༄༅། །མ་ཎི་ཡི་གེ་དྲུག་མའི་འགྲེལ་བ།

775908234410981419ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡི་གེ་དྲུག་མའི་དོན་ཅུང་ཟད་བཀྲལ་ན།    ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་སྔགས་ཐམས་ཅད་ཡེ་ཤེས་ལྔའི་ངོ་བོར་བྱིན་གྱིས་བརླབས་ཤིང་།  བཀྲ་ཤིས་དང་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ན་ཐོག་མར་བརྗོད་ཅིང་།  རྒྱ་གར་གྱི་སྐད་དུ་མ་ཎི་ཞེས་གྲགས་པ།  བོད་སྐད་དུ་ནོར་བུར་འབོད་པ་སྤྱན་རས་གཟིགས་ཀྱི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ཡིད་བཞིན་གྱི་ནོར་བུ་བསྣམས་པ་ལས།  ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་སྤྲིན་རྒྱ་མཚོས་ཐུགས་མཉེས་པར་བྱེད་པ།  སྙིང་རྗེ་ཆེན་པོས་ངན་སོང་གི་སེམས་ཅན་གྱི་གཙོས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་སེལ་བར་བྱེད་པའི་དགོས་འདོད་ཆར་བཞིན་དུ་འབེབས་པའི་སྦྱིན་པས་ཚིམ་པར་བྱེད་པ་མཚོན་ལ།  པདྨ་ནི་སྐད་སོར་བཞག་ལ་སྤྱན་རས་གཟིགས་ཀྱི་ཕྱག་གཡོན་པ་ན་བསྣམས་པ་ཐུགས་སྙིང་རྗེ་ཆེན་པོ་ལ་རྒྱལ་བ་རྣམས་ཀྱིས་པདྨ་དཀར་པོ་ལྟར་བསྔགས་པར་མཛད་པ་དང་།  སློབ་པ་ལམ་གྱི་གནས་སྐབས་སུ་ཐོས་པའི་དོན་རྒྱུད་ལ་འབྱོར་བའི་རྟགས་སུ་སྙན་གྱི་ཐད་ཀར་ཁ་ཕྱེ་བ་དང་།  མེ་ཞེས་པ་ནི་སྤྱིར་སྐྱེ་གནས་གང་ལས་ཀྱང་མ་བྱུང་བའི་སྐྱེ་བ་མེད་པའི་ཡི་གེ་ཨ་དེ་ཉིད་ཡི་གེ་ཐམས་ཅད་ཀྱི་སྲོག་བརྗོད་པ་ཀུན་གྱི་གཞིར་གནས་པ་ཡིན་པས།   མེའི་སྲོག་ཨ་དེ་ལ་འགྲེང་བུར་འཕངས་པས་ཨེ་ཞེས་དོན་ལ་ཨེ་མ་ཞེས་པ་མྱ་ངན་གྱི་ཚིག་སྟེ།   ཀྱེ་མ་བདག་ཐོག་མའི་དུས་ཀྱི་མ་རིག་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་བདག་ཏུ་འཛིན་པས་རྒྱུ་བྱས།  དེ་དུས་ཀྱི་མ་རིག་པའི་ལས་རྒྱུ་འབྲས་ལ་རྨོངས་པའི་རྐྱེན་བྱས་ཏེ་བདེ་བའི་རྒྱུར་རློམ་ནས་སྲོག་བཅད་པ་དང་།  མ་བྱིན་པ་ལེན་པ་སོགས་མི་དགེ་བ་བཅུ་ལ་རྒྱུན་དུ་སྤྱོད་པ་དང་།   སྦྱིན་སོགས་བདེ་བའི་རྒྱུ་དགེ་བ་ལ་དགོས་མེད་དུ་བལྟས་ནས་རྒྱབ་ཀྱིས་ཕྱོགས་པས་བླང་དོར་ཕྱིན་ཅི་ལོག་ཏུ་ཞུགས་པས། མཐོ་རིས་ཀྱི་བདེ་བ་ཙམ་ཡང་མེད་པར་ངན་སོང་གི་སྡུག་བསྔལ་ལ་གཏན་དུ་སྤྱོད་དགོས་པས།  རྒྱུ་སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་པ་དང་།   འཆི་ཁར་གནད་གཅོད།   བར་དོའི་འཇིགས་སྐྲག་དང་།  འཁོར་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ་གནས་སྐབས་བདེ་བ་ཅན་གྱི་ཞིང་དུ་འདྲེན་པ་དང་།  མཐར་ཐུག་སངས་རྒྱས་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ཏེ་མི་གནས་པའི་མྱང་འདས་ལ་འགོད་ནུས་པ་ཞིག་ཁྱེད་མཁྱེན་སྙམ་པ་ཡིན་ཏེ།   འཇམ་དཔལ་རྩ་རྒྱུད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །བརྗོད་པ་ཀུན་གྱི་གཞི་རུ་གནས། །ཞེས་གསུངས་པ་ལྟར་རོ། །ཧཱུྃ་ནི་ཐུགས་མཚོན་པར་བྱེད་པ་སྟེ།  སྐྱེ་གནས་ལས་མ་བྱུང་བའི་དབྱངས་ཨུ་ནི།  སྐྱེ་བ་མེད་པ་སྤྲོས་པ་དང་བྲལ་བའི་དབྱིངས་དང་།  གསལ་བྱེད་ན་ནི་འགག་མེད་འོད་གསལ་རང་བྱུང་གི་ཡེ་ཤེས་རིག་པའི་རང་བཞིན་ཏེ།  དེ་གཉིས་སྦྱར་བའི་ཧཱུྃ་ལ་ཐིག་ལེས་བརྒྱན་པ་གཅིག་ཏུ་བསྡོམས་པས།  དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ཐིག་ལེ་གྲ་ཟུར་ལས་འདས་པ་ཐུགས་ཀྱི་ཡེ་ཤེས་མཚོན་པ་ཧཱུྃ་བྱུང་བས་ཐུགས་རྒྱུད་བསྐུལ་བར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་རིགས་སྔགས་འདིའི་ཕན་ཡོན་ནི།   ཨོཾ་གྱིས་སེམས་ཅན་གྱི་རྒྱུ་ང་རྒྱལ་དང་འབྲས་བུ་ལྷ་འཕོ་ལྟུང་གི་སྡུག་བསྔལ་སྦྱང་བས་མཚོན།   མས་ནི་ཕྲག་དོག་དང་ལྷ་མིན་འཐབ་རྩོད།   ཎིས་འདོད་ཆགས་དང་མི་སྐྱེ་རྒ་ན་འཆི།   པད་ཀྱིས་གཏི་མུག་དང་དུད་འགྲོ་བླུན་རྨོངས་དང་གཅིག་ལ་གཅིག་ཟ།  མེས་སེར་སྣ་དང་ཡི་དྭགས་བཀྲེས་སྐོམ།   ཧཱུྃ་གིས་ཞེ་སྡང་དང་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སེལ།   ལམ་གྱི་དུས་སུ།   ཨོཾ་གྱིས་སྦྱིན་པའི་ཕར་ཕྱིན་རྫོགས་པ་ནས།   མས་ཚུལ་ཁྲིམས།  ཎིས་བཟོད་པ།   པད་ཀྱིས་བརྩོན་འགྲུས།   མེས་བསམ་གཏན།  ཧཱུྃ་གིས་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པར་བྱེད། འབྲས་བུ་སངས་རྒྱས་པའི་དབང་དུ་བྱས་ན།  ཨོཾ་གྱིས་ཆོས་དབྱིངས་ཡེ་ཤེས་ཐོབ་པར་བྱེད།  མ་མེ་ལོང་ཡེ་ཤེས་དང་།  ཎི་མཉམ་ཉིད་ཡེ་ཤེས།  པད་སོར་རྟོག་ཡེ་ཤེས།  མེ་བྱ་གྲུབ་ཡེ་ཤེས།   ཧཱུྃ་གིས་རང་བྱུང་ཡེ་ཤེས་ཐོབ་པར་བྱེད་དོ། །སྤྱན་རས་གཟིགས་ཀྱི་སྐུ་ལས་རིགས་དྲུག་གི་གནས་སུ་ཡི་གེ་དྲུག་འཕྲོས་ཏེ་ཐུབ་པ་དྲུག་གིས་འགྲོ་དྲུག་གི་འཁོར་བ་དོང་ནས་སྤྲུགས་པར་མཛད་པ་ཡིན་ནོ། །མདོ་ཟ་མ་ཏོག་ལས།   སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་གྲངས་མེད་པའི་མདུན་དུ་རྐང་པ་དཔྱི་ལ་ཐུག་གི་བར་དུ་བྱོན་ནས་ཡི་གེ་དྲུག་མའི་སྔགས་བཙལ་བར་གསུངས་པ་དང་།    ཡི་གེ་དྲུག་མའི་རིགས་སྔགས་ལུས་ལ་བཅིང་ན་ཁོང་ཁྲོ་སོགས་རྐྱེན་གྱིས་དགེ་རྩ་འཇོམས་མི་ནུས་པར་གསུངས་པ་དང་། ཡི་གེ་དྲུག་མའི་རིག་སྔགས་འདི་དུད་འགྲོ་སོགས་སེམས་ཅན་གང་ཞིག་གི་རྣ་ལམ་དུ་ཐོས་པས་ལས་ངན་ཐམས་ཅད་དག་ནས་ངན་སོང་གི་སྐྱེ་གནས་ལས་ཐར་ཏེ་བདེ་བ་ཅན་སོགས་དག་པའི་ཞིང་དུ་སྐྱེ་བར་གསུངས་ཏེ།   ཟ་མ་ཏོག་ལས།   འཕགས་པ་སྤྱར་རས་གཟིགས་བུང་བའི་གཟུགས་ཀྱིས་ཡུལ་འཁོར་མོ་འཇིག་གི་གཤང་གཅིའི་འདམ་རྫབ་ཆེན་པོའི་ནང་དུ་བྱོན་ནས་བུང་བའི་སྐད་ཀྱིས་ཡི་གེ་དྲུག་མའི་སྒྲ་བསྒྲགས་པས།   སྲོག་ཆགས་བྱེ་བ་མང་པོས་ཐོས་པས་ལས་ངན་ཐམས་ཅད་ཟད་ནས་བདེ་བ་ཅན་དུ་ཁ་ནས་ཨུཏྤ་ལའི་དྲི་དང་ལྡན་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྐྱེས་པ་དང་།   ཡང་ཡི་དྭགས་ཀྱི་ཡུལ་དུ་བྱོན་ནས་ཡི་གེ་དྲུག་མའི་སྒྲ་བསྒྲགས་པས་ཡི་དྭགས་བྱེ་བ་མང་པོ་དེ་མ་ཐག་ཏུ་ཤི་འཕོས་ཏེ་བདེ་བ་ཅན་དུ་འདོད་པ་སྦྱིན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྐྱེས་པར་གསུངས་པ་དང་།  ཡི་གེ་དྲུག་མ་རྡོ་ལ་བརྐོ་བ་སོགས་ཡི་གེར་བྲིས་ན་རླུང་གིས་ཕོག་པའི་སེམས་ཅན་ཚུན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པར་མདོ་སྡེ་རྣམས་ལས་ཡང་ཡང་གསུངས།   ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །མདོ་དེ་ཉིད་ལས།  མདོ་སྡེ་འདི་ནི་མེ་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བྱེད་དོ། །ཆུ་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅད་བཀྲུ་བར་བྱེད་དོ། །རླུང་ཆེན་པོ་དང་འདྲ་སྟེ་སྡིག་སྒྲིབ་ཐམས་ཅད་འཐོར་བར་བྱེད་དོ། །ཞེས་གསུངས་སོ། །གཞན་ཡང་ཡི་གེ་དྲུག་མ་བཟླས་པས་དབུལ་ཕོངས་དང་མུ་གེ་ལས་ཐར་ནས་ལོངས་སྤྱོད་ཀྱི་འབྱོར་བ་ལྡན་པ་དང་།  ཕྱི་མར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་གསུངས་སོ། །

སླར་སྨྲས་པ། མཛེས་མཛེས་ཤོམ་ར་ཆེ་བའི་ཆོས་བརྒྱད་ཟོབ། །ཟབ་ཟབ་ཁ་ལྟའི་ཚིག་གི་འུད་གོག་དང་། །འགྲིགས་འགྲིགས་ཚིག་སྐམ་མུར་བའི་མུ་ཅོར་རམ། །ཟོམ་ཟོམ་སྡུག་བཙུར་ཡིད་འཛིན་རྟོད་ཕུད་ལས། །ཡང་ཡང་སྙིང་པོ་བགྲང་བ་ལེགས་སམ་སྙམ། །འོན་ཀྱང་ཐེག་མཆོག་མཐའ་ལ་དབང་འབྱོར་ཞིང་། །ཐུགས་རྗེ་བསིལ་བའི་འོད་དཀར་འཕྲོ་བ་ཅན། །ལུང་རྟོགས་བསྟན་ལ་སྨན་པའི་དམ་པ་རེ། །ཡོད་རིང་སྲིད་ལ་སྙིང་ནས་ཅིས་མི་འདུད། །ངེས་པར་འབྱུང་བའི་ཚུལ་གནས་ནོར་འཛིན་གཞིར། །སྙིང་བརྩེར་བཅས་པའི་ཏིང་འཛིན་རྩ་བ་བརྟན། །ཡང་དག་ལྟ་བའི་ཤེས་རབ་ཡལ་འདབ་རྒྱས། །སྟོབས་བཅུ་མངའ་བའི་འབྲས་བཟང་ཀུན་ཐོབ་ཤོག །ཅེས་པའང་སྒྲུབ་བརྩོན་དམ་པ་དྷེ་ཝ་དང་མཆེད་གྲོགས་འགའ་ཞིག་གི་ངོར་མཁན་མིང་ཨ་ཡུཥེ་བིདྱ་ངྷ་རས་སོ། །དགེའོ། །

47.2K