུ་བསྩལ། །ཆོས་བདག་དབང་བསྐུར་མཛད་ལ་གསོལ་བ་འདེབས། །བཀའ་གདམས་གསར་རྙིང་བཀའ་ཕྱག་རིས་མེད་ཀྱི། ། བསྟན་འཛིན་དམ་པ་དུ་མའི་ཞལ་སྔ་ནས།  །དབང་ཁྲིད་བཀའ་ལུང་རྗེས་གནང་བྱིན་རླབས་སོགས།  །གསུང་ཟབ་བདུད་རྩི་ཐོབ་ལ་གསོལ་བ་འདེབས། །སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ་ཊི་མ། །ཚེ་རིང་མཆེད་ལྔ་དུར་ཁྲོད་ལྷ་མོ་དང་། །ཙིའུ་དམར་པོ་སོགས་ཀྱིས་བུ་བཞིན་བསྐྱངས། །གང་བསམ་འཕྲིན་ལས་གྲུབ་ལ་གསོལ་བ་འདེབས། །རྩ་གསུམ་ལྷ་དང་བླ་མའི་ལུང་བསྟན་བཞིན། །བཀྲ་ཤིས་ཆོས་སྒང་ཨོ་རྒྱན་བསམ་གླིང་གི། །རྟེན་གསུམ་བཞེངས་དང་སྒྲུབ་པའི་སྡེ་གྲྭ་བཙུགས། །བསྟན་པའི་རྒྱལ་མཚན་འཛིན་དེར་གསོལ་བ་འདེབས། །ཕྱི་ལྟར་བྱང་སེམས་སྔགས་ཀྱི་ཆ་ལུགས་འཆང་། །ནང་ལྟར་ཡོ་ག་གསུམ་གྱི་སྡེ་སྣོད་འཛིན། །གསང་བ་ཀློང་ཆེན་དགོངས་པའི་ཐུགས་མཛོད་བདག །རིག་འཛིན་འགྱུར་མེད་རྡོ་རྗེར་གསོལ་བ་འདེབས། །ཀུན་གཟིགས་གྲུབ་པའི་དབང་པོའི་བཀའ་ལུང་བཞིན། །མདོ་སྨད་གནས་ཆེན་ཉེར་ལྔའི་སྤྱི་ཕུད་མཆོག །རྨ་ཀླུང་རི་བོ་ཏན་ཏིག་ཅེས་བྱ་བའི། །གནས་དེར་སྒྲུབ་པ་ཕྱིན་ལ་གསོལ་བ་འདེབས། །ཚེ་འདི་ཙམ་དུ་མ་ཡིན་གཏན་བདེའི་ཕྱིར། ། བྱང་ཆུབ་མཆོག་གི་གོ་འཕང་དོན་གཉེར་བློས། །ཀློང་གྲོལ་ཐུགས་ཀྱི་ཐིག་ལེའི་གསང་སྐོར་སོགས། །ཉམས་ལེན་ཚུལ་བཞིན་མཛད་ལ་གསོལ་བ་འདེབས། །ཆོས་བརྒྱད་བསམ་པས་མ་བསླད་ངེས་འབྱུང་གིས། །རང་གཞན་ཆོས་ལ་བསྐུལ་ཏེ་ཐུན་མོང་དང་། །ཐུན་མིན་རིམ་གཉིས་དག་རྫོགས་སྨིན་གསུམ་གྱིས། །སྐལ་ལྡན་རྗེས་སུ་བཟུང་ལ་གསོལ་བ་འདེབས། །རིག་འཛིན་དཔའ་བོ་མཁའ་འགྲོའི་བརྡས་བསྐུལ་བཞིན། །རྗེ་བཙུན་མི་ལའི་རྣམ་ཐར་ལུང་ཟིན་ལྟར། །རྟེན་འབྱུང་གཉིས་པ་ཆུ་བཟང་དཔལ་གྱི་རིར། །སྒྲུབ་པའི་སྡེ་གྲྭ་བཙུགས་ལ་གསོལ་བ་འདེབས། །སྐྱབས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡི། །སྤྱན་སྔར་ལམ་རིམ་བསྡུས་པའི་ཞལ་ལུང་དང་། །ཤར་བསྒོམ་བྱེད་ཚུལ་སོགས་ཀྱི་ཆོས་འབྲེལ་ཞུས། །བརྩེ་བས་རྗེས་སུ་བཟུང་དེར་གསོལ་བ་འདེབས། །གང་གི་བྱིན་མཐུས་འཇམ་མགོན་སྨྲ་སེང་དང་། །རྒྱན་དྲུག་མཆོག་ཟུང་བཅས་པའི་རོལ་གར་མཁན། །བྱང་ལྗོངས་འདི་ན་འགྲོ་བའི་དཔུང་གཉེན་དུ། །བཞུགས་པའི་དག་སྣང་འབྱོངས་ལ་གསོལ་བ་འདེབས། །སྨྲ་བསམ་བརྗོད་དུ་མེད་པའི་ངོ་བོ་ཉིད། །ཟབ་ཞི་སྤྲོས་པ་ཀུན་ལས་འདས་པའི་དོན། །རྟག་ཆད་འགྲོ་འོང་བྲལ་བའི་ངང་ལ་བཞག །ཨ་ཝ་དྷུ་ཏི་པ་ལ་གསོལ་བ་འདེབས། །ཨ་མ་ན་སིའི་སྒྲ་ལས་དྲངས་པ་ཡི། ། གང་ཡང་ཡིད་ལ་མི་བྱེད་རྩེ་གཅིག་ལམ།  །པཎ་ཆེན་ནཱ་རོའི་བཀའ་སྲོལ་ཆོས་དྲུག་དང་།  །ཕྱག་ཆེན་རྣལ་འབྱོར་མཆོག་དེར་གསོལ་བ་འདེབས། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་མཆོག །རིག་འཛིན་བརྒྱུད་པའི་ཞལ་ལུང་ཇི་ལྟ་བུར། །གཞི་ལམ་འབྲས་བུའི་ལམ་བཟང་མ་ནོར་བར། །ཁོང་ཆུད་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །སྐབས་དེར་གུ་རུ་ཡོན་ཏན་གཏེར་མཛོད་དང་། །འཇམ་དཔལ་ཁྲོས་པ་ནཱ་ག་ཀླུ་འདུལ་དང་། །འཆི་མེད་འཕགས་མའི་སྙིང་ཐིག་བསྐྱེད་རྫོགས་བཅས། །ཐུགས་དམ་ཉམས་བཞེས་མཛད་ལ་གསོལ་བ་འདེབས། །སྒྲུབ་པ་གནད་དུ་སོང་བའི་རྟེན་འབྲེལ་མཐུས། །གུ་རུ་མཚན་མཆོག་བརྒྱད་དང་གཡུང་སྟོན་པ། །གུ་རུ་རྣོན་རྩེ་བོན་གྱི་རྩ་གསུམ་ལྷ། །སྲུང་མར་བཅས་པའི་ཞལ་བསྟན་དེར་གསོལ་བ་འདེབས། །ཁྱད་པར་གཡུ་ལོ་བཀོད་པའི་ཞིང་སྣང་དང་། །འཇིགས་པ་ཀུན་ལས་སྐྱོབ་པའི་ཚུལ་སོགས་མཇལ། །མ་དག་ལས་སྣང་འཁྲུལ་ཤེས་རྣམ་པར་དག །སྣང་སྲིད་བླ་མར་ཤར་ལ་གསོལ་བ་འདེབས། །སླར་ནས་ཀློང་ཆེན་གསང་མཛོད་སྙིང་ཐིག་གི། ། བརྒྱུད་པ་ཆུ་མགོ་གངས་ལ་ཐུག་པ་ཡི། །རྡོ་གྲུབ་མཆོག་སྤྲུལ་དམ་པའི་ཞལ་སྔ་ནས། །སྨིན་དབང་ཡོངས་རྫོགས་མནོས་ལ་གསོལ་བ་འདེབས། །པདྨས་ལུང་ཟིན་མདོ་སྨད་སའི་ཐིག་ལེར། །རེབ་ཀོང་གྲུབ་པ་ཐོབ་པའི་གནས་བརྒྱད་ཅེས། །དཔལ་ཆེན་བཀའ་དགུའི་དཀྱིལ་འཁོར་རང་ཤར་ཚུལ། །ས་སྤྱོད་ཞིང་གི་བཀོད་པར་གསོལ་བ་འདེབས། །དབུས་རི་ཆེ་མཆོག་འདུས་པ་རྩ་བའི་གནས། །བདུད་འདུལ་བདེ་བ་ཆེན་པོའི་གྷན་དྷོ་ལར། །ཀློང་ཆེན་རིག་འཛིན་འདུས་པའི་མཁན་པོ་རུ། །མངའ་གསོལ་རྡོ་རྗེ་རྒྱལ་པོར་གསོལ་བ་འདེབས། །བོད་ཁམས་བསྟན་འགྲོ་སྤྱི་ཡི་བདེ་ཐབས་དང་། །སྔ་འགྱུར་གསང་ཆེན་བསྟན་པའི་ཞབས་རིམ་དུ། །ཕུར་པ་བཀའ་མའི་སྒྲུབ་ཆེན་མཆོད་འདེགས་ཕུལ། །འབྲེལ་ཚད་དོན་དང་ལྡན་ལ་གསོལ་བ་འདེབས། །རིག་འཛིན་བརྒྱུད་པའི་ཞལ་ལུང་ཇི་ལྟར་བཞིན། །སྔགས་འཆང་འདུས་པ་བརྒྱ་ཕྲག་དུ་མ་ལ། །པདྨ་ཤེལ་ཕུག་མ་ཡི་དགོངས་པ་ལྟར། །འདུས་པའི་དབང་བསྐུར་མཛད་བསྩལ་ལ་གསོལ་བ་འདེབས། །སྔོན་ནས་ལྷག་པའི་ལྷ་དང་བླ་མ་ཡི། །ལུང་ལྟར་ཚེ་རབས་ལས་སྨོན་རྟེན་འབྲེལ་མཐུས། །མཁྱེན་བརྩེ་ཡེ་ཤེས་རོལ་བའི་རྡོ་རྗེར་མཇལ། ། ཉམས་རྟོགས་མཆོད་པས་མཉེས་ལ་གསོལ་བ་འདེབས། །ཁྱད་པར་སངས་རྒྱས་པདྨའི་ཐུགས་གསང་བཅུད། ། ཉེ་བརྒྱུད་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི། །སྨིན་གྲོལ་ཆིག་རྫོགས་གདམས་པའི་ཉིང་ཁུ་ཉིད། །བུམ་པ་གང་བྱོར་བསྩལ་ལ་གསོལ་བ་འདེབས། །རང་སྐལ་ཨོ་རྒྱན་མཆོག་གྱུར་གླིང་པ་ཡི། །ཟབ་གཏེར་ཐུགས་སྒྲུབ་རྣམ་བཞི་ཟབ་བདུན་སོགས། །ཆོས་ཀྱི་གཉེར་བྱང་གཏད་དེ་རྒྱལ་ཚབ་ཏུ། །མངའ་གསོལ་དབུགས་དབྱུང་གནང་ལ་གསོལ་བ་འདེབས། །དུས་ཀུན་དངོས་ཉམས་མལ་ལམ་དག་པའི་ངོར། །བླ་མ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ཉིད། །གང་འདུལ་མོས་ངོར་མཚན་དང་སྐུའི་བཀོད་པས། །རྗེས་བཟུང་བྱིན་གྱིས་བརླབས་དེར་གསོལ་བ་འདེབས། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་ཀུན་ལ། །ཕྱོགས་རིས་བྲལ་བའི་ཕན་པ་ཁོ་ན་ཡིས། །ཡང་དག་བདེ་ལ་སྦྱོར་བའི་འདུན་པ་ཅན། །གཞན་ཕན་མཐའ་ཡས་མཆོག་དེར་གསོལ་བ་འདེབས། ། གང་ལ་བརྟེན་ནས་འཕྲལ་ཡུན་ཐམས་ཅད་དུ། །སྒོ་གསུམ་བྱང་ཆུབ་ལམ་ལ་བསྒྱུར་དུ་གསོལ། །གང་སྐུ་འཆི་མེད་རྡོ་རྗེའི་སྐུར་བཞུགས་ནས། །བསྟན་འགྲོའི་དཔལ་ཡོན་དགེ་མཚན་རྒྱས་གྱུར་ཅིག །མཐའ་མེད་འཁོར་བར་འཁྱམས་པའི་གདུལ་དཀའི་འགྲོ། །མ་ལུས་འདྲེན་པའི་གསང་གསུམ་རྣམ་ཐར་སྒོ། །རྗེ་བཙུན་ཆེན་པོ་ཉིད་དང་དབྱེར་མེད་པར། །ཟུང་འཇུག་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རྗེ་བཙུན་བླ་མ་ཁྱེད་དང་མི་འབྲལ་བར། །རྡོ་རྗེ་སྙིང་པོའི་རང་ལུགས་མ་ནོར་བར། །ཇི་བཞིན་རྟོགས་པའི་སྐལ་བ་མཆོག་ལྡན་ཤོག །གང་གི་གསང་གསུམ་རྣལ་པར་ཐར་པ་ལ། །སྒོ་གསུམ་གུས་པས་ཚོགས་གཉིས་ལྷུན་རྫོགས་པས། །མངོན་དགའི་ཞིང་དུ་རྡོ་རྗེ་མི་བསྐྱོད་པའི། །དྲུང་དུ་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །

    ཅེས་རྣམ་ཐར་དག་སྣང་རོལ་བའི་རྒྱན་ཞེས་བྱ་བ་འདི་ལྟ་བུ་ཞིག་དགོས་ཞེས། ༧གོང་ས་མཆོག་གི་ཟློས་གར་དབང་དྲག་བདུད་འདུལ་རྡོ་རྗེ་རིན་པོ་ཆེ་དང་། དཔོན་སྲས་པདྨ་ཀུན་འབྱུང་། མཆོག་སྤྲུལ་ཆོས་དབྱིངས་རང་གྲོལ། རིག་འཛིན་འཁོར་བ་རང་གྲོལ། རྟོགས་ལྡན་དྲི་མེད་རང་གྲོལ་སོགས་མཆེད་སློབ་དུ་མས་བཀྲ་ཤིས་པའི་རྫས་མཆོག་དུ་མ་དང་བཅས་པས་སྔར་ཞུས་ལོ་མང་འགྱངས་པ་ན། ཉེ་ཆར་ཁོ་ཡར་སྔགས་འཆང་འདུས་པའི་ཚོམ་བུ་གྲངས་ལྡན་གྱི་བླ་མ་ལས་སྣེ་ལྷན་རྒྱས་དང་། མཚམས་པ་དད་ལྡན་ནཱ་གའི་མིང་ཅན་དང་། ཚེ་རབས་གཉེན་གྱིས་འབྲེལ་བའི་མུ་དྲ་ཀལྤ་བྷ་དྲ་ཏཱ་རེ་དང་། རིགས་ཀྱི་མྱུ་གུ་གར་དབང་ནམ་མཁའ་སེངྒེ་མཆེད་ཟུང་དང་། ལྕམ་སྲིང་ཐུན་མོང་ནས་ལྷ་དར་དྲི་མེད་དང་བཅས་རྟིང་བསྐུལ་ཡང་ཡང་བགྱིས་པའི་ངོ་མ་བཟློོག་པར། ཟོག་པོ་ཆང་འཐུང་འཆལ་བོ་གདོལ་སྤྱོད་སྨྱོན་པ་བདག་ལྟ་བུ་ལ། འདི་འདྲ་བའི་རང་བསྟོད་རྣམ་པར་ཐར་པ་མི་འོས་ཀྱང་། ཅིའི་ཕྱིར་ན། གྲུབ་མཆོག་བཀའ་བརྒྱུད་གོང་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བ་ཡོད་བཞིན་དུ། བ་ཚྭའི་ཁྲོན་པ་བརྐོ་བ་པོ༧མི་ལ་གསུམ་པར་འབོད་པ་སྔགས་འཆང་གཞོམ་བྲལ་རྡོ་རྗེས་མདོ་སྨད་གནས་ཆེན་ཉེར་ལྔའི་སྤྱི་ཕུད་རྨ་ཀླུང་རི་བོ་ཏན་ཏིག་གམ་མ་ར་ཏི་ཀ་གཉིས་པ་འཆི་བ་མཐར་བྱེད་ཀྱི་གནས་རང་བྱུང་རྡོ་རྗེ་བཀོད་པའི་ཕོ་བྲང་གི་འདབས་འབྱར་བྲག་དམར་དཔལ་གྱི་ཡང་རྫོང་ནས་བྲིས་པའོ། །ཛ་ཡནྟུ། སརྦ་མངྒ་ལཾ།

47.2K