སྔགས་འཆང་ལྷ་རིས་པ་བཱ་ཡན་ཆོས་རྗེ་རིག་འཛིན།

q4ལྷ་རིས་པ་ཆོས་རྗེ་རིག་འཛིན་ལགས་ནི་སྤྱི་ལོ༡༩༧༠ལོར་མདོ་སྨད་ཤར་ཕྱོགས་ཀྱི་བཱ་ཡན་ས་ཆའི་བྲག་དཀར་བུ་རྒྱུད་སྡེ་བར་སྐྱེས་ཤིང་། ད་ལྟ་རྒྱལ་ཁབ་རིམ་པའི་བཟོ་བཀོད་མཛེས་རྩལ་སློབ་དཔོན་ཆེན་མོ་དང་། མཚོ་སྔོན་ཞིང་ཆེན་ཐང་གའི་སྒྱུ་རྩལ་ཚོགས་པའི་ལས་འཛིན། དཔའ་ལུང་རྫོང་ཐང་ག་སྒྱུ་རྩལ་ཚོགས་པའི་གཙོ་འཛིན། མཚོ་སྔོན་ཞིང་ཆེན་ཆོས་རྗེ་བོད་ཀྱི་རིག་གནས་སྒྲོག་སྤེལ་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ། ཧྭ་ལུང་རྫོང་སྒྲུབ་སྡེ་ཆེན་པོ་པདྨ་ཆོས་འཕེལ་གླིང་གི་སྔགས་མང་དོ་དམ་ཁང་གི་ཀྲུའུ་རིན་སོགས་ཡིན།
ཆུང་ངུའི་དུས་ནས་ཀྱང་རི་མོ་འབྲི་རྒྱུར་ཧ་ཅང་དགའ། སློབ་འབྲིང་མཐར་ཕྱིན་རྗེས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་མུ་མཐུད་དུ་སློབ་གྲྭར་ཞུགས་མ་ཐུབ་པར་ཕྱིར་རང་ཡུལ་དུ་ལོག དེ་ནས་སྔ་རྗེས་སུ་ཁོ་རང་གི་མེས་པོ་སྔགས་འཆང་འཇམ་དཔལ་རྡོ་རྗེ་དང་སྔགས་པ་དོན་འགྲུབ་ཚེ་རིང་། དགེ་རྒན་འབུམ་རྒྱལ། ཉྭ་ནག་མཁན་པོ་ཚེ་དབང་རིག་འཛིན། སྔགས་འཆང་ཐུབ་བསྟན། མཁན་པོ་ལུང་རྟོགས་རྒྱ་མཚོ། ཨ་ལགས་རྟ་མགྲིན་རིན་པོ་ཆེ་སོགས་ཀྱི་མདུན་ནས་འདོན་ཆོས་སྤྱོད་དང་བཅའ་ཀ་ཕྱག་ལེན། སུམ་རྟགས་དག་གསུམ་དང་ཀུན་བཟང་ཞལ་ལུང་སོགས་ནས་ཀློང་ཆེན་སྙིང་ཐིག་གི་དབང་ལུང་གི་རིམ་པ་རྣམས་ཐོབ།

དེ་ནས༧ ཨ་ལགས་ཡར་ཁ་རིན་པོ་ཆེ་ཚང་གཙུག་ཏུ་བསྟེན་ནས་ལོ་དྲུག་གི་ཡུན་ལ་ལྷ་རིས་ལག་རྩལ་ལ་སྦྱང་བ་དོན་གཉེར་བྱས་ནས་ངེས་པ་གཏིང་ཚུགས་པར་གྱུར། ༡༩༩༧ལོའི་ཟླ ༥ པའི་ནང་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ་གསར་བཞེངས་ཀྱི་ལས་ལ་ཞུགས་ཤིང་ཀུན་འདུས་ཞལ་ཐང་ཆེན་མོའི་མཚོན་རྟགས་རི་མོ་ཁོ་རང་ཉིད་ཀྱིས་འགྲུབ་པར་བྱས། དེའི་སྐབས་ཕྱོགས་སོ་སོའི་ལྷ་རིས་མཁས་པ་མང་པོ་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་པོ་བྱུང་།

image
ཨ་ལགས་ཡར་ཁ་རིན་པོ་ཆེའི་ཞལ་ཁྲིད་ལ་ཉན་བཞིན་པ།
q5
ཀུན་འདུས་ཞལ་ཐང་ཆེན་མོ་བཞེང་པའི་ལས་ཀར་ཞུགས་ནས་རྙིང་མའི་ལྷ་དཔོན་མཛད་དུས་བཞེངས་པའི་གུ་རུ་རིན་པོ་ཆེའི་རྣམ་ཐར་ཞལ་ཐང་གི་ཚན་པ་གཅིག
q2
ཀུན་འདུས་ཞལ་ཐང་ཆེན་མོ་བཞེང་པའི་ལས་ཀར་ཞུགས་ནས་རྙིང་མའི་ལྷ་དཔོན་མཛད་དུས་བཞེངས་པའི་གུ་རུ་མཚན་བརྒྱད་ཞལ་ཐང་གི་ཚན་པ་གཅིག
image
ཀློང་ཆེན་སྙིང་ཐིག་གི་ཚོགས་ཞིང་།
image
རྗེ་ཙོང་ཁ་པའི་ཞལ་ཐང་།

༢༠༠༠ལོར་གནས་མཆོག་ལྷ་སར་ཕེབས་ཏེ་ལྷ་རིས་པ་གྲགས་ཆེན་ཨ་མདོ་བྱམས་པ་ལགས་དང་མཇལ། དགེ་རྒན་ཆེན་པོ་ཁོང་གིས་གཟིགས་སྐྱོང་འོག་ལོ་ངོ་གཉིས་ཙམ་ལ་ཐིག་རྩ་གཞུང་ཆ་ལག་དང་བཅས་པ་ལ་གདེང་རྙེད་དེ་སྐབས་དེའི་ན་གཞོན་ལྷ་རིས་པའི་སྡེ་ནས་ལག་རྩལ་རྩེ་གྲས་སུ་གྱུར། གཞན་ཡང་རྒན་བརྩོན་འགྲུས་རབ་རྒྱས་དང་བསྟན་པ་རབ་བརྟན་སོགས་ཀྱི་ཞབས་ལ་གཏུགས་ཤིང་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས། ༢༠༠༧ ལོར་མཚོ་སྔོན་ཞིང་ཆེན་མི་རིགས་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་མིར་བདམས་པ་དང་མཚོ་ཤར་ས་ཁུལ་གྱི་ཞིང་ལས་མཚན་རྩལ་ཤེས་ལྡན་མི་སྣའི་གཟི་བརྗིད་ཀྱི་མཚན་བྱང་གནང་།

ཁོང་གིས་བཞེངས་པའི་ཐང་ག་ནི་མཚོ་སྔོན་རེབ་གོང་སྒྱུ་རྩལ་ཁང་དང་རེབ་གོང་གངས་ཅན་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་ལེན་ཀུང་སི། མཚོ་སྔོན་ཡུལ་ཤུལ་གཙང་གསུམ་འབྱུང་ཁུངས་བོད་ཀྱི་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་ལེན་ཀུང་སི། མཚོ་སྔོན་བདེ་སྐྱིད་རུ་ཁག་ཚད་ཡོད་འགན་ལེན་ཀུང་སི། མཚོ་སྔོན་འཇིགས་མེད་སྨན་ཁང་། མཚོ་སྔོན་བོད་སྨན་ཁང་། རྫ་སྐྱེ་དགུ་དགོན། ཁྲ་འགུ་དགོན། རོང་བོ་དགོན། བྱ་ཁྱུང་དགོན། གཞན་ཡང་པེ་ཅིན་དང་ཨ་རི། འཇར་པན། བལ་བོ། རྒྱ་གར་སོགས་ཕྱོགས་སོ་སོའི་བཤམ་སྟོན་ཁང་དང་ཐང་ག་བདག་ཉེར་བ། ཚོང་བ་བཅས་ཀྱིས་ཉེར་ཚགས་བྱས་ཡོད་པ་མ་ཟད། ༢༠༡༡ ལོར་རེབ་ཀོང་རྗེ་ཙོང་ཁ་པའི་སྟོང་ཐང་ལས་གཞི་ཚན་ཆུང་གི་གདན་འདྲེན་བྱས་པ་བཞིན་དེར་ཕེབས་ཏེ་བྱ་བའི་ལས་སུ་ཞུགས།
ཁོང་གི་བརྩམས་ཆོས་མགོན་པོ་འོད་དཔག་མེད་ཀྱི་ཞིང་བཀོད་ལ་ཞིང་ཆེན་མི་རིགས་ལག་ཤེས་བཟོ་རྩལ་འགྲེམ་སྟོན་ཐོག་དགའ་རྟགས་ཨང་གཉིས་པ་ཐོབ་པ་དང་། སྒྲ་སྒྱུར་མར་བ་ལོ་ཙཱའི་ཞལ་ཐང་ལ་ཐེངས་གཉིས་པའི་རེབ་གོང་ཡུལ་སྐོར་ལྗོངས་རྒྱུའི་དུས་ཆེན་གྱི་འགྲེམ་སྟོན་ཐོག་ཨང་གཉིས་པའི་དགའ་རྟགས་ཐོབ། ༢༠༡༤ལོར་བརྩམས་ཆོས་ཕྱག་ན་རྡོ་རྗེ་ལ་གཙང་གསུམ་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་འགྲེམ་སྟོན་སྟེང་ཨང་དང་བོའི་དགའ་རྟགས་ཐོབ། ཡང་ལོ་དེར་ལྷ་ས་ནས་བསྡུས་པའི་ཀྲུང་གོ་ཐང་ག་སྒྱུ་རྩལ་གྱི་ཆེས་མཐོའི་བགྲོ་གླེང་ཞེས་པའི་འདུ་འཛོམས་ལ་ཞུགས། ༢༠༡༤ལོར་ཁྲིམས་ལུགས་ཀྲུང་གོ་ཐེངས་དང་པོ་ཡིག་རིས་འགྲེམ་སྟོན་ཐོག་ཁྱད་འཕགས་ཅན་གྱི་དགའ་རྟགས་ཐོབ། སྤྱི་ལོ ༢༠༡༥ལོར་ལྷ་སར་བསྡུས་པའི་སྐབས་གཉིས་པའི་ཐང་ག་སྒྱུ་རྩལ་འགྲེམ་སྟོན་ལ་ཞུགས། ༢༠༡༣ལོ་ནས་༢༠༡༥ལོའི་བར་རྡོ་ཚོན་འབའ་ཞིག་ལས་གྲུབ་པའི་ཙོང་ཁ་བརྒྱད་བཅུའི་ཞལ་ཐང་ལེགས་འགྲུབ་བྱུང་བར་མདོ་དབུས་ཁམས་གསུམ་གཙོས་རྒྱལ་ཕྱི་ནང་གི་ལྷ་རིས་པ་དང་ཆེད་མཁས་པ་མང་པོས་གདེང་འཇོག་དང་བསྟོད་བསྔགས་ཚད་མེད་གནང་།
ད་ལྟ་རང་གི་ཕྲག་ཏུ་བབས་པའི་རླབས་ཆེན་གྱི་འོས་འགན་ལྗིད་པོ་དེ་དགའ་དད་སྤྲོ་གསུམ་གྱིས་དང་དུ་བླངས་ཏེ་རྨ་ཆུའི་རྒྱུད་ཀྱི་བོད་ཀྱི་ལྷ་རིས་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་ལ་སྲི་ཞུ་མི་དམན་པ་སྒྲུབ་བཞིན་ཡོད་དོ། །

image
སྒྲུབ་སྡེ་ཆེན་པོ་པདྨ་ཆོས་འཕེལ་གླིང་གི་ཚོགས་གྲལ་དུ་བཞུགས་ཡོད་པ།
image
ཕྱོགས་འདུས་བུ་སློབ་མང་པོར་ཐིག་རྩ་ཁྲིད་བཞིན་པ།
47.2K