སྔགས་འཆང་ལྷ་རིས་པ་ཙོང་ཁ་པདྨ་དོན་གྲུབ།

སྔགས་འཆང་ལྷ་རིས་པ་ཙོང་ཁ་པདྨ་དོན་གྲུབ།
སྔགས་འཆང་ལྷ་རིས་པ་ཙོང་ཁ་པདྨ་དོན་གྲུབ།

ལྷ་རིས་པ་ཙོང་ཁ་པདྨ་དོན་གྲུབ་ལགས་ནི་སྤྱི་ལོ༡༩༧༥ལོར་མཚོ་སྔོན་ཧྭ་ལུང་རྫོང་གསེར་གཞུང་ཡུལ་ཚོའི་བྲག་དཀར་བུ་རྒྱུད་སྡེ་བར་ལྷ་བཟོའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་གནའ་བོའི་ཙོང་ཁ་ཚོ་ཁག་བཅུ་གསུམ་གྱི་འགག་ཚ་ཚོ་བར་གཏོགས། ཁྱིམ་རྒྱུད་དེར་འཁྲུངས་པའི་སྔགས་འཆང་གཡང་འབུམ་དང་ལྷ་བཟོ་འཕྲིན་ལས། ལྷ་བཟོ་བསམ་གཏན་གསུམ་ནི་ཙོང་ཁའི་ལྷ་རིས་སྒྱུ་རྩལ་པའི་ཁྲོད་ཆེས་ཕུལ་དུ་བྱུང་བའི་གྲས་ཡིན། སྔགས་འཆང་ལྷ་རིས་པ་ཁོང་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཐང་གའི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། ཧྭ་ལུང་རྫོང་བོད་ཀྱི་རིག་གནས་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་ཚོགས་པའི་གཙོ་འཛིན་གཞོན་པ། ཙོང་ཁའི་རིག་གནས་སྒྱུ་རྩལ་ཚོགས་པའི་ཚོགས་མི་བཅས་ཡིན།  ཁོ་པ་སློབ་འབྲིང་མཐར་ཕྱིན་རྗེས་སྒྲུབ་སྡེ་ཆེན་པོ་པདྨ་ཆོས་འཕེལ་གླིང་གི་ཆོས་སྒོར་ཞུགས་ཤིང་། རང་གི་མེས་པོ་སྔགས་འཆང་དོན་གྲུབ་ཚེ་རིང་དང་ཕ་སེང་ཆེན་དོན་གྲུབ་གཉིས་ཀྱི་དྲུང་ནས་གསང་སྔགས་རྙིང་མའི་འདོན་རྟ་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ། གར་འཆམ་ལ་སོགས་པར་སྦྱངས་པ་བྱས། སྔ་གཞུག་ཏུ། དགུ་རོང་རྒྱལ་སྲས་རིན་པོ་ཆེ་དང་བླ་མ་རྟ་མགྲིན་ཚང་། རྫོགས་ཆེན་པདྨ་སྐལ་བཟང་། རྡོ་གྲུབ་རིན་པོ་ཆེ། ཨ་ལགས་ཡར་ཁ་ཚང་། སྐུ་འབུམ་ཨ་ལགས་ཀེ་ཀྱཱ་ཚང་། ཉྭ་ནག་མཁན་པོ་ཚེ་དབང་རིག་འཛིན་དང་། ཀ་བཞུར་སྐུ་ལོ་མཁན་ལུང་རྟོགས་ཚང་། སྔགས་འཆང་ཐུབ་བསྟན་དྲི་མེད་སོགས་མཁན་སྤྲུལ་མང་པོ་ལས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་ཞུས་ཤིང་། ཉམས་ལེན་གྱི་རིམ་པར་སློབ་གཉེར་བྱས་ཏེ་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གྲུབ་པར་བྱས་ལ། ད་ལྟའང་བླ་མ་དམ་པ་དག་གི་མདུན་ནས་ཆོས་ཁྲིད་ཞུ་མུས་སུ་སྔགས་པ་གཞུང་གི་ལས་སྣེའི་རིམ་པ་སྐྱོང་བཞིན་གནས་སོ།  །

image
འོད་དཔག་མེད་ཀྱི་ཞིང་ཐང་།

ཁོང་ནི་ཆུང་ངུའི་དུས་ནས་རི་མོ་ལ་བག་ཆགས་ཟབ་མོ་ཡོད་པར་བརྟེན། རང་གི་མེས་པོ་དོན་འགྲུབ་ཚེ་རིང་གི་མདུན་ནས་མཆོད་རྟེན་གྱི་ཐིག་རྩ་དང་དཀྱིལ་འཁོར་གྱི་ཐིག་རྩ། རྡུལ་ཚོན་དཀྱིལ་འཁོར་ལྡུག་ཚུལ། སྔགས་པ་གཞུང་གི་གཏོར་མ་དང་མར་རྒྱན་མཆོད་པ་སོགས་བསླབས་པས་སྔགས་པ་གྲྭ་ཚང་སྤྱི་ནས་བསྔགས་བརྗོད་ཚད་མེད་ཐོབ་མྱོང་།

image
ཞི་བ་བཞི་བཅུ་རྩ་གཉིས།

སྤྱི་ལོ ༡༩༩༢ལོའི་ཟླ་༢པའི་ནང་སྐྱབས་རྗེ་བླ་མ་ཡར་ཁ་རིན་པོ་ཆེ༧ དགེ་འདུན་ངག་དབང་བསྟན་དར་དཔལ་བཟང་པོ་མཆོག་གི་དྲུང་ནས་ལྷ་རིས་སྒྱུ་རྩལ་འབྲི་སྦྱོང་གི་ལས་ལ་ཞུགས་པ་དང་། ལོ་ངོ་དྲུག་ཙམ་གྱི་ཡུན་ལ་སྐྱ་རིས་ཐིག་རྩ་ནས་ཚོན་གསོལ་མདངས་གཏོང་གི་བར་བླ་མ་རིན་པོ་ཆེ་ཡིས་བཀའ་ཡི་གནང་བ་ཐོབ་ཀྱི་བར་དཔྱིས་ཕྱིན་པར་སྦྱངས་པས༼ལག་རྩལ་ཆེས་མཐོ་བའི་མཐར་ཕྱིན་འཛིན་ཡིག་༽གནང་ཞིང་ཁོང་གི་སློབ་མ་ལས་རྩེ་གྲས་སུ་གྱུར། ཁོས་བཞེངས་བྱས་པའི་༼འོད་དཔག་མེད་ཀྱི་ཐང་ག༽ལ་བླ་མ་ཡར་ཁ་ཚང་གིས་བསྟོད་བསྔགས་ཚད་མེད་གནང་ཞིང་། ཐང་གའི་རྒྱབ་ཏུ་༼ ལྷ་བཟོ་རྩེར་སོན༽ཞེས་པའི་ཕྱག་བྲིས་ཀྱང་གནང་། གཞན་ཡང་ལྷ་རིས་པ་རྒན་རབས་དག་གིས་བླ་མེད་མཛུབ་ཁྲིད་དང་། རང་མཉམ་ལྷ་རིས་པ་སུ་ལའང་ཧ་ཅང་ཁེངས་སྐྱུང་གིས་འགྲོགས་བདེ་གཤིབ་བདེ་བྱེད་ཞོར་གཞན་ལས་ཉམས་མྱོང་གང་ཡོད་བླངས་ཤིང་། རང་གི་འབྲི་ལུགས་འདྲ་བཤུས་ལས་བརྒལ་ཕྱིར་འཚོལ་ཞིབ་དང་ཚོད་ལྟ་ལག་ལེན་བྱས་པ་བརྒྱུད། ད་ཆ་སྐྱ་རིས་ནས་ཚོན་ཁ་མདངས་བཅད་སོགས་ཕྱོགས་གང་ཐད་ནས་ཐུན་མོང་མ་ཡིན་པའི་རང་ལུགས་ཁྱད་ཆོས་ཤིག་ཆགས་ཡོད།

image
ཁྲག་འཐུང་ལྔ་བཅུ་རྩ་བརྒྱད།

༢༠༡༡ལོ་ནས༢༠༡༣ལོའི་བར་ཧྭ་ལུང་ལས་རིགས་ལག་རྩལ་སློབ་གྲྭ་རུ་ཟབ་སྦྱོང་ལ་ཞུགས་ཏེ་སློབ་མཐར་ཕྱིན་ཅིང་། ༢༠༡༣ལོ་ནས༢༠༡༤ལོའི་ཟླ༣པའི་བར་མཚོ་སྔོན་རབ་རྒྱས་བོད་ཀྱི་རི་མོ་རྒྱུད་འཛིན་ལྟེ་བར་ཟབ་སྦྱོང་ལ་ཞུགས་ནས་མཐོ་རིམ་མཐར་ཕྱིན་འཛིན་ཡིག་བརྙེས། ཡང་ལོ་དེར་མཚོ་སྔོན་ཞིང་ཆེན་ལས་རིགས་ལག་རྩལ་ལྟེ་གནས་ཀྱིས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་རི་མོའི་ལག་རྩལ་རྒྱུགས་གཞིའི་ཁྲོད་རྒྱལ་ཁབ་རིམ་པའི་དམའ་རིམ་ལག་རྩལ་ཐོབ་ཐང་འཛིན་ཡིག་བླངས། ༢༠༡༤ལོའི་ཟླ་༦པའི་ཚེས༢༥ཉིན་ལྷ་སར་བསྡུས་པའི་སྐབས་དང་པོའི་ཐང་ག་སྒྱུ་རྩལ་གྱི་ཆེས་མཐོའི་བགྲོ་གླེང་ཞེས་པའི་འདུ་འཛོམས་ལ་ཞུགས། སྤྱི་ལོ༢༠༡༥ལོར་ལྷ་སར་བསྡུས་པའི་སྐབས་གཉིས་པའི་ཐང་ག་སྒྱུ་རྩལ་འགྲན་སྟོན་ལ་ཞུགས་ཤིང་། ཡང་ལོ་དེར་ཟི་ལིང་ནས་བསྡུས་པའི་ཐང་ག་སྒྱུ་རྩལ་འགྲན་ནུས་ཐོག་ཁོང་གིས་བྲིས་པའི་ཞི་ཁྲོ་དམ་པ་རིགས་བརྒྱའི་ཐང་ག་ལ་དགའ་རྟགས་ཨང་དང་པོ་ཐོབ།
ད་ལྟ་ཁོང་གི་བརྩམས་ཆོས་སྐོར་ཞིག་ཨ་རི་དང་ཐའེ་ཝན། ཞང་ཀང་། པེ་ཅིང་། ཧྲང་ཧེ། ཏ་ལེན། ཧོ་པེ། ཅང་ཞི། ནང་སོག ཧྲན་ཞི། ཧྲའན་ཞི། ཀོང་ཀྲོའུ། ཅང་སུའུ་ནན་ཅིན་དང་ལེན་ཡོན་ཀང་སོགས་ཀྱི་ཆོས་དད་པ་དང་ཐང་ག་བདག་གཉེར་མཁན་དག་གིས་ཉར་ཚགས་བྱས་ཡོད་ཅིང་། སྒྲུབ་སྡེ་ཆེན་པོ་པདྨ་ཆོས་འཕེལ་གླིང་དང་ཨ་བོ་བུ་རྒྱུད་སྔགས་ཁང་། མཚོ་ལྷོའི་ཐང་དཀར་མོ་ཁྱ་ཚང་སྔགས་ཁང་སོགས་ཀྱི་འདུ་ཁང་ལ་ཚོན་རྩི་གསོལ་སྐབས་གཙོ་འགན་འཁུར་ཞིང་། སྐུ་འབུམ་དགོན་པ་དང་བ་ཡན་པདྨ་ཆོས་འཕེལ་གླིང་། ཆ་རྒྱ་སྔགས་ཁང་། ཨ་བོ་བུ་རྒྱུད་སྔགས་ཁང་། ཀ་རིང་སྔགས་ཁང་། བྲག་ཁང་སྣ་ཁ་སྔགས་ཁང་། ཁམས་གསེར་རྟ་ཞོ་རོག་དགོན་པ་དང་ཉག་རོང་སོགས་སུ་ལྡེབས་བྲིས་དང་ཐང་ག་མང་པོ་བཞེངས་སྐྲུན་བྱས་ཡོད།

image
རྡོ་རྗེ་འཇིགས་བྱེད།

དེ་བཞིན་དུ་ལྷ་རིས་ཀྱི་ཕྱོགས་ལ་རྐང་འཛིན་གྱི་སློབ་མ་སུམ་ཅུ་ལྷག་གསོ་སྐྱོང་བྱས་པ་དང་། ད་ལྟའང་སྔགས་པ་གཞུང་གི་ལས་སྣེ་རིམ་པ་སྐྱོང་ཞོར་སློབ་མ་དོན་གཉེར་ཅན་རྣམས་ལ་རང་གི་ནུས་ཚོད་ཀྱིས་བླ་མ་ཡར་ཁ་ཚང་གི་བྲིས་རྒྱུན་བོད་ཀྱི་སྲོལ་རྒྱུན་རི་མོ་དང་ཐང་གའི་སྐྱ་རིས་སོགས་དར་སྤེལ་བྱེད་བཞིན་ཡོད་དོ། །

47.2K