༄༅། །བླ་མ་དམ་པ་རིག་འཛིན་འཇིགས་མེད་ཀྱི་རྣམ་པར་ཐར་བ་ཉུང་ངུར་བརྗོད་པ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

བློ་འདས་ཀ་དག་ཆོས་སྐུའི་ཞིང་མཆོག་ནས། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད། །འགག་མེད་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ། །ཁྱབ་བདག་རིག་འཛིན་འཇིགས་མེད་གང་དེས་སྐྱོངས། །ཉམ་ཆུང་ཡིད་ཀྱི་ལྷ་ཡི་རྫིང་རིང་དུ། །གང་སྐུའི་ཆུ་འཛིན་ཕང་ཕུང་གཡོ་བ་དང་། །མཛད་བཟང་གྲུ་ཆར་དལ་གྱིས་འཇོ་དང་ལྷན། །དད་གདུང་སྨྲེང་བས་ཚུལ་འདིར་གཞོལ་ལ་སྤྲོ། །རྟག་ཁྱབ་ལྷུན་གྲུབ་ཕྱོགས་བྲལ་ཆོས་ཀྱི་སྐུ། །དྲི་མེད་འགྲོ་ཁམས་ཀུན་ཁྱབ་ཚངས་པའི་གསུང་། །བརྩེ་ཆེན་གདུལ་བྱ་འདུལ་ལ་སྤྲོ་བའི་ཐུགས། །མཐའ་དག་བརྗོད་པ་བྲལ་ཡང་ཤས་ཙམ་སྟོན། །མདོ་སྨད་ཙོང་ལ་རིང་མོ་སྒེག་པའི་གཞི། །ཁྲི་ཤོར་རྒྱལ་མོ་ལྷམ་མེར་འཁྱིལ་བའི་ཤར། །རོང་ཆེན་ཞིང་ལ་སྐྱེ་བོངས་ཚ་བའི་གནས། །དཔལ་གྱི་ལུང་པར་གང་སྐུའི་སྐྱེ་བ་བཟུང་། །སྔགས་པའི་ཆས་ལྡན་ཡབ་དེ་ལྷའི་མཚན་ཅན། །བུད་མེད་སྐྱོན་ཟད་ཡུམ་གྱུར་སྒྲོལ་མ་ལས། །དཔེ་བྱད་བཟང་པོའི་སྐུ་ཉིད་ལེགས་བལྟམས་ཤིང་། །དགེ་དང་དད་པའི་སེམས་ཀྱིས་མངོན་པར་ཕྱུག །ཡབ་ལས་ཐོག་མར་ཡི་གེའི་སྦྱོར་ཀློག་དང་། །ཆོ་གའི་རྟ་དང་བཅའ་འབུད་རྡུང་དཀྲོལ་ཀུན། །ནང་བྱན་ཚུད་པར་བགྱིས་ཤིང་ལག་ལེན་གྱི། །གནས་ལ་སྦྱར་བས་ཀུན་ཀྱང་རངས་པར་གྱུར། །བདུན་གསུམ་ལོ་ཡི་ལང་ཚོ་དར་བབ་ཚེ། །སྲིད་པའི་ཕུན་ཚོགས་ཧ་ལའི་དུག་ལྟར་སྣང་། །ཡིད་རབ་ཕྱུང་ཞིང་སྔ་ཚུལ་སྟོངས་པར་འགྱོད། །ལྡོག་མེད་ངེས་པར་འབྱུང་བའི་སེམས་ཤུགས་རྙེད། །ལམ་རྒྱགས་ཟས་ཐུན་གཅིག་ཀྱང་མ་བཟུང་ཞིང་། །ལམ་ཆས་སློང་ཕོར་ཙམ་ཡང་མ་བསྣམས་པར། །ཤཱ་བ་རུས་གཙེས་གཡུང་དྭགས་ཇི་བཞིན་དུ། །འཆི་བར་འཇིགས་ནས་དབེན་གསུམ་རི་ལ་བྲོས། །གཙོས་ཡུལ་དཔལ་སྤྲུལ་ཞེས་པའི་སྙན་པ་ཅན། །གང་གི་ཞལ་སྔར་སྙིང་ཐིག་འོག་མ་སོགས། །སྨིན་བྱེད་དབང་གིས་རང་རྒྱུད་འཚེངས་བྱས་ཏེ། །མཉེས་པ་གསུམ་གྱིས་ཡང་དག་བསྟེན་པར་མཛད། །ཀུན་སྤངས་བླ་མ་ཚུལ་ཁྲིམས་འོད་ཟེར་དང་། །རྟོགས་ལྡན་ཀུན་བཟང་རྡོ་རྗེའི་ཞབས་དྲུང་དུ། །ཐུན་མོང་ཐུན་མིན་སྔོན་འགྲོའི་རིམ་པ་བཅས། །རྒྱས་པར་གསན་ཅིང་མན་ངག་ཟབ་མོ་མནོས། །ཁྱད་པར་བླ་མ་གང་གིས་གདམས་དོན་ལས། །དལ་བའི་རྟེན་ཐོབ་ཐེག་ཆེན་བསྟན་དང་མཇལ། །ཆོས་བཞིན་སྒྲུབ་ལ་རང་དབང་ཡོད་དུས་འདིར། །མི་ཚེ་སྟོང་ལོག་མ་བྱེད་གཏན་འདུན་སྒྲུབས། །འོན་ཏང་བསྟན་པའི་འཇུག་སྒོ་གྲངས་མང་བས། །སྙིང་པོ་ཉམས་ལེན་ཆོས་ཤིག་མ་འགྲུབ་ན། །གསུང་རབ་གླེགས་བམ་མང་པོ་བློར་གནས་ཀྱང་། །མུ་སྟེགས་པཎྜི་ཏ་དང་ལེགས་སྐར་བཞིན། །དེ་བས་བློ་སྣ་ནང་དུ་ཁུགས་བྱས་ཏེ། །ཀུན་ཤེས་གཅིག་རྡུགས་ཤིག་ཏུ་མི་བྱེད་པར། །གཅིག་ཤེས་ཀུན་གྲོལ་ཅིག་ཏུ་འབད་བྱས་ནས། །འཆི་ཁར་ཕན་པའི་ཉམས་ལེན་བྱེད་པ་གལ། །དེས་ན་ལམ་གྱུར་བསྐྱེད་པའི་རིམ་པ་དང་། །འབྲས་བུ་རྫོགས་པའི་རིམ་པ་ཉིད་དང་བཅས། །ཀུན་ཀྱི་རྨང་རྡོ་སྐྱབས་འགྲོ་འདི་ལགས་པས། །འདི་ལ་འབད་པར་མཛོད་ཅེས་ཐོས་པའི་ཚེ། །བཅོས་མིན་འཇུག་སེམས་བརྟན་པོས་ཉེར་བསྐུལ་ཏེ། །བསགས་སྦྱངས་འབུམ་ལྔ་ཕྲུགས་གསུམ་ཁས་བླངས་ཤིང་། །བླ་མའི་སྤྱན་སྔར་དམ་རྒྱའི་མཚམས་ནང་དུ། །གདན་གཅིག་ཉིད་དུ་མཐའ་དག་གྲུབ་པར་བགྱིས། །རིས་བྲལ་བསྟན་པའི་མངའ་བདག་གཅིག་པུ་རུ། །རྨ་ཀླུང་སྒེག་མོའི་ཁུག་འདིར་གྲགས་འབར་བ། །རྫོགས་ཆེན་ཞི་བ་འཚོ་ཡི་དཔལ་གང་ཉིད། །སྤྱི་བོའི་གཙུག་ཏུ་བཀུར་ཅིང་བསྙེན་པར་མཛད། །གང་གིས་ཟབ་ཁྲིད་ཡེ་ཤེས་བླ་མ་དང་། །སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་བཅས། །ཕངས་མེད་བསྩལ་ཅིང་མཁས་བཙུན་གྲུབ་པའི་སྡེ། །ཨོལ་རྒྱའི་དགེ་ཞེའུ་བསྟེན་ཅེས་ལུང་བསྟན་གནང་། །མགོན་གང་གུས་རྟག་སྦྱོར་བའི་བསྟེན་བྱས་པས། །ཟབ་གསང་མཛོད་ཀྱི་སྒོ་མོ་ལེགས་འབྱེད་དེ། །ཁྲེགས་ཆོད་ཐོད་རྒལ་རྩ་རླུང་གདམས་པ་བཅས། །གཞི་ལམ་གྲོགས་ཀྱི་ཚུལ་དུ་ལེགས་པར་འདོམས། །གཞན་ཡང་སྤར་བཅིངས་མ་དང་གད་རྒྱངས་དང་། །ཚིག་གསུམ་གནད་དུ་བརྡེག་པ་དང་བཅས་བསྩལ། །ལོ་གཅིག་དམ་རྒྱའི་ཁས་ལེན་བཅས་བསྐུལ་བཞིན། །བསྙེན་ཡིག་སྐབས་དོན་རབ་གསལ་སྐྱེས་སུ་གནང་། །དེ་ལྟར་ཐོས་པའི་གནས་ལ་འབད་དང་ལྷན། །བསྒོམ་པས་ཉིན་མཚན་འདའ་བར་བྱས་པ་ན། །མགོན་པོ་ཉིད་དང་དགོངས་ཀློང་དབྱེར་མེད་དུ། །འདྲེས་ཤིང་ཆོས་ཉིད་ལྟ་བའི་གདེངས་ཀྱང་བརྙེས། །གཞན་ཡང་མཁས་བཙུན་གྲུབ་པ་མང་བསྟེན་ཏེ། །ཐོས་པའི་གནས་ལ་མཐའ་རྒྱ་གཅོད་པར་མཛད། །དབེན་གནས་མང་པོར་བསྒྲུབ་ལ་གཞོལ་བྱས་ནས། །ཉམས་དང་རྟོགས་པའི་རྩལ་ཆེན་རྫོགས་པར་གྱུར། །དུས་ཀྱི་འཁྲུག་པའི་ཡོ་ལང་རྒྱས་པ་ན། །སྤྱི་མཐུན་ལས་ཀྱི་སྣང་ངོར་བ་རྫི་དང་། །བཙོན་དང་ངལ་རྩོལ་བཟོད་དཀའི་ལས་བྱས་ཀྱང་། །བསོད་ནམས་བསྐལ་པར་བཞུགས་པ་སྤྲོ་བའི་གནས། །བསྟན་པའི་སྣང་བ་སླར་ཡང་འཛུམ་པའི་ཚེ། །གང་གི་ཐུགས་བསྐྱེད་སྟོབས་ཀྱིས་སྣ་དྲངས་ཏེ། །དད་སེམས་གཙང་བའི་བུ་སློབ་འགའ་དང་བཅས། །སྒྲུབ་སྡེའི་བསྟན་པ་གསོ་བའི་ལས་ལ་བརྩོན། །དད་རྟེན་གཙུག་ལག་ཁང་དང་སྐུ་རྟེན་དང་། །གྲྭ་ཤག་དང་ནི་རྒྱུན་བཞུགས་བན་སྔགས་བཅས། །ངལ་བ་ཆེར་མེད་ངང་གིས་ཚོགས་བགྱིས་ཏེ། །ཆོས་ཚུལ་ཉི་ཟླའི་དཀྱིལ་འཁོར་གསལ་བར་མཛད། །དེ་ཡི་མོད་ལ་གང་གི་གྲགས་དཀར་གྱིས། །ཙོང་ཁ་བདེ་ཁམས་ཀུན་ཏུ་ཁྱབ་གྱུར་ཅིང་། །ཕྱོགས་བཅུའི་འཁོར་ཚོགས་ཤ་ལ་སྦྲང་མ་ལྟར། །མ་བསྡུས་པར་ཡང་ངང་གིས་འདུ་བར་གྱུར། །ལམ་གྱི་འཇུག་པའི་རིམ་པ་ཚང་བ་དང་། །གོལ་འཕྱུག་མེད་པར་ཀུན་ཏུ་བསྩལ་བ་ལས། །རྟོགས་པ་ཚད་དུ་ཕྱིན་པའི་གྲུབ་ཐོབ་དང་། །དབེན་གསུམ་ནགས་རི་ཉུལ་བའི་བྱ་བཏང་མང་། །འཁོར་འབངས་གདུལ་བྱ་སྐྱོང་བའི་སྟོན་ཆེན་དང་། །སེམས་དོན་རྗེན་པར་གཟིགས་པས་རྟོགས་པ་ཅན། །མདོར་ན་མཁས་བཙུན་བཟང་གསུམ་གྱིས་ཕྱུག་པའི། །སློབ་ཚོགས་ནམ་མཁའི་སྐར་ལྟར་བགྲང་ལས་འདས། །དེ་ལྟར་གཙུག་ལག་ཟུང་གི་སྣང་བས་ཡི། །བསླབ་པའི་གནས་ཀུན་ཡང་དག་འདོམས་་པ་དང་། །འདི་ཕྱི་གཏན་བདེའི་ལམ་ལ་བཙུད་བྱས་ཤིང་། །བསྟན་དང་འགྲོ་བའི་དོན་འབྲས་སྨིན་བྱས་མཐར། །ཤིང་ཕོ་སྤྲེལ་ཏེ་དགུང་གྲངས་བརྒྱད་ཅུ་པར། །གདུལ་བྱ་ལྷག་མ་མེད་པའི་མཐའ་གཟིགས་ཏེ། །རྟག་འཛིན་ལྡན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར། །དགོངས་པ་ཆོས་ཀྱི་དབྱིངས་སུ་གཏད་པར་མཛད། །དཔལ་ལྡན་བླ་མ་གང་གི་མཛད་བཟང་ལས། །ཉུང་ཙམ་བརྗོད་ལ་བསོད་ནམས་གང་ཐོབ་དེ། །འགྲོ་ཀུན་བླ་མའི་གོ་འཕང་འཐོབ་ཕྱིར་དུ། །བསྔོ་ན་ཇི་བཞིན་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་དཔལ་མགོན་བླ་མ་དམ་པ་རིག་འཛིན་འཇིགས་མེད་དམ་ཧོ་ཐོག་ཨ་ཁུ་ཚང་ཞེས་སྙན་པའི་བ་དན་ས་གསུམ་དུ་ཁྱབ་པར་བསྒྲེངས་པ་གང་གི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཉུང་ངུར་བརྗོད་པ་འདི་ཉིད་ཀྱི་ཐུགས་དགོངས་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག། །།

༺རྩོམ་འདི་ཆབ་རོང་གི་རྩོམ་སྟེགས་ལས་བཤུས།

རྩོམ་སྒྲིག་པ།   ཀློང་ཡངས།

47.2K