༄༅། །གྲུབ་དབང་དགོངས་གཏེར་ཐུགས་ཐིག་ཡོངས་རྫོགས་ཀྱི་ཆོས་ཀྱི་བཞུགས་བྱང་གཅིག་ཏུ་དྲིལ་བ་བློ་ལྡན་མཐོང་སྣང་གསལ་བའི་ཉི་འོད་ཅེས་བྱ་བ་བཞུགས་སོ།

༄༅། །ཀུན་མཁྱེན་ཡེ་ཤེས་བདེ་སྟོང་མཉམ་བརྡལ་གཞི་སྣང་སྤྲོས་བྲལ་འོད་མི་འགྱུར་བའི་སྐུ། ། གསལ་གདངས་འགག་མེད་ལྷུན་གྲུབ་རང་འོད་ལོངས་སྤྱོད་རྫོགས་པའི་མངའ་བདག་རིགས་ལྔའི་དཔལ། ། མི་མཇེད་ཞིང་ཁམས་བྱེ་བ་ཕྲག་བརྒྱར་དཔག་ཡས་མཚན་དཔེའི་གཟུགས་སྣང་མངོན་པར་སྤྲུལ། །བདེ་ཆེན་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ་གསུམ་སྟོན་པ་སྲིད་ཞིའི་གཙུག་ན་རྒྱལ། །རྫོགས་ལྡན་དང་པོ་ནས་བཟུང་རྩོད་དུས་ནས། །སྔོན་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། །རིག་འཛིན་བརྡའ་དང་གང་ཟག་སྙན་ཁུང་བརྒྱུད། །གཏད་རྒྱ་སྨོན་ལམ་ཤོག་སེར་ཚིག་ལ་དབང་། །ཁྱད་པར་ཀུན་བཟང་ཐུགས་ཀྱི་སྙིང་པོའི་བསྟན། ། གདུལ་ཞིང་འགྲོ་རྒྱུད་དག་པའི་མོས་སྣང་ངོར། །འཛིན་སྤེལ་སྐྱོང་མཛད་མཁས་དབང་གྲུབ་བརྙེས་ཚོགས། ། ཇི་སྙེད་བྱོན་རྣམས་དད་བརྒྱའི་ཕྱག་གི་གནས། །རྒྱལ་བ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་བི་མ་མི་ཏྲ་རྗེ་འབངས་གྲོགས། །ཀུན་མཁྱེན་ཡབ་སྲས་བྱང་ཆུབ་རྡོ་རྗེ་གྲུབ་དབང་ག་ག་སཱ་རའི་མཚན། །ཆོས་བདག་བཀའ་བབས་བདག་གི་འདྲེན་མཆོག་པདྨ་གཞོན་ནུའི་ཞབས་སེན་གྱིས། །སྐྱེ་དང་ཚེ་རབས་རྣམ་པ་ཀུན་ཏུ་འབྲལ་མེད་རྗེས་བཟུང་བྱིན་གྱིས་རློབས། །ཡང་སྙིགས་དུས་ཀྱི་མཐའ་མ་འདིར། །བྱང་ཕྱོགས་སྨག་རུམ་འཐིབ་པོ་རུ། །གསང་བསྟན་སྒྲོན་མེ་གསལ་བ་འདི། །གུས་ལྡན་སྐལ་བཟང་སྙིང་ནོར་ཏེ། །འདི་འདྲའི་གདམས་པ་འཐོར་ལ་ཕངས།། ཀུན་དྲིལ་དཀར་ཆག་ཐེམ་བྱང་ནི། །རིམ་པར་ཡོངས་རྫོགས་བྲི་བ་ལ། །ཆོས་བདག་སྲུང་མས་གནང་བ་སྩོལ། །

ཅེས་མཆོད་པར་བརྗོད་པ་དང་། རྩོམ་པར་བྱ་བ་ལ་གནང་བའི་སྐབས་དབྱེ་ནས། གང་བྲི་བར་བྱ་བའི་སྤོབས་པ་གྱི་ན་བ་བདག་ལ་ཤིན་ཏུ་ནས་དབེན་ཡང་། རང་ཉིད་ལོ་ན་ཚོད་ཕྲ་བའི་སྐབས་སུ་རང་གི་རིགས་ཀྱི་ཕ་མཆོག གཏེར་སྟོན་པ་བདེ་ཆེན་རྡོ་རྗེ་ཡི་ཟབ་གཏེར་ཆོས་བདག་ཏུ་ལུང་ཐོབ་པ་སྔོན་དུས་ཀྱི་བ་མཁལ་སྨུག་པོའི་སྐྱེས་མཐར་བསྔགས་པ་སྔགས་འཆང་པདྨ་ཆོས་ཀྱི་མྱུ་གུ་དེ་ཉིད་ནས། འོ། སྤྲུལ་སྐུ་ཁྱེད་ལྟ་བུ་ནི་གྲུབ་དབང་བླ་མའི་སྤྲུལ་སྐུ་ཡིན་མིན་ཅི་ཆའང་། སྔོན་ལས་ཀྱི་འབྲེལ་བ་མཚུངས་ལྡན་དུ་གྱུར་ཚེ་མ་འོངས་པར་ཁྱོད་ནས་ཀློང་གྲོལ་ཐུགས་ཐིག་འདི་ལ་འོས་མཐུན་ཟུར་གསལ་དམར་ཁྲིད་ཀྱི་སྲི་ཞུ་ཅི་ནུས་བྱེད་དགོས་ཞེས་བརྩེ་བས་བཀའ་གནང་ཐོབ་པ་ལ་བརྟེན་ནས་བྲི་རྩོམ་བྱ་བ་ལས། འོ་ཟོབ་རང་བཟོའི་གཟུ་ལུམ་ཚིག་ཚོགས་ཀྱིས་བསླད་པ་མ་ཡིན་པའི་རྒྱུ་མཚན་མདོ་ཙམ་བསྙད་ནས། འདིར་དགོངས་གཏེར་ཡོངས་རྫོགས་ཆ་ལག་དང་བཅས་སྟབས་གཅིག་ཏུ་དྲིལ་བའི་ཐེམ་ཡིག་དཀར་ཆག་ཆུ་འབབ་ཏུ་བྲི་བ་ལ། 

ཐོག་མར་རྩ་གསུམ་དྲིལ་སྒྲུབ་གསང་ཆེན་ཡོངས་འདུས་སྐོར། གཉིས་པ་ཉེས་ཚོགས་ཞི་སྦྱོང་རྡོ་རྗེ་སེམས་དཔའ་གསང་འདུས་ཀྱི་སྐོར། གསུམ་པ་ཤེས་རབ་བློ་གྲོས་རྒྱས་བྱེད་འཇམ་དཔལ་ཞི་བ་ཡབ་ཀའི་སྐོར། བཞི་བ་འགྲོ་ཁམས་དབང་སྡུད་སྒྲོལ་མ་དམར་མོ་ཡུམ་ཀའི་སྐོར། ལྔ་བ་དགྲ་བགེགས་སྒྲོལ་བ་དྲག་པོ་ཟླ་གསང་ཐིག་ལེ་དང་ལས་གཤིན་འཆར་ཀའི་སྐོར། དྲུག་པ་ཟབ་ལམ་བླ་སྒྲུབ་རྫོགས་རིམ་སྣང་བཅས་སྣང་མེད་སྐོར། བདུན་པ་བསྟན་འགྲོའི་རྒུད་གསོ་ཀ་འཛུགས་ཀླུང་རྟའི་རྩ་དོན་གཏེར་གཞུང་ལེ་ཚན་ཉུང་བསྡུས་བཅས་བཞུགས་པ་ལས། སྔ་མ་ལ་ནང་གསེས་སུ་ས་བཅད་དྲུག་གི་དང་པོ་གཏེར་འབྱུང་དང་ལུང་བསྟན་གྱི་སྐོར་ལ། (ཀ)བ་ལ་ཐེམ་བྱང་པདྨ་རཱ་གའི་ཕྲེང་བ། (ཁ)བ་ལ་ལོ་རྒྱུས་ཆུ་ཟླའི་གཟུགས་བརྙན། (ག)བ་ལ་གནད་བྱང་སྙིང་མཛོད་སྒྲོམ་བུ་མཁའ་འགྲོའི་བརྡ་ཐམ་ཅན། (ང)བ་ལ་དུས་ཀྱི་ལུང་བསྟན་ཐོར་བུ་བཅས། གཉིས་པ་སྔོན་དུ་འགྲོ་བ་སྤྲོས་བཅས་སྤྲོས་མེད་ཀྱི་དབང་གིས་གཞན་རྒྱུད་སྨིན་པར་བྱ་བ་ལ། (ཅ)བ་ལ་དབང་གི་སྟ་གོན་རབ་གསལ། (ཆ)བ་ལ་མཚམས་སྦྱོར་རབ་གསལ། (ཇ)བ་ལ་ཆོས་བདག་པདྨའི་མཚན་གྱི་གསུང་དབང་སྤྱིའི་ལྷན་ཐབས་དང་སྟ་གོན་གྱི་ཟུར་འདེབས་བཅས། (ཉ)བ་ལ་སྔོན་འགྲོ་གསལ་སྒྲོན། (ཏ)བ་ལ་རང་གིས་བསྒྲིགས་པའི་ཟུར་འདེབས་ཉེར་མཁོ། (ཐ)བ་ལ་དབང་ཆོག་བྱིན་རླབས་ཆུ་བོ་བཅུད་དྲིལ། (ད)བ་ལ་སྤྲོས་མེད་དོན་དབང་ཡིད་བཞིན་སྙིང་པོ་བཅས་སོ། །གསུམ་པ་ཉམས་ལེན་སྒྲུབ་ཐབས་ཀྱི་སྐོར་ལ། (ན)བ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་བདེ་གཤེགས་སྤྱི་དྲིལ་ཕྱི་སྒྲུབ། (པ)བ་ལ་གབ་ཡིག་ཧཱུཾ་གི་འཕྲིན་ལས། (ཕ)བ་ལ་ཧཱུཾ་སྦྱངས་དགའ་རབ་དཔའ་བོའི་ཐོལ་གླུ། (བ)བ་ལ་ཟབ་ལམ་ཧཱུཾ་སྒྲུབ་ཀྱི་མན་ངག་སྐུ་གསུམ་ཀློང་གྲོལ། (མ)བ་ལ་བླ་མའི་རྣལ་འབྱོར་གྱི་གནད་དོན་རབ་ཏུ་གསལ་བ་མནྡ་ར་བའི་མཛེས་རྒྱན། (ཙ)བ་ལ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་འབེབས། (ཚ)བ་ལ་རྩ་གསུམ་སྤྱི་དྲིལ་གསང་ཆེན་ཡོངས་འདུས།བར་འདིར་གོང་འོག་ཅུང་ཟད་སྡེབ་སྤོར་བྱའོ། །ཞི་དྲག་སྟབས་གཅིག་པར་དྲིལ་སྒྲུབ་ཡིན་པའི་ཕྱིར་རོ། ། (ཛ)བ་ལ་འདོན་འགྲིགས་གསལ་བའི་མེ་ལོང་། (ཝ)བ་ལ་འཇའ་ཚོན་པའི་གཏེར་བྱོན་རྒྱལ་བ་སྤྱི་བསྐང། (ཞ)བ་ལ་ཚེ་སྒྲུབ་འཆི་མེད་ཡང་རྫོང་། (ཟ)བ་ལ་དེའི་ཚེ་དབང་བསྐུར་ཐབས་པད་དཀར་ཕྲེང་བ། (འ)བ་ལ་སྒྲུབ་ཁོག་དངོས་གྲུབ་གཏེར་བུམ། ཉུལ་ལེ་བསྐྲད་པ་གིང་བསྐུལ། (ཡ)བ་ལ་དམ་སྐོང་བཤགས་པའི་འཕྲིན་ལས་དང་ལས་བུམ་སྒྲུབ་ཐབས། (ར)བ་ལ་བྱིན་འབེབས་དངོས་གྲུབ་སྤྲིན་ཆར། (ལ)བ་ལ་བསྙེན་ཡིག་རིག་འཛིན་གཞུང་ལམ། (ཤ)བ་ལ་མྱོང་གྲོལ་སྨན་གྱི་ཟིན་ཐོ། (ས)བ་ལ་སྒྲུབ་ཆོག་མྱོང་བ་རང་གྲོལ། (ཧ)བ་ལ་ཁྲོ་མཁར་གྱི་ཏིང་འཛིན་ཁོལ་ཕྱུང་། དངོས་གྲུབ་ཀྱི་ལྟས་བཟང་ངན་བརྟག་ཐབས་དང་དངོས་གྲུབ་ལེན་ཆོག་ཚོགས་རོལ་བསྡུས་པ་བཅས་སོ། །བཞི་བ་དྲག་སྒྲུབ་ཕྲིན་ལས་སྣ་ཚོགས་དང་བཅས་པའི་སྐོར་ལ། (ཨ)བ་ལ་བཟློག་པའི་སྔོན་རྗེས་མི་མཐུན་སད་འཇོམས། (ཀི)བ་ལ་དྲག་སྔགས་གཏོར་མའི་སྒྱོགས་རྡོ། (ཀུ)བ་ལ་བཟློག་བསྡུས་རྡོ་རྗེའི་འཐོར་རླུང་། (ཀེ)བ་ལ་སྲུང་བཟློག་ཙཀྲ་བསམ་གཏན་ཉལ་ཆོག་དཔེ་རིས་གཅིག (ཀོ)བ་ལ་ཕྱག་མཚན་རྡོ་རྗེའི་འཕྲུལ་འཁོར་གྱི་ལོ་གྱོན་ནད་ཡམས་ཀུན་འཇོམས། (ཁི)བ་ལ་ནད་སྲུང་གནད་བྱང་། (ཁུ)བ་ལ་ཕྱག་མཚན་ཁྱུང་ནག་མེ་ཡི་སྤུ་གྲི། (ཁེ)བ་ལ་དེའི་རྗེས་གནང་རང་གིས་བསྒྲིགས་བརྩམས་དང་ཟུར་གསལ་བཅས། (ཁོ)བ་ལ་སྲུང་བཟློག་གཞོམ་མེད་རྡོ་རྗེའི་གུར་ཁང་ལོ་གྱོན་ཁྱུང་སྡིག་གསུམ་གྱི་དཔེ་རིས་བཅས། (གི)བ་ལ་གདོན་གྲོལ་གྱི་རིམ་པ་ལ་འཇུག་ཚུལ། (གུ)བ་ལ་བཀྲུ་བྱབས་གདོན་གྲོལ། (གེ)བ་ལ་ཕྱག་མཚན་སྡིག་པའི་དགོས་སྒྲུབ། བསྟོད་བསྐུལ་གྱི་འཕྲིན་ལས་དེའི་དགོས་བསྲུང་འཁོར་ལོ་གཅིག་བཅས་སྟབས་གཅིག (གོ)བ་ལ་མེ་ཟོར་རྡོ་རྗེའི་ཐོག་ཆར། (ངི)བ་ལ་ཕྱག་མཚན་ཕག་རྒོད་ཀྱི་འཕྲིན་ལས་སྦྱོར་བཤིག་གནམ་ལྕགས་འཁོར་ལོ། (ངུ)བ་ལ་འབྱུང་བའི་སྦྱོར་བཤིག་གནམ་ལྕགས་ཐོག་རྒོད། ནོར་ནད་ས་ལྷོག་སྲུང་བའི་མན་ངག (ང)བ་ལ་འཚེ་བ་གནོན་པ་དམ་སྲི་ཨར་གཏད། (ངོ)བ་ལ་སེར་སྲུང་ཁྲོ་ཆུའི་མཁར་རྫོང་། (ཅི)བ་ལ་སེར་བདག་མཆོད་གསོལ། (ཅུ)བ་ལ་ཆར་འབེབས་ཕན་བདེ་ཀུན་འབྱུང་། (ཅེ)བ་ལ་ཀླུ་གཏོར་བདུད་རྩིའི་སྨན་ཆབ་ཐེབས་བརྟགས། (ཅོ)བ་ལ་སྙིང་གཏེར་སྒྲུབ་པའི་ཆོ་ག (ཆི)བ་ལ་གཏེར་སྦ་ཆོས་བདག་པདྨའི་མཚན་གྱིས་མཛད་པ་བཅས། ལྔ་བ་ཡང་ཁྲོས་ཆ་ལག་དང་བཅས་པར། (ཆུ)བ་ལ་རྟ་ཕུར་དྲིལ་བའི་རྗེས་གནང་། (ཆེ)བ་ལ་ཡང་དག་གསང་འདུས་རྟ་ཕུར་དྲིལ་བ། དེའི་ཟུར་གསལ་ལྷན་ཐབས་ཤོག་གཅིག་མ། (ཆོ)བ་ལ་སྔོན་རྗེས་རབ་གསལ་ཞལ་ལུང་། (ཇི)བ་ལ་མདུན་བསྐྱེད་གཏོར་བཟློག་དང་དེའི་ཟུར་འདེབས་ངག་རྩོམ། (ཇུ)བ་ལ་རྒྱུན་གྱི་རྣལ་འབྱོར་ཟབ་མོ་བཅས་དང་། ཆོ་ག་སྤྱི་འགྲོའི་སྐོར། དྲུག་པ་དགོངས་གཏེར་བཀའ་སྲུང་གི་སྐོར་ལ། (ཇེ)བ་ལ་བཀའ་སྲུང་མ་གཟའ་རྡོར་གསུམ་གྱི་འཕྲིན་ལས། (ཇོ)བ་ལ་དེའི་ཕུད་གསོལ། (ཉི)བ་ལ་དེའི་བསྐུལ་བྱང། (ཉུ)བ་ལ་དྲེགས་པ་གཟའ་གདོང་ཉེར་བསྡུས། (ཉེ)བ་ལ་གསོལ་མཆོད་རྒྱས་པ་དགྲ་ལས་རྣམ་རྒྱལ། (ཉོ)བ་ལ་སྲོག་གཤེད་དུག་མདའ་ནག་པོ་བསྡུས་པ། (ཏི)བ་ལ་ངན་སྔགས་གནད་ཡིག་དུག་མདའ་ནག་པོ། ལོག་སྲེད་སྔགས་འབེབས་ཞལ་ཤེས་བཅས། (ཏུ)བ་ལ་དམ་ཅན་སྲོག་བདག་ཐུགས་ཐིག་འཕྲིན་ལས། (ཏེ)བ་ལ་དེའི་འབོད་རྦད་གསད་པའི་སྔགས་དམིགས་དང་རང་གིས་བརྩམས་པའི་ཕུད་གསོལ་དང་མཇུག་ཆོག (ཏོ)བ་ལ་དྲག་བསྐུལ་རྒྱས་བསྡུས་གཉིས། (ཐི)བ་ལ་མན་ངག་སྤུ་གྲི་རེག་གཅོད། (ཐུ)བ་ལ་གནད་ཡིག་གསང་བའི་ཡང་སྙིང་། (ཐེ)བ་ལ་ཐུགས་ཐིག་ཡོངས་རྫོགས་ཀྱི་དཔེ་རིས་རང་ཉིད་ཀྱིས་བསྒྲིགས་བཀོད་བཅས་སོ། ། 
སྤྱི་དོན་གཉིས་པ་ཞི་བའི་འཕྲིན་ལས་བསྒྲུབ་པའི་ཆོས་ཚན་རྡོར་སེམས་གསང་བ་འདུས་པའི་སྐོར་ལ། (ཐོ)བ་ལ་རྡོར་སེམས་དབང་བསྐུར་དང་དེའི་ཟུར་གསལ་ཕྲན་བུ་ཆོས་བདག་ལས་སློབ་པའི་གསུང་། (དི)བ་ལ་སྒྲུབ་ཐབས་སྙིང་གི་མེ་ལོང། (དུ)བ་ལ་སྒྲིབ་སྦྱོང་གསེར་གྱི་སྤུ་གྲི། (དེ)བ་ལ་སྒྲིབ་སྦྱོང་ཆོས་ཉིད་རྣམ་དག (དོ)བ་ལ་བཀྲུ་བྱབས་དམ་སེལ་འཁོན་སྦྱོང་རང་གིས་བརྩམས་པ། (ནི)བ་ལ་སཱཙྪ་གདབ་ཆོག་གཞན་དོན་སྤྲུལ་སྐུའི་འཁོར་ལོ། (ནུ)བ་ལ་བཏགས་གྲོལ་འཁོར་བ་ཡོངས་གྲོལ། (ནེ)བ་ལ་བཅུད་ལེན་མཁའ་འགྲོའི་གསང་མཛོད། དེའི་ཟིན་བྲིས། (ནོ)བ་ལ་རབ་གནས་ངེས་དོན་སྙིང་པོ་བཅས་བཞུགས། 
སྤྱི་དོན་གསུམ་པ་རྒྱས་པའི་འཕྲིན་ལས། ཤེས་རབ་ཀྱི་ལྷ་འཇམ་དཔལ་ཉི་མ་འོད་ཟེར་ཡབ་ཀའི་སྐོར་ལ། (པི)བ་ལ་དབང་ཆོག་དངོས་གྲུབ་ཆར་རྒྱུན། དེའི་གསལ་བྱེད་གཏེར་སློབ་གསུང་བཅས། (པུ)བ་ལ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། (པེ)བ་ལ་ནང་སྒྲུབ་འཇམ་དབྱངས་སྲོག་ཏིག (པོ)བ་ལ་བསྙེན་ཐོ་དྲི་མེད་རབ་གསལ། (ཕི)བ་ལ་གབ་ཡིག་གསེར་གྱི་ཐུར་མ། (ཕུ)བ་ལ་རང་གིས་བརྩམས་པའི་ཤེས་རབ་བློ་འཕེལ་རིལ་སྒྲུབ། (ཕེ)བ་ལ་རླུང་སྦྱོར་ཡེ་ཤེས་དྲྭ་བ། (ཕོ)བ་ལ་ཐབས་ལམ་རཱ་གའི་ཕྲེང་བ་བཅས་སོ། །འདི་དང་བསྟུན་འཇིག་རྟེན་ལེགས་ཉེས་ཀྱི་བསླབ་སྟོན་རྩིས་རྒྱུད་བསྡུས་དོན་སྤར་ཁའི་གསེར་མཛོད་སོགས་པུ་ཏི་ཆུང་ངུ་ཙམ་ཡོད་པ་ཐུགས་ཤར་ཐུན་མིན་ཡིན་ཡང་ཞལ་གདམས་རྡོ་རྗེ་དྲྭ་མིག་སྐོར་དུ་བཞུགས། མཆན། 
སྤྱི་དོན་བཞི་བ་དབང་བྱེད་སྒྲོལ་མ་དམར་མོ་ཡུམ་ཀ་རིག་བྱེད་མའི་སྐོར་ལ། (བི)བ་ལ་དགོངས་གཏེར་བབ་བྱུང་གི་ལོ་རྒྱུས། (བུ)བ་ལ་བྱིན་རླབས་དབང་གི་རིམ་པ་དོན་གྱི་དབང་བདག་འཇུག་བརྒྱད། (བེ)བ་ལ་དབང་ཆོག་བྱིན་རླབས་སྤྲིན་ཕུང་། (བོ)བ་ལ་དབང་ཆོག་སྨིན་དབང་རྒྱས་པ་ཆོག་ཁྲིགས་སུ་བཀོད་པ་དངོས་གྲུབ་གཏེར་མཛོད་བྱིན་རླབས་སྤྲིན་ཕུང་། (མི)བ་ལ་མཁའ་འགྲོ་གསང་བའི་ཐིག་ལེ། (མུ)བ་ལ་ནང་སྒྲུབ་པདྨའི་སྙིང་ཞུན། (མེ)བ་ལ་བསྐྱེད་རྫོགས་གསུམ་གྱི་མདོ་ཆིངས། (མོ)བ་ལ་བརྒྱུད་འདེབས་དང་ཆོ་ག་རྒྱས་པ་བསམ་འཕེལ་ནོར་བུ། བར་འདིར་ཟུར་གསལ་འགའ(ཚོགས་མཆོད་བདུད་རྩིའི་སྤྲིན་ཕུང་། ཕྲེང་བ་བྱིན་བརླབ། མཆོད་བསྟོད་རྒྱས་པ། མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ། སྨན་མཆོད།)ཡོད། (ཙི)བ་ལ་བསོད་ནམས་ཟུང་རྟེན་མཎྜལ། (ཙུ)བ་ལ་གབ་ཡིག་ཌཱཀྐིའི་སྲོག་ཏིག (ཙེ)བ་ལ་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ་དང་དེའི་ཞལ་ཁྲིད། (ཙོ)བ་ལ་སྦྱིན་སྲེག་བསྡུས་པ། (ཚི)བ་ལ་ལས་སྣ་ཚོགས་སྒྲུབ་པའི་ཙཀྲ་ལོག་གནོན་སྲུང་བའི་འཁོར་ལོ་གབ་སྦས་ཅན། (ཚུ)བ་ལ་རླུང་འཁོར་ལས་ཀྱི་གློག་ཞགས། (ཚེ)བ་ལ་དེའི་ཟུར་དོན་ལྡེ་མིག (ཚོ)བ་ལ་བཀའ་སྲུང་ལྷ་ཆེན་སྟོབས་ལྡན་ལས་གཞོན། (ཛི)བ་ལ་ཆོ་ག་རྒྱས་པ་རིན་ཆེན་གསེར་འཁོར། (ཛུ)བ་ལ་བསྐང་བསྡུས་གྲངས་གསོག (ཛེ)བ་ལ་སྲིད་པའི་བདག་པོའི་བསྐུལ་བ། (ཛོ)བ་ལ་སྦྱིན་སྲེག་དོན་གཉིས་ལྷུན་གྲུབ། (ཝི)བ་ལ་འཕྲིན་ལས་རླུང་འཁོར་སྲིད་པ་སྙིང་འབྱིན། (ཝུ)བ་ལ་དེའི་དམིགས་གནད་ཟིན་བྲིས་སྒབ་འདྲེ་གནོན་ཐབས་ཡོད་དགོས། (ཝེ)བ་ལ་གཏེར་སྲུང་བྲག་བཙན་གསོལ་མཆོད། (ཝོ)བ་ལ་ཡང་ལེ་བེར་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ་བཅས་སོ། ། 
སྤྱི་དོན་ལྔ་བ་དྲག་པོའི་འཕྲིན་ལས་འཇམ་དཔལ་ཟླ་གསང་གི་སྐོར་ལ། (ཞི)བ་ལ་ལོ་རྒྱུས་དག་སྣང་གསལ་བའི་ཉི་མ། (ཞུ)བ་ལ་ཟླ་གསང་ཐིག་ལེའི་རྩ་དབང་། (ཞེ)བ་ལ་ལས་གཤིན་འཆར་ཀའི་སྲོག་དབང། (ཞོ)བ་ལ་འཇམ་དཔལ་ཟླ་གསང་འཆར་ཀ་ཟུང་གི་བསྙེན་སྒྲུབ་ལས་གསུམ་གྱི་བཅའ་གཤོམ་རྒྱས་པ་དང་བསྡུ་མ་རང་ཉིད་ཀྱིས་བརྩམས་པ། འདོན་འགྲིགས་དོན་གཉིས་མྱུར་འགྲུབ་དང་བསྡུ་མ་གཉིས། (ཟི)བ་ལ་སྤྱི་འགྲོའི་བརྒྱུད་འདེབས། (ཟུ)བ་ལ་འཇམ་དཔལ་ཟླ་གསང་སྙིང་པོ། (ཟེ)བ་ལ་ལས་གཤིན་འཆར་ཀ་ནག་པོའི་གདོང་ཟོར་གྱི་འཕྲིན་ལས། (ཟོ)བ་ལ་བསྐང་གསོལ་གཡུལ་ལས་རྣམ་རྒྱལ། (འི)བ་ལ་བཟློག་པ་གནམ་ལྕགས་སྒྱོགས་རྡོ། (འུ)བ་ལ་བཟློག་བསྡུས་གནམ་ལྕགས་འཁོར་ལོ་དང་ཆོས་བདག་གིས་མཛད་པའི་གྲངས་བསོག་གཉིས་བཅས། (འེ)བ་ལ་མནན་པ་རི་རབ་ནག་པོ། (འོ)བ་ལ་མནན་པའི་སྔགས་དམིགས་གསལ་འདེབས། (ཡི)བ་ལ་དྲག་པོའི་སྦྱིན་སྲེག་དགྲ་བགེགས་གཞོམ་བྱེད། (ཡུ)བ་ལ་སྒྲུབ་རྟེན་ཕྱག་རྒྱའི་འཁོར་ལོ། (ཡེ)བ་ལ་སྲུང་བ་རྒྱན་གྱི་གོ་ཁྲབ། (ཡོ)བ་ལ་ཡང་ཟབ་རྡོ་རྗེའི་གུར་ཁང་། (རི)བ་ལ་བཟློག་པའི་འཁོར་ལོ་རྣམ་བཞི། (རུ)བ་ལ་ལས་ཀྱིས་གནག་པ་དུས་ཞགས་ནག་པོ། (རེ)བ་ལ་གཤིན་རྒྱུད་ལས་བསྡུས་པ། ལས་སྦྱོར་སྤྲིན་ནག་འཁྲིགས་པའི་གུར་ཁང་སོགས་ཟུར་སྤྲོད་འགའ། (རོ)བ་ལ་སྔགས་འབེབས་གནམ་ལྕགས་འཕྲུལ་འཁོར། (ལི)བ་ལ་ལས་གཤིན་འབར་བ་ལྕམ་དྲལ་གྱི་འཕྲིན་ལས་གློག་གི་སྤུ་གྲི། (ལུ)བ་ལ་དེའི་སྒྲུབ་ཐབས་དུག་གི་སྤུ་གྲི། (ལེ)བ་ལ་དགྲ་བོ་གསོད་བྱེད་གཡུལ་རྒྱལ་ཐོག་གི་སྤུ་གྲི། (ལོ)བ་ལ་མ་མོའི་ཁྲག་མདོས་ནད་ཡམས་ཀུན་སེལ། (ཤི)བ་ལ་བཅའ་གཞིའི་དཔེ་རིས་ཡོངས་རྫོགས་བཅས་སོ། ། 
སྤྱི་དོན་དྲུག་པ་ཐུན་མོང་མ་ཡིན་པ་ཟབ་ལམ་བླ་སྒྲུབ་རྫོགས་རིམ་སྣང་བཅས་སྣང་མེད་ཀྱི་སྐོར་ལ། (ཤུ)བ་ལ་རྫོགས་རིམ་གནད་དྲིལ་གྱི་ཐེམ་བྱང་བཻཌཱུར་སྔོན་པོའི་ཕྲེང་བ། (ཤེ)བ་བླ་སྒྲུབ་རྩ་དབང་བྱིན་རླབས་བཅུད་དུམ། (ཤོ)བ་ལ་བླ་སྒྲུབ་ཐུགས་ཀྱི་ཐིག་ལེ། (སི)བ་ལ་ཐེག་པའི་སྤྱི་ཆིངས་རིག་འཛིན་ཞལ་ལུང་། (སུ)བ་ལ་བློ་སྦྱོང་བདེ་གཤེགས་སྤྱི་ལམ། (སེ)བ་ལ་དེའི་དོན་འགྲེལ་མན་ངག་གནད་གསལ། (སོ)བ་ལ་ཕོ་ཉའི་རྣམ་དབྱེ་དོན་བསྡུས་འདོད་འཇོའི་སྤྲིན་ཕུང་། (ཧི)བ་ལ་དབང་གསུམ་པའི་དེ་ཉིད་བདེ་ཆེན་གསང་ལམ། (ཧུ)བ་ལ་འདས་རྗེས་རིན་པོ་ཆེའི་རང་བཞིན་ཐུགས་ཁྲིད་ཀུན་བཟང་དགོངས་མཛོད། (ཧེ)བ་ལ་དེའི་དོན་འགྲེལ་གྱི་ལྡེ་མིག་ཉི་ཟླའི་སྒྲོན་མེ། (ཧོ)བ་ལ་ཁྲེགས་ཆོད་རིག་པའི་རྩལ་དབང་ངོ་སྤྲོད་དོན་དབང་སྙིང་པོ། (ཨི)བ་ལ་ཐོད་རྒལ་སྤྱི་ཆིངས་འོད་ཀྱི་དྲྭ་བ། (ཨུ)བ་ལ་ཐོད་རྒལ་ཐུགས་ཁྲིད་རྡོར་སེམས་གསང་ལམ། (ཨེ)བ་ལ་ཐོད་རྒལ་རིག་པའི་རྩལ་དབང་། (ཨོ)བ་ལ་སྙན་བརྒྱུད་ཐེམ་མེད་ཆོས་སྐུ་ཀ་ནས་དག་པའི་གསང་ལམ། (ཀྱི)བ་ལ་སྙན་བརྒྱུད་སྐུ་གསུམ་ཞིང་ཁམས། (ཀྱུ)བ་ལ་སེམས་ཀྱི་དེ་ཉིད་ཆུ་དྭངས་ནོར་བུ། (ཀྱེ)བ་ལ་སེམས་ཉིད་རྒྱ་མཚོ་ཅོག་བཞག་གི་མན་ངག་དམ་ཚིག་ཡེ་སྲུང་རྒྱལ་པོའི་མདོ་ཆིངས། (ཀྱོ)བ་ལ་ཉམས་ལེན་གནད་ཀྱི་སྤར་ཁབ། (ཁྱི)བ་ལ་ལྟ་སྒོམ་སྤྱོད་འབྲས་ཅོག་བཞག་བཞིའི་གནད་བསྡུས་སྙིང་པོ། (ཁྱུ)བ་ལ་སྐུ་གསུམ་ལམ་འཁྱེར་གྱི་ཞལ་གདམས་ཐོས་པས་བོགས་འབྱིན། (ཁྱེ)བ་ལ་ཞལ་གདམས་མཁའ་འགྲོའི་གསང་ཚིག་ཆིག་བརྒྱུད་མ། (ཁྱོ)བ་ལ་དེ་ཉིད་ཀྱི་ཡང་ཟབ་མཁའ་འགྲོའི་གསང་ལམ། (གྱི)བ་ལ་འཕོ་བ་སྐུ་གསུམ་གྲོང་འཇུག (གྱུ)བ་ལ་དེའི་གནད་བྱང་ཐུགས་ཐིག (གྱེ)བ་ལ་འཆི་ཁ་བར་དོའི་གདམས་པ་དྲན་པའི་མེ་ལོང་། (གྱོ)བ་ལ་ཆོས་ཉིད་བར་དོའི་གདམས་པ་འོད་གསལ་སྦུབས་འཇུག (པྱི)བ་ལ་སྲིད་པ་བར་དོའི་གདམས་པ་ཡུར་བ་རྐ་འཛུགས། (པྱུ)བ་ལ་བསྔོ་བ་གསེར་འགྱུར་རྩི་སྦྱོར་བཅས་བཞུགས། 
སྤྱི་དོན་བདུན་པ་བསྟན་འགྲོ་སྤྱིའི་རྒུད་གསོ་ཀ་འཛུགས་ཀླུང་རྟའི་རྩ་དོན་གཏེར་གཞུང་ལེ་ཚན་ལ། (པྱེ)བ་ལ་ལྷ་རྟེན་ཀ་འཛུགས་ཀྱི་མན་ངག་གསེར་འཁོར། (པྱོ)བ་ལ་དགྲ་ལྷ་ཀླུང་རྟ་གསོ་བའི་ཆོ་ག་དགའ་བདེའི་དཔལ་བསྐྱེད། (ཕྱི)བ་ལ་དགའ་བདེའི་དཔལ་བསྐྱེད་ཀྱི་རྩ་དོན་རྒྱས་པར་བཀྲལ་བ་ནོར་བུའི་ཕྲེང་བ། (ཕྱུ)བ་ལ་གཏོར་མ་སྐུ་མཁར་མི་མཐུན་གཡུལ་རྒྱལ་དང་རླུང་རྟའི་ལྷ་སྡེ་བཞིའི་དཔེ་རིས། (ཕྱེ)བ་ལ་མཆོད་བསྐང་གྲངས་བསོག་དགོས་འདོད་ནོར་བུ། (ཕྱོ)བ་ལ་མི་མཐུན་ཀུན་སྲུང་ཙཀྲ། (བྱི)བ་ལ་བསྟན་འགྲོ་སྤྱིའི་བདེ་སྐྱིད་སྤེལ་བ་རིགས་གསུམ་མགོན་པོའི་རྡོ་འབུམ་མཆོད་རྟེན་བཞེངས་ཚུལ་ཕན་བདེ་འབྱུང་གནས་བཅས་ཆོས་ཚན་བརྒྱ་དང་བདུན་ཅུ་ལ། ཆོས་བདག་གིས་ཟུར་གསལ་མཛད་པ་དང་ཞལ་གདམས་ནང་དུ་བཀོད་པ་སོགས་བརྒྱད་ཅུར་ཟིན་ཙམ་བཞུགས་པ་ལགས་སོ། ། 
འདིར་སྨྲས་པ། དགེ་མཚན་དད་བརྒྱའི་སྐྱ་རེངས་ཀྱིས་དྲངས་པའི། །བྱང་ཆུབ་ཡན་ལག་རླུང་གི་ཤིང་རྟའི་དཔལ། །ཟབ་དོན་ཆོས་ཁམས་རྒྱ་མཚོའི་ཉི་གཞོན་དལ། །སྐལ་བཟང་ལས་སྣང་དག་པའི་པདྨོའི་གཉེན། །གསང་འཛིན་དཔའ་བོའི་སྒྱུ་འཕྲུལ་གར་གྱི་འབྲས། །མདོ་སྟོད་གསང་བསྟན་འབྱུང་གནས་ཁམས་ཀྱི་སར། །ལེགས་སྨིན་སྨན་མཆོག་རྣམ་རྒྱལ་ཨ་རུའི་ལྗོན། །ཉོན་མོངས་ནད་ཀུན་འཇོམས་པའི་སྲོག་འཚོར་ཤར། །གང་དེའི་དགོངས་གཏེར་སྡེ་གསུམ་ཀློང་དགུའི་བཅུད། །དབང་རབ་སྐལ་ལྡན་རང་རིག་ཆོས་སྐུར་གྲོལ། །བརྒྱུད་གསུམ་བླ་མའི་ཐུགས་ཀྱི་ཐིག་ལེ་ཉིད། །སྙིགས་དུས་འགྲོ་བའི་འཕྲལ་ཕུགས་གཏན་གྱི་སྐྱབས། །བློ་ཆེན་དགོངས་པའི་རྩལ་སྣང་བ་ཀུ་ལ། །དབྱིངས་ཀྱི་མཁའ་འགྲོའི་རྟེན་འབྱུང་སྨིན་ལེགས་མས།། འགྲམ་ཆང་གིས་བྲན་བླ་རྫོགས་ཐུགས་གསུམ་གྱི། །འདབ་བརྒྱ་བཞད་པའི་སྦྲང་རྩི་དད་ལྡན་གསོས། །གང་གི་དགོངས་གསང་སྐྱེད་ཚལ་ཡངས་པོ་རུ། །བདེ་སྟོང་ཡེ་ཤེས་རྩལ་རྫོགས་ལྔ་ལྡན་མདངས། །ངོ་མཚར་སྣ་མའི་མེ་ཏོག་གསར་བའི་འཛུམ། །དད་ལྡན་ཡིད་དབང་འཕྲོག་པའི་དཔལ་དུ་གྱུར། །སྔོན་སྨོན་བསོད་ནམས་མཐུ་སྟོབས་བྷྲ་མ་རས། །རྣམ་བཞིའི་འཕྲིན་ལས་འཇུག་པའི་ཤེལ་འདབ་བསྐྱོད། །རང་གཞན་འདོད་དོན་སྒྲུབ་དེའི་མགྲིན་དབྱངས་སྙན། །ཕན་བདེའི་ལེགས་ཚོགས་སྦྲང་རྩིའི་ཚེ་འཛིན་དཔྱིད། །སྔ་འགྱུར་དབང་ཆུ་བཞི་ལྡན་གངྒཱའི་རྒྱུན། །དོན་ཟབ་རྒྱུད་སྡེའི་ཆུ་ཀླུང་ཕྲག་བརྒྱས་བསྐྱེད། །གང་འདུལ་ཞིང་སར་ཡུར་བས་ཉེར་དྲངས་ཚེ། །གཏན་བདེ་དགེ་ལེགས་འབྲས་བུ་གཡུར་དུ་ཟ། །ཐུབ་བསྟན་མདོ་སྔགས་ཁང་བཟང་བརྩེགས་པའི་སྟེང་། །བཤད་སྒྲུབ་དར་ཤམ་རིམ་གསུམ་ལྡན་པ་ཡི། །མི་མཐུན་ཉེས་ཚོགས་གཡུལ་ལས་ཕྱོགས་ཀུན་རྒྱལ།། རྒྱལ་མཚན་འདོད་ཁམས་བླ་རུ་སྒྲེང་གྱུར་ཅིག །ཆོས་སྐུའི་བསྟན་པ་རྣམ་གསུམ་ཡོ་གའི་བཅུད། །ཡིད་བཞིན་དབང་གི་རྒྱལ་པོོ་འདི་ཉིད་གང་། །རྒྱལ་མཚན་རྩེར་བཀོད་གསོལ་བ་སུས་བཏབ་འབྲས། །སྨིན་གྲོལ་གཏན་དོན་བྱང་ཆུབ་རྫོགས་ལྡན་ཤོག །སྲིད་འདིར་དཀོན་པའི་གཡས་འཁྱིལ་ཆོས་དུང་དཀར། །རྣམ་དཀར་ཐུགས་སྨོན་རླུང་གིས་ཉེར་བསྐུལ་ཏེ། །དོན་གཉིས་མཐར་ཕྱིན་གྲགས་སྙན་རང་སྒྲ་ཡིས། །བྱང་ཕྱོགས་ནོར་འཛིན་ཕྱོགས་ཀུན་ཁྱབ་པར་སྨོན། །མདོ་སྔགས་བསྟན་འཛིན་སྡེ་གཉིས་ཐུགས་མཐུན་རྒྱས། །མཁས་གྲུབ་བཤེས་གཉེན་རིག་འཛིན་བསྐལ་བརྒྱར་བརྟན། །དད་གཏོང་སྦྱིན་བདག་བསོད་ནམས་སྟོབས་འབྱོར་ལྡན། །སྙིགས་དུས་སྔགས་ཀྱི་གདུལ་ཞིང་མཐར་རྒྱས་ཤོག །འདིར་འབད་དགེ་བའི་བསོད་ནམས་དལ་འགྲོའི་རྒྱུན། །རྒྱ་ཆེན་ལྷག་བསམ་བཟང་པོ་གངྒཱ་མའི། །ཀླུང་ཆེན་སྟོབས་ཤུགས་དང་འདྲེས་ཆེར་རྒྱས་འགྲོས། །དག་ཆེན་ཡེ་ཤེས་རྒྱ་མཚོར་རོ་གཅིག་སྨོན། །བཅུ་གསུམ་མི་མཇེད་འཇིག་རྟེན་ཞིང་དབུས་ལྷོ་ཕྱོགས་འཛམ་གླིང་ཐ་གྲུའི་ཁྱོན། །ཕྱི་སྣོད་འབྱུང་བཞིའི་ཁམས་ཀྱིས་བསྐྱེད་ཕྱིར་དྲོད་གཤེར་ནུས་པ་ཆ་སྙོམས་ཤིང་། །རྟེན་ཅིང་འབྲེལ་བའི་ནང་བཅུད་འགྲོ་ཚོགས་མི་མཐུན་ཉེར་འཚེ་ཀུན་ཞི་ནས། །ཚེ་ནོར་ཆོས་འཛོམས་དགེ་མཚན་ལེགས་པའི་ཕྱྭ་གཡང་བཀྲ་ཤིས་ཀུན་ཁྱབ་ཤོག །
ཅེས་པ་འདི་ནི་དུས་མཐའི་སྤྲང་བན་སྔགས་སྨྱོན་པདྨ་དབང་ཆེན་ཞེས་སྐྱབས་རྗེ་མཆོག་གིས་གསང་མཚན་དུ་བཏགས་པ། དོན་དུ་དུག་ལྔ་མེ་འབར་མི་ངན་ཧྲལ་བོས་ས་མོ་སྦྲུལ་གྱི་ལོའི་དབྱར་ཟླ་དང་པོའི་ཚེས་བཟང་པོར་བྲིས་པ་གྲུབ་དབང་བླ་མའི་གསུང་གི་དགོངས་གཏེར་ཟབ་མོ་འདི་ཉིད་མདོ་སྨད་ཕྱོགས་འདིར་རྒྱས་ནས་འཕྲལ་ཕུགས་ཕན་བདེའི་དཔལ་ལ་རོལ་བའི་རྒྱུར་གྱུར་ཅིག་གུ། སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །

47.2K