མཁན་པོ་གུ་རུ་ཚེ་དབང་མཆོག་ནས་རོང་ཟོམ་པའི་གསུང་གསར་རྙེད་བྱུང་བ།

  མཁན་པོ་གུ་རུ་ཚེ་དབང་མཆོག་ནི་རོང་ཟོམ་པའི་གསུང་ལ་དགའ་དད་སྤྲོ་གསུམ་གྱིས་འཇུག་པ་ཡངས་པའམ་ཉམས་ཞིབ་རྣལ་མ་གནང་མཁན་ཞིག་ཡིན་ལ། ད་རེབ་ཁོང་གིས་རོང་ཟོམ་པའི་གསུང་རྩོམ་གསར་རྙེད་བྱུང་རིགས་ཀྱི་དཀར་ཆག་གསལ་བཤད་དང་བཅས་པར་བསྒྲིགས་ནས་ཀུན་ལ་གཟིགས་མོར་ཕུལ་བ་ནི་གཤམ་གསལ་ལོ། །

༡༽དཔལ་རྡོ་རྗེ་ཕུར་པའི་གཞུང་ཕྱོགས་གཅིག་གི་བཀོལ་བྱང་ལུགས་གཅིག་ཅེས་པ་ཞིག་བཞུགས་པ་དེའི་མཇུག་ཏུ། འདི་བླ་མ་མཁས་གྲུབ་རོང་ཟོམ་གྱིས་མཛད་དོ། །ཞེས་པའི་མཆན་འདུག

༢༽རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་གྱི་ཐོ་བྱང་རོང་ཟོམ་གྱིས་མཛད་པ། དེའི་མཇུག་ཏུ། བསྙེན་སྒྲུབ་གསུམ་གྱི་ཐོ་བྱང་འདི། །གང་ཟག་བློ་དམན་རྣམས་ལ་ཕན་ཕྱིར་བརྩམས། །ཉེས་འགལ་ནོངས་པར་གྱུར་པ་ཅི་མཆིས་པ། །འཕགས་དང་མཁས་པ་དགེ་བའི་བཤེས་གཉེན་ལ། །བཟོད་པར་གསོལ་ལོ་ཚངས་པར་སྩལ་དུ་གསོལ། །ཞེས་འདུག

༣༽ཕུར་པའི་སྨད་ལས་ཀྱི་རིམ་པ་རོང་ཟོམ་གྱིས་མཛད་པ། ཞེས་པ་ཞིག་ཀྱང་བཞུགས། མཛད་བྱང་མེད། ཡོངས་གྲགས་ཀྱི་རོང་ཟོམ་གསུང་ཕལ་ཆེར་ལའང་མཛད་བྱང་མེད་པ་མང་།

༤༽དཔལ་རྡོ་རྗེ་ཕུར་པའི་སྦྱིན་སྲེག་གི་ཆོ་ག་རོང་པ་ཆོས་ཀྱི་བཟང་པོས་མཛད་པ།ཞེས་པ་ཞིག་ཀྱང་བཞུགས།
གོང་གི་འདི་བཞི་ནི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། མཁན་པོ་འཇམ་དབྱངས་ཀྱིས་བསྒྲིགས་པ། ཨ་མེ་རི་ཁའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ་ཞེས་གྲགས་པ་དེ་ལས་རྙེད་པ་ཡིན།
ཉེ་ཆར་དྲྭ་ཚོམ་ཞིག་ལས། བོད་ལྗོངས་གཙང་དཔལ་ཆེན་ཧའོ་དགོན་པའི་མཁན་པོ་ཚེ་དབང་དོན་གྲུབ་ཞུ་བ་ཞིག་གི་ཕྱག་ལས་རོང་ཟོམ་ཆེན་པོའི་གསུང་ཞིག་རྙེད། ཁ་བྱང་མེད། ཡོངས་གྲགས་ཀྱི་རོང་ཟོམ་གསུང་ཕལ་ཆེར་ལའང་ཁ་བྱང་མེད། མཇུག་ཏུ། ཆོས་པས་དྲག་ཤུལ་སྤྱད་པར་བསྟན་པའི་ཡི་གེ་འདི། །རུ་ལག་སྨད་ཀྱི་དགེ་བསྙེན་ཧཱུཾ་གར་བས། །ཁྱིམ་ཐབས་སྤངས་ཏེ་ཉན་བསམ་སྒོམ་པར་བརྩམས་པ་ལས། །སྐྱེ་བོ་ངན་པའི་མི་རིགས་གནོད་པ་མང་བྱུང་ནས། །དྲག་ཤུལ་སྤྱད་པར་བརྩམ་མམ་མི་བརྩམ་ཐེ་ཚོམ་སྐྱེས། །ཡལ་བར་བཏང་ན་བདག་དང་ཆོས་པ་ཀུན་ལ་གནོད་པར་མཐོང་། །སྤྱད་ན་ཕྱི་མར་རྣམ་སྨིན་འབྲས་བུ་ལྕི་ཡིས་དོགས། །རྟོག་པའི་དྲ་བར་ཚུད་ནས་ཚུལ་འདི་བདག་ལ་དྲིས། །དེ་ཡི་རྟོག་པའི་དྲ་བ་ཕྲ་མོ་གཅད་པའི་ཕྱིར། །ལུང་དང་རིགས་པ་གཏན་ཚིགས་འདི་དག་ཡི་གེར་བཀོད། །ཆོས་པ་གང་དག་ཡི་གེ་འདི་དང་འཕྲད་པ་རྣམས། །ཐབས་ཀྱིས་ཟིན་པའི་སྒོ་ནས་བསྟན་པ་གཟུང་པར་མཛོད། །རོང་ཟོམ་ཆོས་ཀྱི་བཟང་པོས་བྱས་པ། རྫྭོགསྭ་སྷོ། ཨཱི་ཐཱི། ཞེས་འདུག
ཡང་། བསྟན་འགྱུར་ལས། གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་དཀའ་འགྲེལ། ཞེས་པ་ཞིག་རྙེད། དེའི་མཇུག་གི་འགྱུར་བྱང་ན་འདི་ལྟར་བཞུགས། གཤིན་རྗེ་ནག་པོའི་རྣམ་འགྲེལ་ཡེ་ཤེས་སྒྲོན་མ་ཞེས་བྱ་བ། སློབ་དཔོན་པདྨ་པཱ་ཎིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་པར་མེ་ཤྭ་ར་དང༌། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་བའོ། །ཞེས་འདུག
ཡང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པ། ཞེས་པ་ཞིག་བཞུགས། དེའི་འགྱུར་བྱང་དུ། རྒྱ་གར་གྱི་མཁན་པོ་ཨུ་ཡ་མ་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།དགེའོ། །བཀྲ་ཤིས། ། ཞེས་འདུག
ཕྱི་མ་འདིའང་བོད་ལྗོངས་གཙང་དཔལ་ཆེན་ཧའོ་དགོན་པའི་མཁན་པོ་ཚེ་དབང་དོན་གྲུབ་ལགས་ཀྱིས་གནང་བ་ཡིན། འདི་ལ་འགྱུར་གཞན་པ་རྗེས་ན་དངོས་གྲུབ་བརྟག་པ་ཞེས་པའི་ལེའུ་ཅན་དེའི་འགྱུར་བྱང་ན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོའི་ལས་ཀྱི་དངོས་གྲུབ་བརྟག་པ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་མོ་གྷའི་ཞབས་ནུས་པ་ཅན་དང་། བོད་ཀྱི་ལོ་ཙ་བ་མར་པ་བནྡེ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་ཅིང་ཞུས་པའོ། །ཞེས་འདུག །རྟོག་པ་གསུམ་པ་ཡན་ཆད་ཚིག་རེ་ཟུང་ཙམ་མ་གཏོགས་རོང་ཟོམ་ཆེན་པོའི་འགྱུར་དེ་དང་འདྲ་འདྲ་རེད། གཅིག་པ་གཅིག་ཀྱང་རེད་ལགས།
ཡང་། ཨ་མེ་རི་ཁའི་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བ་ཞེས་གྲགས་པ་དེ་ལས་སྒྱུ་འཕྲུལ་གྱི་དབང་གི་རིམ་པ་ཞེས་པའི་རོང་ཟོམ་ཆེན་པོའི་གསུང་ཞིག་རྙེད། ཡིད་ཕངས་པ་ཞིག་ལ་ལྡེབ་ངོས་གསུམ་ཙམ་ཆད་འདུག །དེའང་མ་དཔེ་ཆད་པ་མིན་པར་བསྐྱར་པར་རྒྱག་དུས་ཆད་སོང་པ་ཡིན་འདུག །མ་དཔེ་ལོན་ཐབས་ཀྱི་རེ་བ་བྱེད་བཞིན་ཡོད།

47.2K