༄༅། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་བསྔོ་བགྲང་བྱེད་ཚུལ་དང་འབྲེལ་བའི་བཤགས་པ་ཉི་ཟླའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། །

སྔགས་བཙུན་པདྨ་མི་འགྱུར་ཐུགས་མཆོག་རྡོ་རྗེ་རྩལ།

དང་པོ་སྐྱབས་སེམས་དང་། རྡོར་སེམས་སྒོམ་བཟླས་བྱ་ཞིང་། མཇུག་ཏུ་འདི་ལྟར། ཀྱེ་ཧོ་བླ་མ་རྡོ་རྗེ་སེམས་དཔའ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་དམ་ཅན་དགོངས། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རིམ། །ཉམས་པ་བཤགས་དང་བསྔོ་བགྲང་འདིར་གསལ་བྱ། །ཀྲི་ཡར་གསང་བ་སྤྱི་རྒྱུད་ལས་གསུངས་བཞིན། །མཆོག་གསུམ་བྱང་སེམས་སྔགས་ལ་དད་པ་བརྟན། །རྟག་པར་ཐེག་པ་ཆེ་ལ་ལྷག་པར་མོས། །དམ་ཚིག་ཅན་དང་མཛའ་བོ་བླ་མར་གུས། །འཁོར་འདས་ལྷ་གཞན་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་རང་གི་ལྷ་མཆོད་བྱ། །སྟོན་པ་གཞན་གྱི་གཞུང་ནི་མཆོད་པ་སྤང་། །གློ་བུར་ལྷགས་པའི་མགྲོན་ལ་དུས་སྟོན་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས་བརྟན་ཞིང་། །ཐེག་ཆེན་དག་ལ་དགའ་རྣམས་བསོད་ནམས་བསྐྱེད། །སྔགས་བཟླས་སྔགས་རྒྱུད་ལས་བསྙེན་དམ་ཚིག་བསྲུང་། །དམ་ཚིག་ཉམས་ལ་སྔགས་རྒྱ་མི་སྦྱིན་ཅིང་། །གསང་རྒྱུད་ལེགས་བསྲུང་དེ་དོན་རྟོགས་པར་བྱ། །ཞེས་གསུངས་བསྒྲུབ་བྱ་བཅུ་བཞི་ལས་ཉམས་བཤགས། །ཨུ་པ་ཡ་ཡི་རྩ་ལྟུང་བཅུ་བཞི་ནི། །མི་དགེ་བཅུ་སྟེང་དམ་ཆོས་བྱང་སེམས་བཏང་། །སེར་སྣ་གཞན་གནོད་བཞི་བསྣན་བཅུ་བཞི་སྟེ། །སྤྱོད་རྒྱུད་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྣལ་འབྱོར་རྒྱུད་ཀྱི་དབང་ཐོབ་དམ་ཚིག་ནི། །རིགས་ལྔ་ཐུན་མོང་རྩ་ལྟུང་བཅུ་བཞི་སྟེ། །དེ་བཞིན་རིགས་ལ་མཆོག་གསུམ་སྐྱབས་འཛིན་གསུམ། །རྡོ་རྗེ་རིགས་ལ་བཞི་སྟེ་རྡོར་དྲིལ་ཕྱག །སློབ་དཔོན་ཡང་དག་ཉིད་དུ་གཟུང་དང་བཞི། །རིན་ཆེན་རིགས་ལ་བཞི་སྟེ་སྦྱིན་བཞི་སྦྱིན། །པདྨའི་རིགས་ལ་གཅིག་སྟེ་མ་ལུས་གཟུང་། །ལས་ཀྱི་རིགས་ལ་གཉིས་ཏེ་སྡོམ་ཀུན་འཛིན། །དཀོན་མཆོག་མཆོད་བརྩོན་དང་བཅས་བཅུ་བཞི་ནི། །བསྒྲུབ་བྱ་ཡིན་ཏེ་ལྡོག་ཕྱོགས་རྩ་ལྟུང་བརྗོད། །བླང་དོར་གནས་འཆོལ་ཉམས་པར་གྱུར་པ་བཤགས། །བླ་མེད་རྒྱུད་ལ་ཕ་མ་གཉིས་མེད་རྒྱུད། །གཞན་ཡང་གཉིས་མེད་དུས་ཀྱི་འཁོར་ལོའི་ལུགས། །བརྟུལ་ཞུགས་ཉེར་ལྔར་གྲགས་པ་འདི་ལྟར་ཏེ། །གསོད་རྫུན་རྐུ་དང་འདོད་ལོག་ཆང་འཐུང་བ། །སྤང་བྱ་སྡིག་པ་ལྔ་དང་བྱ་མིན་ལྔ། །ཆོ་ལོ་༼ཤོ་རྩེ་བ༽ཁ་ན་མ་ཐོའི་ཟས་༼བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤ་སོགས༽ངན་གཏམ༼དམག་འཁྲུག་དང་ཚོང་གི་གཏམ་སོགས༽། །ཕྱུགས་ཀྱི་མཆོད་སྦྱིན་བྱ་བ་འབྱུང་པོའི་ཆོས། །འབྱུང་པོ་ལྷ་མིན་ཆོས་བསླབ་༼རང་གིས་བསད་པའི་ཤ་མ་གཏོགས་ལས་ཀྱིས་ཤི་བའི་ཤ་མི་ཟ་བ། གོས་དཀར་པོ་དང་བྱ་གག་གི་བཏུང་བ་སོགས༽རྣམ་པ་ལྔ། །བ་ལང་༼མཐོ་རིས་འདོད་པའི་མཆོད་སྦྱིན་གྱི་དོན་དུ་བ་ལང་གསོད་པ། མ་མོ་མཆོད་པ༽བྱིས་པ་སྐྱེས་པ་བུད་མེད་༼སྐྱེས་པའི་དོན་དུ་བུད་མེད། བུད་མེད་ཀྱི་དོན་དུ་སྐྱེས་པ་གསོད་པ། མིའི་མཆོད་སྦྱིན་འཚེ་བ་ཆོས་སུ་སྨྲ་བ༽དང་། །མཆོད་རྟེན་བསྣུབ་པ༼སྐུ་གཟུགས་གླེགས་བམ་མཆོད་རྟེན་བཤིགས་པ༽གསོད་པ་ལྔ་རུ་གྲགས། །དགེ་༼བའི༽གྲོགས་༼ལ་འཁུ་བ༽རྗེ་བོ་སངས་རྒྱས་དགེ་འདུན་དང་། །བླ་མར་ཁོང་ཁྲོ་བསྒོམ་རྣམས་འཁུ་བ་ལྔ། །ཡུལ་ལྔར་ཞེན་པ་ལྔ་སྟེ་ཉེར་ལྔའོ། །མ་སྤངས་རང་དགར་སྤྱད་པ་མཐོལ་ལོ་བཤགས། །བླ་མེད་སྤྱི་ལ་རིགས་ལྔའི་དམ་ཚིག་ནི། །སངས་རྒྱས་རྣམ་སྣང་རིགས་ཀྱི་དམ་ཚིག་དྲུག །ཉེས་སྤྱོད་སྡོམ་དང་དགེ་ཆོས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ་བསྲུང་སྟེང་། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་འཛིན་དྲུག །རྡོ་རྗེ་མི་བསྐྱོད་རིགས་ཀྱི་དམ་ཚིག་བཞི། །ཕྱི་ལྟར་རྡོ་རྗེ་དྲིལ་བུ་ཚད་ལྡན་དང་། །རང་ལུས་ལྷར་གསལ་ཕྱག་རྒྱའི་དམ་ཚིག་གསུམ། །ནང་ལྟར་རྡོ་རྗེ་པདྨ་རྒྱས་འདེབས་གསུམ། །གསང་བ་དྭངས་མ་དཀར་དམར་ཟུང་འཇུག་གསུམ། །ཡང་གསང་དཔེ་དོན་ཡེ་ཤེས་ཟུང་འཇུག་གསུམ། །དེ་སྟེང་སློབ་དཔོན་གུས་པས་བསྟེན་དང་བཞི། །རིན་ཆེན་འབྱུང་ལྡན་རིགས་ཀྱི་དམ་ཚིག་བཞི། །ཟང་ཟིང་མི་འཇིགས་ཆོས་དང་བྱམས་པའི་སྦྱིན། །ཉིན་མཚན་དུས་དྲུག་དག་ཏུ་བཏང་བའོ། །སྣང་མཐའ་པདྨའི་རིགས་ཀྱི་དམ་ཚིག་གསུམ། །ཕྱི་ལྟར་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། །ནང་ལྟར་དཀའ་ཐུབ་རིག་བྱེད་ཐེག་པ་གསུམ། །གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་གསུམ་འཛིན། །དོན་གྲུབ་ལས་ཀྱི་རིགས་ཀྱི་དམ་ཚིག་གསུམ། །རིགས་བཞིའི་སྡོམ་པ་ལྡན་པ་གཞིར་བཞག་སྟེང་། །དཀོན་མཆོག་མཆོད་དང་བྱང་ཆུབ་སེམས་བསྐྱེད་པའོ། །རིགས་ལྔའི་སྤྱི་ཡི་དམ་ཚིག་ལས་ཉམས་བཤགས། །རྩ་ལྟུང་བཅུ་བཞི་བླ་མ་ལ་སྨོད་དང་། །བདེ་གཤེགས་བཀའ་འདས་རྡོ་རྗེ་མཆེད་ལ་ཁྲོས། །འགྲོ་ལ་བྱམས་བྲལ་བྱང་ཆུབ་སེམས་སྤངས་དང་། །རང་གཞན་གྲུབ་མཐར་སྨོད་དང་གསང་བ་སྒྲོགས། །ཕུང་ལྔར་སྨོད་དང་ཆོས་ལ་སོམ་ཉི་ཟ། །གདུག་ཅན་མི་སྒྲོལ་མཚན་བྲལ་རྣམ་པར་རྟོག །དད་ཅན་སུན་འབྱིན་དམ་རྫས་མི་བསྟེན་དང་། །ཤེས་རབ་བུད་མེད་སྨོད་དང་བཅུ་བཞིའོ། །སྦོམ་པོ་བརྒྱད་ནི་མ་སྨིན་རིག་མ་བསྟེན། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན་པ་དང་། །ཚོགས་འཁོར་དུས་སུ་རྩེད་དང་སྣོད་མིན་ལ། །མི་གསང་སྣོད་དང་ལྡན་ལ་མི་སྟོན་སྦས། །དད་ལྡན་ཆོས་འདྲིར་གཞན་དུ་སྟོན་པ་དང་། །རྣལ་འབྱོར་མི་ལྡན་སྔགས་པར་རློམ་པ་དང་། །ཉན་ཐོས་ནང་དུ་ཞག་བདུན་གནས་པ་སྟེ། །རྩ་ལྟུང་སྦོམ་པོས་ཕོག་པ་མཐོལ་ལོ་བཤགས། །ཐུན་མིན་བླ་མེད་རིགས་ལྔའི་སྡོམ་པ་ནི། །ཞེ་སྡང་རྡོ་རྗེའི་རིགས་ལ་སྲོག་གཅོད་གསུངས། །དྲང་དོན་ཐུགས་རྗེས་ཞིང་བཅུ་སྒྲོལ་བ་དང་། །ངེས་དོན་ལས་རླུང་མུན་ཅན་ལམ་དུ་གསོད། །གསང་བར་གཟུང་འཛིན་སྐྱེ་མེད་ཀློང་དུ་བསད། །ང་རྒྱལ་རིན་ཆེན་རིགས་ལ་རྐུ་འཕྲོག་གསུངས། །དྲང་དོན་སྐལ་མེད་ནོར་འཕྲོག་མཆོད་སྦྱིན་བྱེད། །ནང་ལྟར་མཁོ་རྫས་མཚན་ལྡན་གཟུང་མ་དང་། །ཁྱད་པར་ཀུནྟ་རླུང་སྟོབས་འཕྲུལ་གྱིས་བླངས། །གསང་བ་དོན་དམ་སྟོང་ཉིད་མཛེས་མ་ཡིས། །གཉིས་མེད་རྫོགས་པའི་བྱང་ཆུབ་རིན་པོ་ཆེ། །སུས་ཀྱང་མ་བྱིན་རང་སྟོབས་མཐུ་ཡིས་བླངས། །འདོད་ཆགས་པདྨའི་རིགས་ལ་བུད་མེད་བསྟེན། །གསུངས་པས་ཕྱི་ལྟར་དངོས་རིག་ལས་རྒྱ་དང་། །ནང་ལྟར་རིག་སྟོང་ཆོས་དབྱིངས་ཕྱག་རྒྱ་དང་། །གསང་བ་གཏུམ་མོ་དམ་ཚིག་ཕྱག་རྒྱ་ལ། །བརྟེན་ནས་དཔེ་དོན་ཡེ་ཤེས་ཟུང་འཇུག་གི། །འགྱུར་མེད་ཕྱག་རྒྱ་ཆེན་པོ་མངོན་བྱས་སོ། །ཕྲག་དོག་ལས་ཀྱི་རིགས་ལ་རྫུན་སྨྲ་ནི། །ཕྱི་ལྟར་གཞན་སྲོག་སྐྱོབ་ཕྱིར་རྫུན་དུ་སྨྲ། །ནང་ལྟར་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །གསང་བ་སེམས་ཅན་མ་བསྒྲལ་པ་རྣམས་ནི། །སྒྲོལ་བ་ལྟ་བུའི་ཚིག་གིས་སྨྲ་བའོ། །གཏི་མུག་འཁོར་ལོའི་རིགས་ལ་ཤ་ལྔ་དང་། །མྱོས་འགྱུར་བཏུང་བར་གསུངས་པ་འདི་ལྟ་སྟེ། །ཕྱི་ལྟར་དམ་རྫས་ཐབས་ཤེས་ལྔ་ལྔར་སྤྱོད། །ནང་ལྟར་དབང་ལྔའི་དྭངས་མ་ཟག་མེད་ཅིང་། །གསང་བ་མས་བརྟན་ལྷན་སྐྱེས་ཡེ་ཤེས་ཀྱི། །བཅིངས་པས་ཞུ་བདེ་ཟག་མེད་དབྱིངས་སུ་བཏུང་། །དེ་དག་ཇི་བཞིན་མ་སྤྱད་མཐོལ་ལོ་བཤགས། །ཁྱད་པར་སྔ་འགྱུར་གསང་ཆེན་རྙིང་མའི་ལུང་། །དྲི་མེད་བཤགས་པའི་རྒྱུད་ཀྱི་རྒྱལ་པོ་དང་། །དམ་ཚིག་གསལ་བཀྲ་སོགས་ལས་གསུངས་པའི་དོན། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ། །དང་པོ་རྩ་བ་ཡན་ལག་གཉིས་སུ་དབྱེ། །སྔ་མ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་། །ཕྱི་མ་ཡན་ལག་ཉི་ཤུ་རྩ་ལྔ་སྟེ། །དང་པོ་སྐུ་ཡི་དམ་ཚིག་གསུམ་ཚན་གསུམ། །སྐུ་ཡི་ཕྱི་ནང་གསང་གསུམ་རིམ་བཞིན་དུ། །དང་པོ་སྲོག་གཅོད་ལོག་གཡེམ་རྐུ་འཕྲོག་སྤང་། །གཉིས་པ་སྤུན་སྲིང་ཕ་མའི་ལས་མི་སྨོད། །ཆོས་ཀྱི་སྒོར་ཞུགས་ལུས་དང་རྒྱན་མི་སྨོད། །རང་ལུས་གདན་གསུམ་དཀྱིལ་འཁོར་མི་སྨད་གསུམ། །གསུམ་པ་རྡོ་རྗེ་མཆེད་ལ་རྡུང་རྡེག་དང་། །བླ་མའི་གསང་གསུམ་དག་ལ་མི་འཚེ་ཞིང་། །སློབ་དཔོན་སྐུ་གྲིབ་དག་ལ་མི་འགོམ་གསུམ། །དགུ་པོ་འདི་དག་སྐུ་ཡི་དམ་ཚིག་སྟེ། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་ཕྱི་ནང་གསང་གསུམ་རིམ་བཞིན་དུ། །དང་པོ་རྫུན་དང་ཕྲ་མ་ཞེ་གཅོད་སྤང་། །གཉིས་པ་ཐོས་བསམ་སྒོམ་གསུམ་བྱེད་མཁན་ལ། །སྒྲོ་འདོགས་སྐུར་འདེབས་གཤེ་སྨོད་སྤང་བ་གསུམ། །གསུམ་པ་སྤྱིར་ན་རྡོ་རྗེ་སྤུན་ལ་སྐུར། །སྒོས་སུ་བླ་མའི་ཉེ་འཁོར་ཡུམ་ལ་སྐུར། །ཡང་སྒོས་བླ་མར་སྐུར་པ་མི་གདབ་གསུམ། །དགུ་པོ་འདི་དག་གསུང་གི་དམ་ཚིག་སྟེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །ཐུགས་ཀྱི་ཕྱི་ནང་གསང་གསུམ་རིམ་བཞིན་དུ། །དང་པོ་བརྣབ་སེམས་གནོད་སེམས་ལོག་ལྟ་སྤང་། །གཉིས་པ་ལྟ་སྒོམ་སྤྱོད་གསུམ་ལོག་པ་དང་༼ལྟ་བ་ལོག་པ་རྟག་ཆད། སྒོམ་པ་ལོག་པ་བྱིང་རྒོད། སྤྱོད་པ་ལོག་པ་ཆོས་མིན༽། །གསུམ་པ་ལྟ་སྒོམ་སྤྱོད་གསུམ་སྒྱིད་མ་ལུག །རྟག་ཏུ་ཡི་དམ་ཏིང་འཛིན་བསྒོམ་པ་དང་། །བླ་མ་ཡི་དམ་འབྲལ་མེད་བསྒོམ་པ་གསུམ། །དགུ་པོ་འདི་དག་ཐུགས་ཀྱི་དམ་ཚིག་སྟེ། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དེ་ལྟར་རྩ་བ་སྐུ་གསུང་ཐུགས་གསུམ་གྱི། །དམ་ཚིག་ཉེར་བདུན་ལས་ནི་ཁྱད་པར་དུ། །བསྲུང་བྱའི་གཙོ་བོ་བླ་མ་ཡིན་པས་ན། །བླ་མས་ཅི་གསུངས་སྒྲུབ་དང་ཅི་མཛད་ལ། །སྐྱོན་རྟོག་བཀའ་བཅག་དམ་དྲལ་ཐུགས་དཀྲུགས་དང་། །ཐུགས་སུན་དབྱུང་བར་བྱས་པ་མཐོལ་ལོ་བཤགས། །རིག་མ་དག་ཀྱང་བླ་མ་ཇི་བཞིན་བཀུར། །གདུང་སྲས་ལའང་དེ་དང་འདྲ་མཚུངས་སྒྲུབ། །མཆེད་ལྕམ་ལ་ནི་སུམ་ཆའི་དམ་ཚིག་བསྲུང་། །དེ་རྣམས་ལས་ནི་འགལ་ཞིང་ཉམས་པ་རྣམས། །མཐོལ་ལོ་བཤགས་སོ་ཚངས་པ་བསྩལ་དུ་གསོལ། །གཉིས་པ་ཡན་ལག་དམ་ཚིག་ཉི་ཤུ་ལྔའི། །དང་པོ་ཤེས་བྱ་ཡིན་ལུགས་དམ་ཚིག་ལྔ། །ཕུང་ལྔ་ཁམས་ལྔ་དབང་ལྔ་རྣམ་ཤེས་ལྔ། །ཡུལ་ལྔ་དང་བཅས་གདན་གསུམ་དཀྱིལ་འཁོར་ལྷར། །མ་འཚལ་བརྙས་དང་དཀའ་ཐུབ་བགྱིས་པ་བཤགས། །གཉིས་པ་དེ་ལྟར་ཤེས་ནས་བསྒྲུབ་བྱ་ལྔའི། །དམ་ཚིག་ལྔ་ནི་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་དང་དེ་བཞིན་གཤེགས་པ་སྟེ། །རིགས་ལྔའི་ལྷ་གང་སྒྲུབ་པར་མ་ཐོགས་བཤགས། །གསུམ་པ་དེ་བཞིན་སྒྲུབ་པ་དང་ལེན་གྱི། །དམ་ཚིག་ལྔ་ནི་དྲི་ཆེན་དྲི་ཆུ་དང་། །རཀྟ་རྡོ་རྗེ་ཟིལ་བ་མཾ་ས་སྟེ། །གྲུབ་པ་བཞི་༼ཆོས་ཉིད་རང་བཞིན་གྱིས་གྲུབ་པ། ཆོས་ཅན་རང་གི་ངོ་བོས་གྲུབ་པ། ཡེ་ཤེས་དངོས་པོའི་མཐུ་ཡིས་གྲུབ་པ། དུག་ལྔ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་ཏེ་གྲུབ་པའོ༽དང་ཡིན་པ་རྣམ་གསུམ་༼ནད་ལྔ་སེལ་བའི་སྨན་ཡིན་པ། ཐུན་མོང་གི་དངོས་གྲུབ་ལྔ་སྒྲུབ་པའི་རྫས་ཡིན་པ། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་དང་གཞི་དུག་ལྔ་ཡིན་པ། ལམ་ཡེ་ཤེས་ལྔ་ཡིན་པ། འབྲས་བུ་སངས་རྒྱས་ལྔ་ཡིན་པའོ༽གྱིས། །དམ་རྫས་གཞུང་བཞིན་དང་ལེན་མ་བྱས་བཤགས། །བཞི་པ་སྒྲུབ་པའི་དྲོད་ཚད་ཤར་བའི་སྐབས། །མི་སྤང་བ་ཡི་དམ་ཚིག་རྣམ་ལྔ་ནི། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལྔ་པོ་གནས་འགྱུར་ཡེ་ཤེས་སུ། །སྨིན་པར་མ་བྱས་རང་རྒྱུད་སྤྱད་པ་བཤགས། །ལྔ་པ་དེ་ལྟ་བུ་ཡི་ལམ་རྟགས་ནི། །མངོན་དུ་གྱུར་དུས་སྤྱད་པར་བྱ་བ་ཡི། །དམ་ཚིག་ལྔ་ནི་ཞིང་བཅུ་སྒྲོལ་བ་དང་། །བདེ་སྟོང་སྦྱོར་དང་མཆོད་སྦྱིན་བྱ་བའི་སླད། །མ་བྱིན་ལེན་དང་གབ་སྦས་གསང་བ་དང་། །གཞན་སྲོག་སྐྱོབ་པའི་ཕྱིར་ན་རྫུན་དུ་སྨྲ། །རིགས་མཐུན་ངག་གིས་གདུལ་ཕྱིར་ངག་འཁྱལ་ཏེ། །སྤྱད་བྱ་ལྔ་ཡི་གནང་བཀག་མ་ཤེས་བཤགས། །གཉིས་པ་ཁྱད་པར་དམ་ཚིག་ཉི་ཤུ་ནི། །ཞི་རྒྱུད་སོགས་ལས་གསང་བ་བརྡ་ཡིས་བསྟན། །བླ་མ་ལ་ནི་མི་སྒོམ་པ་དང་གཅིག །བླ་མའི་རིག་མར་སློབ་བུས་མི་སྤྱོད་གཉིས། །རྡོ་རྗེ་སྤུན་ལ་མི་ཁྲོ་བ་དང་གསུམ། །དཀོན་མཆོག་གསུམ་གྱི་དཀོར་མི་འབག་དང་བཞི། །སྤྱིར་ན་མཆེད་ཀྱི་རིག་མ་བྱེ་བྲག་ཏུ། །ཚངས་སྤྱོད་ཅན་ལ་མི་སྤྱོད་པ་དང་ལྔ། །སྣོད་མ་ཡིན་ལ་གདམས་ངག་གསང་དང་དྲུག །བྱིན་རླབས་མ་བྱས་ཆང་མི་བཏུང་དང་བདུན། །སེམས་ཅན་གཞན་དོན་མི་སྤང་བ་དང་བརྒྱད། །ཀུན་རྫོབ་རྒྱུ་ཐེག་སྨོན་སེམས་བརྟན་དང་དགུ། །ཆོས་དང་གང་ཟག་མི་སྨོད་པ་དང་བཅུ། །དེ་བཞིན་ཐབས་ཤེས་ཡ་བྲལ་མ་སོང་དང་། །བཀའ་ལ་གཟུ་ལུམ་རས་ཆོད་སྤང་བ་དང་། །ཚོགས་ཀྱི་ཕུད་ལ་ཁ་ཚར་མ་ཤོར་དང་། །བསྐྱེད་རིམ་གཟེར་བཞིའི་མན་ངག་ཤེས་པ་དང་། །སྒྲུབ་པའི་དམ་བཅའ་རལ་དུ་མི་འཇུག་དང་། །ཏིང་ངེ་འཛིན་ལ་བློ་རྩལ་སྦྱངས་པ་དང་། །ཡི་དམ་བཟླས་བརྗོད་རྒྱུན་མི་གཅོད་པ་དང་། །མ་དད་པ་ལ་སྔགས་སྤྱོད་མི་སྟོན་དང་། །ཕུང་པོ་ཁམས་ལ་བརྙས་སྨོད་སྤང་བ་དང་། །བླ་མར་མོས་གདུང་བྱེད་དང་ཉི་ཤུ་སྟེ། །ཁྱད་པར་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུམ་པ་ལྷག་པའི་དམ་ཚིག་རྣམ་པ་བཞི། །སྤྱོད་པ་རྒྱུན་དང་རང་བཞིན་ལྟ་བ་དང་། །གལ་མདོ་ངེས་དང་ལྟ་བ་ཉམས་དྲོད་བཞིའི། །དང་པོ་སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི། །གཉིད་ཀྱི་དགྲ་བསྲུང་མྱོས་བྱེད་རིགས་ལས་བྱོལ། །གསང་བཅུའི་བརྡ་བསྲུང་ལེ་ལོ་སྤང་དང་བཞི། །དེ་ལས་གསང་བ་བཅུ་ནི་ལྟ་དང་སྤྱོད། །ལྷ་ཡི་མཚན་དང་སྒྲུབ་རྟགས་སྤྱི་གསང་བཞི། །སྒྲུབ་པའི་གནས་དུས་གྲོགས་རྫས་བར་གསང་བཞི། །རྫས་དང་གླེགས་བམ་གསང་བར་འོས་པ་དང་། །ཟབ་མོའི་རྒྱུད་ལུང་གསང་བར་གཉེར་གཏད་བཅུའོ། །གཉིས་པ་རང་བཞིན་ལྟ་བའི་དམ་ཚིག་བཞི། །སྲིད་གསུམ་ཡོངས་བསྒྲལ་ཉིད་དུ་ལྟ་བ་ཞེས། །ཏིང་འཛིན་གསུམ་གྱི་སྒོམ་པའི་ཡོ་ལང་གིས། །ཁམས་གསུམ་ཞིང་སྦྱོང་ཉིད་དུ་ལྟ་བ་ཞེས། །སྐྱེ་འགགས་གནས་བྲལ་སྐུ་གསུམ་ལམ་དུ་འཁྱེར། །དུག་གསུམ་རྩིས་འགྱུར་ཉིད་དུ་ལྟ་བ་ཞེས། །སྐད་ཅིག་ཉོན་མོངས་ཡེ་ཤེས་རྩིས་ཐེབས་དང་། །འཁོར་བ་གནས་འགྱུར་ཉིད་དུ་ལྟ་བ་ཞེས། །འཁོར་བ་སྤང་མེད་མྱང་འདས་སྒྲུབ་མེད་ཀྱི། །དོན་རྟོགས་དྲོད་ཐོབ་ཀློང་དུ་གྱུར་པའོ། །གསུམ་པ་གལ་མདོ་ངེས་པའི་དམ་ཚིག་གསུམ། །མ་ཁྲེལ་བ་ཡི་ཚུལ་དང་མ་ཉམས་མདོ། །མཐར་ཕྱིན་གྲུབ་པའི་རྟགས་དང་གསུམ་ཡིན་ཏེ། །དང་པོ་མ་ཁྲེལ་བ་ལ་བླ་མ་དང་། །ཡི་དམ་ལྷ་དང་རང་གིས་མ་ཁྲེལ་བའོ། །གཉིས་པ་མ་ཉམས་པ་ལ་རྩ་བ་དང་། །ཡན་ལག་ཟླ་དང་ཞོར་གྱིས་མ་ཉམས་པའོ། །གསུམ་པ་མཐར་ཕྱིན་རྟགས་ལ་དམ་ཅན་འདུ། །མཐུ་རྩལ་ཆེ་དང་བྱིན་རླབས་མྱུར་བ་དང་། །རིགས་རྒྱུད་ཆགས་དང་ཡིད་འོང་འབྱུང་བ་དང་། །འདོད་པ་འགྲུབ་དང་མང་པོས་བཀུར་བ་དང་། །སྙན་པས་ཕྱོགས་མཐར་ཁྱབ་དང་བརྒྱད་ཡིན་ནོ། །བཞི་པ་ལྟ་བ་ཉམས་དྲོད་དམ་ཚིག་བཞི། །གདལ་བ་ཆོས་ཉིད་རིག་པ་ཡེ་ཤེས་དང་། །སྤྲུལ་པ་ཕྱག་རྒྱ་ཁྱབ་པ་སྙིང་རྗེའི་ལྷ། །འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི། །ཁྱད་ཆོས་གནས་ལུགས་བྱ་རྩོལ་བྲལ་བའི་ཀློང་། །བསྲུང་མེད་ཡེ་བསྲུངས་རྒྱལ་པོའི་མདོ་ཆིངས་ཏེ། །དེ་ནས་གོང་གི་གོ་རིམ་ཇི་ལྟ་བར། །མེད་༼རྒྱ་ཆད་ཕྱོགས་ལྷུང་མེད་པས༽དང་ལྷུན་གྲུབ་༼སྐུ་ལྔ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པས༽ཕྱལ་༼ཁྱབ༽ཅིང་བརྡལ་བའོ། །དེ་དག་རྒྱས་པར་ཀུན་མཁྱེན་ཆེན་པོ་ཡིས། །གནས་ལུགས་རིན་ཆེན་མཛོད་དུ་ལེགས་པར་བསྟན། །མེད་པའི་གནད་བཀྲོལ་བཅོ་བརྒྱད་འགག་སྡོམ་བདུན། །ཆིངས་བཅིངས་བདུན་དང་ལ་བཟླ་བ་ལ་བརྒྱད། །གཅིག་བུའི་གནད་བཀྲོལ་བཅུ་དང་འགག་སྡོམ་ལྔ། །ཆིངས་བཅིངས་བཞི་དང་ལ་བཟླ་བ་ལ་བཞི། །ལྷུན་གྲུབ་གནད་བཀྲོལ་བཅུ་གཅིག་འགག་སྡོམ་ལྔ། །ཆིངས་བཅིངས་གསུམ་དང་ལ་བཟླ་བ་ལ་བརྒྱད། །ཕྱལ་བའི་གནད་བཀྲོལ་དགུ་དང་འགག་སྡོམ་ལྔ། །ཆིངས་བཅིངས་དྲུག་དང་ལ་བཟླ་བ་ལ་གཉིས། །དགོངས་དོན་གབ་པའི་གསང་བ་མ་རྟོགས་ཤིང་། །སྦས་པའི་གསང་བ་མངོན་པར་འཆོལ་བ་བཤགས། །དམ་ཚིག་སྲུང་མཚམས་ཇི་བཞིན་མི་ཤེས་དང་། །བླ་མ་དམ་པར་གུས་པ་མི་སྐྱེད་དང་། །བག་མེད་གནས་ལ་གོམས་པ་ཆེར་བརྟས་དང་། །ཉོན་མོངས་མཐུ་ཆེ་བ་སྟེ་ལྟུང་བ་ནི། །འབྱུང་བའི་སྒོ་བཞི་མ་བསྲུང་མཐོལ་ལོ་བཤགས། །གཞན་ཡང་ཞག་གིས་ཆོད་ན་འགལ་བ་དང་། །ཟླ་བ་ལོན་ན་ཉམས་དང་ལོ་གཅིག་འདས། །ལོ་གཉིས་ལོན་ན་རལ་བར་འགྱུར་བ་སྟེ། །འགལ་དང་ཉམས་དང་འདས་དང་རལ་བ་བཤགས། །མཐོ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །གནས་སྐབས་མི་མཐུན་རྐྱེན་ངན་བར་ཆད་ཞི། །གྲུབ་ཆེན་བརྒྱད་དང་འཕྲིན་ལས་རྣམ་བཞི་འགྲུབ། །མཐར་ཐུག་ཀུན་བཟང་གདོད་མའི་གོ་འཕང་འཐོབ། །དོན་གཉིས་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི། །བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ཐོབ་ཤོག །
སྨྲས་པ། གསང་བ་སྔགས་ཀྱི་འཇུག་སྒོ་སྨིན་བྱེད་དབང་། །དེ་ཡི་སྲོག་གི་རྩ་བ་དམ་ཚིག་སྟེ། །དེ་ཕྱིར་དམ་སྡོམ་ཡིད་བཞིན་དབང་གི་རྒྱལ། །གཅེས་སྤྲས་བྱི་དོར་བྱེད་པ་འདུན་མའི་རྩེ། །ཇི་བཞིན་བསྲུང་ན་གནས་སྐབས་མཐར་ཐུག་གི། །སྨོན་པའི་དོན་ཀུན་འགྲུབ་པའི་དགེ་མཚན་གྱི། །པདྨའི་རྩ་ལག་གསར་པའི་འཛུམ་ཞལ་མདངས། །རྩེ་དགའ་དགོད་པའི་བདེ་དགའ་ཐོབ་པར་ངེས། །ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་རྣམས་བསྔོ་བགྲང་བྱེད་ཚུལ་དང་འབྲེལ་བའི་བཤགས་པ་ཉི་ཟླའི་རྒྱན་ཕྲེང་ཞེས་བྱ་བ་ལྟ་བུ་ཞིག་དགོས་ཞེས། རང་སློབ་དད་དམ་གྱི་ནོར་བུ་འཛིན་པའི་ཀོའུ་སྡེའི་དགེ་སློང་སངྒ་ར་མིས་ལྷ་རྫས་བཅས་བསྐུལ་ངོར། སྔགས་བཙུན་པདྨ་མི་འགྱུར་ཐུགས་མཆོག་རྡོ་རྗེ་རྩལ་གྱིས་བྲིས་པ་དགེའོ། །

རྩོམ་སྒྲིག་པ། མཁའ་སྤྱོད་དབང་མོ།

47.2K