༄༅། །གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ་རོང་ཟོམ་ཆོས་བཟང་གིས་མཛད་པ་བཞུགས།

༄༅། །གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པ་ཡིན་པས་ད་ལམ་གྱིས་སྒྲུབ་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་འབྱུང་བ་ལ། འདིར་བརྒལ་བ། ད་ལྟར་འགྲོ་བ་རྣམས་ཀྱི་སྤྱོད་ཡུལ་དུ་སྣང་བའི་ཆོས་འདི་དག་ནི། ཇི་ལྟར་སྣང་བ་དེ་ལྟར་མ་ཡིན་ཏེ། འཁྲུལ་པ་ཡིན་པས། ཡེ་ནས་སངས་རྒྱས་པ་ནི་ཡིན་དུ་མི་རུང་ངོ་ཞེ་ན། འཁྲུལ་པ་ཡིན་དུ་ཟད་དེ། སེམས་ཅན་གྱི་འཁྲུལ་བ་ལས་མ་གཏོགས་པའི་ཆོས་གཞན་ཅི་ཡང་བཞག་ཅིང་བསྟན་དུ་མེད་དེ། འཁྲུལ་སྣང་དུ་གྲགས་པའི་ཆོས་འདི་ཙམ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་མུ་སྟེགས་ཅན་གྱིས་གང་ཟག་གི་བདག་རྟག་པར་ཡོད་པར་བརྟགས་པ་དང་། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་གིས་གང་ཟག་དེ་མི་རྟག་པའི་མཚན་ཉིད་དུ་ཡོད་པར་འདོད་པ་དང་། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་དང་མདོ་སྡེ་པས་གང་ཟག་བཀག་སྟེ། དེས་སྟོང་པའི་ཕུང་པོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཡོད་པར་འདོད་པ་དང་། རྣལ་འབྱོར་སྤྱོད་པ་བས་གཞན་གྱི་དབང་གི་མཚན་ཉིད་ལ་ཀུན་བཏགས་པས་སྟོང་པའི། སྟོང་པ་ཉིད་དང་བཅས་པའི་གཞན་དབང་ཡོད་པར་འདོད་པ་དང་། དབུ་མ་པས་དོན་དམ་པར་ཆོས་ཐམས་ཅད་ལ་ཡོད་པ་དང་མེད་པ་ལ་སོགས་ཏེ་མཐའ་ཐམས་ཅད་དང་བྲལ་ཏེ། སྤྲོས་པ་ཡོངས་སུ་བཅད་པའོ། །ཞེས་འདོད་པ་དང་། གསང་སྔགས་ཀྱི་ཚུལ་ལས་བདེན་པ་རྣམ་པ་གཉིས་དབྱེར་མེད་པ་དང་། གདོད་མ་ནས་སངས་རྒྱས་པ་ལ་སོགས་པ་རྣམས་འགྲོ་བ་རྣམས་ཀྱིས་མཐུན་པར་སྣང་བའི་མཚན་ཉིད་ལ་ལྟ་བ་སོ་སོར་འཇོག་ཅིང་རྩོད་པ་ཡིན་ཏེ། དེའི་ཕྱིར་ཆོས་ཅན་གཞན་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་སྣང་བའི་ཆོས་འདི་དག་ཐམས་ཅད་འཁྲུལ་བ་ཡིན་དུ་ཟད་དེ། དེ་ཡང་འཁྲུལ་བ་བསལ་ནས་མ་འཁྲུལ་པ་ཞིག་བསྒྲུབ་ཏུ་མེད་དེ། འཁྲུལ་པ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་སངས་རྒྱས་པ་ཡིན་ཏེ། དེ་བས་ན་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་བས་ན་མཚན་མ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཉིད་ཡིན་ཏེ། རྣམ་པར་དག་པའི་ངོ་བོ་ཉིད་ལས་མ་འདས་པ་དུས་གསུམ་གྱི་སངས་རྒྱས་ཉིད་དང་འདྲ་བའོ། །སེམས་ཅན་དང་སངས་རྒྱས་ཀྱི་ཁྱད་པར་ནི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཕྱེ་བ་མ་ཡིན་ཏེ། རྨི་ལམ་གྱི་རྒྱུ་འབྲས་བུ་སོ་སོར་སྣང་བ་བཞིན་དུ། ཀུན་ཏུ་བཏགས་པའི་དབང་གིས་བློ་སོ་སོར་སྣང་བ་ཙམ་ལ་བཞག་པར་ཟད་དོ། །འདིར་དྲིས་པ། ལུང་ལས་དེ་ལྟར་གསུངས་ཀྱང་གཟུགས་པོར་གསུངས་སམ། དགོངས་པ་དང་བཅས་པར་གསུངས་པ་ངེས་པ་མེད་པས་ཆོས་ངོ་བོ་ཉིད་ཀྱིས་དག་པ་ནི་གྲུབ་ཏུ་རུང་་ན། ཆོས་ཅན་མཚན་མར་སྣང་བ་འདི་ཉིད་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པ་ཡིན་པར་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ནི་ཀུན་ནས་ཉོན་མོངས་པ་དང་འཁོར་བ་ཡང་གཏན་མེད་པར་འགྱུར་རོ། །དེ་ལྟ་བུའི་གྲུབ་མཐའ་འགྲུབ་པར་འགྱུར་བའི་རིགས་པའང་མེད་དོ་ཞེ་ན། སེམས་ཅན་གྱི་སྤྱོད་ཡུལ་དུ་སྣང་བའི་དོན་ཚད་མར་བྱས་ནས་ཐོག་མ་མེད་པའི་དུས་ནས་རྟོག་པའི་བློ་འཁྲུལ་བས་ཇི་ལྟར་སྣང་བ་དེ་ལྟར་སྒྲུབ་པ་དང་། དགག་པ་བྱས་པའི་རྟོག་གེ་ནི་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་བསྒྲུབ་པར་ནུས་པ་མ་ཡིན་མོད་ཀྱི་འོན་ཀྱང་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པའི་ཐབས་མེད་པ་ཡང་མ་ཡིན་ཏེ། དེ་བས་ན་དད་པ་ཙམ་གྱིས་འཇུག་པར་སྤྲོ་བ་རྣམས་ལུང་དང་མན་ངག་ཉིད་ཚད་མར་བྱས་ཏེ། ཡིད་ཆེས་པའི་བློས་ཞུགས་ན་ཉེས་པ་འགའ་ཡང་མེད་དོ། །གང་ཞིག་རིགས་པས་མ་གྲུབ་ན་འཇུག་པར་མི་འགྱུར་རོ་ཞེ་ན། དེ་དག་ལ་ཡང་མཐུན་པར་བསྒྲུབ་པར་བྱའོ། །དེ་ལ་ཆོས་དེ་དག་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་སངས་རྒྱས་པ་ལ། ཆོས་ཉིད་ཀྱི་རིགས་པས་གྲུབ་སྟེ། ཇི་ལྟར་མདོ་ལས། གཟུགས་རང་བཞིན་གྱིས་སྟོང་པ་སྟེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ཆོས་ཉིད་ཀྱིས་དག་པས། མ་དག་པའི་ཆོས་ཅུང་ཟད་ཀྱང་མེད་པ་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་པས། ལུས་ངག་ཡིད་གསུམ་ཡང་རྣམ་པར་དག་པ་རང་གི་ཆོས་ཉིད་ཡིན་ཏེ། རྣམ་པར་དག་པ་ནི་སངས་རྒྱས་པའོ། །དེས་ན་རྣམ་པར་དག་པས་ཕྱེ་བའི་ལུས་ངག་ཡིད་ནི་དབྱེར་མེད་ཅིང་སྤྲོས་པ་མེད་པ་དང་། རྫོགས་པར་ཁྱབ་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཉིད་ཡིན་པར་རིགས་པར་བྱའོ། །དེ་ལྟར་ཆོས་ཉིད་ཀྱི་རིགས་པས་གྲུབ་ན་རིགས་པ་ལྷག་མ་གསུམ་བསྒྲུབ་མི་དགོས་ཏེ། རིགས་པ་གསུམ་པོའི་རྟེན་དེ་ཡིན་པའི་ཕྱིར་དང་དེ་གཙོ་བོ་ཡིན་པའི་ཕྱིར་རོ། །ཡང་དྲིས་པ། ཆོས་ཉིད་དེ་ནི་བདག་ཅག་ལ་མ་གྲུབ་པས། རིགས་པ་གཞན་གྱིས་སྒྲུབ་དགོས་སོ་ཞེ་ན། དེ་ཡང་བསྒྲུབ་པར་བྱ་སྟེ། དེ་ལ་བྱ་བ་བྱེད་པའི་རིགས་པ་ནི། དངོས་པོ་རྣམས་འབྲས་བུའི་སྒོ་ནས་རྒྱུ་ཤེས་པར་བྱེད་པ་སྟེ། ཇི་ལྟར་སྨན་དང་དུག་གིས་འཚོ་བ་དང་འཆི་བའི་བྱ་བ་བྱེད་པ་དམིགས་པས། བྱ་བའི་སྒོ་ནས་བྱེད་པ་ཤེས་པ་ཡིན་པ་བཞིན། གང་གི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་བསྒོམས་པས། ལུས་དང་ངག་དང་ཡིད་དག་པའི་དངོས་གྲུབ་ཐོབ་པར་དམིགས་པའི་ཕྱིར། སྣང་བའི་ཆོས་རྣམས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དང་མཐུ་ཅན་དུ་བྱ་བ་བྱེད་པའི་རིགས་པས་གྲུབ་པ་ཡིན་ནོ། །དངོས་པོའི་ནུས་པ་ལ་མ་ལྟོས་པར་བསྒྲུབ་པ་ཙམ་གྱིས་འགྲུབ་པ་ཡང་མ་ཡིན་ཏེ། ཇི་ལྟར་ནོར་བུ་རིན་པོ་ཆེ་སྔར་ལོངས་སྤྱོད་ཀྱི་རྐྱེན་དུ་མ་སྤྱད་པ་ཞིག །གང་ཞིག་གིས་རྙེད་པ་ལས། དེས་རིན་པོ་ཆེ་ངོ་མ་ཤེས་ཏེ། ནོར་བུ་ཕལ་བར་བཞག་ནས་ཡོན་ཏན་མཐོང་བ་ཡང་མེད་པ་ལས། ཕྱིས་ནོར་བུའི་རིགས་ཤེས་པས་བསྟན་ཏེ། དེས་བྱི་དོར་བྱས་ཤིང་མཆོད་པ་ལས། གདོད་ནོར་བུ་དེ་ལས་ཡོན་ཏན་ཁྱད་པར་ཅན་འབྱུང་སྟེ། བྱ་བ་ཁྱད་པར་ཅན་དམིགས་པས་རིན་པོ་ཆེ་ཉིད་དུ་ངེས་པ་ལྟར། ཐ་མལ་པའི་ལུས་དང་ངག་དང་ཡིད་ཀྱང་ལྷར་མ་ཤེས་ཤིང་མ་བཀུར་ན། ཡོན་ཏན་མི་དམིགས་ཏེ། ཤེས་ཤིང་བཀུར་བས་གཞི་དེ་ཉིད་ལས་ཡོན་ཏན་དམིགས་པའི་ཕྱིར་རོ། །ལྟོས་པའི་རིགས་པས་ཀྱང་གྲུབ་སྟེ། དེ་ལ་ལྟོས་པའི་རིགས་པ་ནི། དངོས་པོ་རྣམས་རྒྱུས་འབྲས་བུ་རྟོགས་པར་བྱེད་པ་སྟེ། དེ་ལ་སྐྱེ་བ་གྲུབ་པར་བྱེད་པ། ས་བོན་ལ་ལྟོས་ནས་མྱུ་གུ་གྲུབ་པར་བྱེད་པའམ། ཐ་སྙད་སྒྲུབ་པར་བྱེད་པ། ངན་པ་ལ་ལྟོས་ནས་བཟང་པོའི་ཐ་སྙད་གྲུབ་པར་བྱེད་པ་བཞིན། སྣང་བའི་ཆོས་ཐམས་ཅད་ནི་སེམས་ཉིད་ཀྱི་རྣམ་པར་སྣང་བ་སྟེ། དེ་བས་ན་སེམས་ཀྱི་རྒྱུ་ལ་ལྟོས་ནས་འབྲས་བུ་དག་པ་དང་མ་དག་པ་ཐམས་ཅད་སྐྱེ་བ་འགྲུབ་པར་བྱེད་པ་ཡིན་པས། དེའི་ཕྱིར་དག་པའི་སྤྱོད་ཡུལ་དང་མ་དག་པའི་སྤྱོད་ཡུལ་ཐམས་ཅད་བག་ཆགས་ཀྱིས་བསྐྱེད་པའི་སེམས་ཀྱི་འབྲས་བུ་ཡིན་པས་གཉི་ག་ཡང་མཚན་ཉིད་པར་གྲུབ་པ་ཡིན་ནོ། །དེ་གཉིས་ལ་གང་ཞིག་འཁྲུལ་པའམ་མ་འཁྲུལ་པར་བཞག་པ་ནི། ལྟོས་པའི་རིག་པས་གྲུབ་སྟེ། དེའི་ཕྱིར་དག་པའི་སྤྱོད་ཡུལ་ནི་སྣང་བ༼བའི་ཞེས་རྨུགས་སངས་ཤིང་པར་དུ་སྣང་། ༽་མཚན་ཉིད་ཡིན་པར་ངེས་པར་རྟོགས་པར་བྱའོ། །དེ་ལྟར་རིགས་པ་རྣམ་པ་གསུམ་གྱིས་གྲུབ་ན། འཐད་པ་བསྒྲུབ་པའི་རིགས་པས་སྒྲུབ་མི་དགོས་ཏེ། ཇི་ལྟར་ཆོས་ཉིད་དང་རྒྱུ་དང་འབྲས་བུ་མ་གཏོགས་པའི་གཏན་ཚིགས་མངོན་སུམ་དང་རྗེས་སུ་དཔག་པ་ལ་ཡང་མེད་པའི་ཕྱིར་རོ། །འོ་ན་འཐད་པ་སྒྲུབ་པ་ཅི་ལ་དགོས་ཤེ་ན། དེ་ནི་དབང་པོ་དམན་པ་རྣམས་ལ་རིགས་པ་ཉིད་སྔོན་ལ་བསྒྲུབས་ཏེ། དེས་དོན་ལ་འཇལ་བར་བྱེད་དགོས་པའི་ཕྱིར། ཆོས་ཅན་དང་བསྒྲུབ་བྱ་དང་དཔེ་སྦྱར་བ་དང་། ཁྱབ་པ་ལྡོག་པ་ངེས་པས། བསྒྲུབ་དགོས་པ་རྣམས་ཀྱི་ཕྱིར་ཡིན་ནོ། །ཡང་དྲིས་པ། གང་ཟག་ཁ་ཅིག་ནི་དེ་ཙམ་གྱིས་འགྲུབ་པར་འགྱུར་ན། ཁ་ཅིག་ལ་འཐད་པ་སྒྲུབ་པའི་རིགས་པ་ཉིད་ཀྱིས་མ་གྲུབ་ན། ཡིད་ཆེས་པར་མི་འགྱུར་བས། དེ་བསྒྲུབ་པར་གྱིས་ཤིག །སྨྲས་པ། དང་པོར་གཉིས་ག་ལ་གྲུབ་པའི་ལུང་གིས་བསྒྲུབ་པར་བྱ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། དེ་ལ་རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཆོས་ཅན་ནོ། །བདེ་བར་གཤེགས་པ་དང་འདྲ་ཞེས་བྱ་བ་ནི་དཔེའོ། །བསྒྲུབ་བྱ་ནི་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པར་བསྒྲུབ་པར་བྱ་བ་ཡིན་པའོ། །འོ་ན་མངོན་སུམ་གྱི་ཚད་མས་གནོད་ཅེ་ན། བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། ཇི་ལྟར་བརྡའ་ལ་མ་བྱང་བའི་བྱིས་པ་དག་རབ་རིབ་ཀྱི་སྐྲ་ཤད་ལ་འཛིན་པ་དང་། མགལ་མེའི་འཁོར་ལོ་ལ་ལོངས་སྤྱོད་ཅིང་དགའ་བ་སྐྱེ་བ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་པའི་ཤེས་པས་བརྟགས་པའི་སྤྱོད་ཡུལ་མཚན་མར་འཛིན་པའི་ལོངས་སྤྱོད་པ་ནི་མེད་པའི་ཆོས་ལ་ལོངས་སྤྱོད་པར་ཟད་དོ། །དེ་བས་ན་འདི་ལྟར་བསྒྲུབ་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཡིན་ཏེ། རྟག་ཏུ་སྐྱེ་བ་མེད་པའི་ཆོས་དེ་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར། དཔེར་ན་དུས་གསུམ་གྱི་བདེ་བར་གཤེགས་པ་དང་འདྲའོ། །ཇི་ལྟར་འདྲ་ཞེ་ན། བདེ་བར་གཤེགས་པ་ནི་ལུས་དང་ངག་དང་ཡིད་ཀྱིས་ཕྱེ་བ་མ་ཡིན་ཏེ། ཆོས་ཉིད་ཀྱིས་ཕྱེ་བ་ཡིན་ཏེ། འདི་ལྟར་འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ །ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་འཕགས་པ་རྣམས་འདུས་མ་བྱས་ཐོབ་པས་འཕགས་པ་ཉིད་ཐོབ་པ་བཞིན། ཆོས་ཐམས་ཅད་འདུས་མ་བྱས་པའི་རང་བཞིན་ཐོབ་པས་དེ་བཞིན་གཤེགས་པ་ཡིན་ནོ། །མཚན་མའི་སྤྱོད་ཡུལ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་མེད་བཞིན་དུ་སྤྱོད་པར་འདོད་པ་རྣམས་མེད་པའི་ཆོས་ལ་སྤྱོད་དུ་ཟད་དོ། །འོ་ན་ངོ་བོ་ཉིད་ཀྱིས་སངས་རྒྱས་པའི་བདག་ཉིད་དུ་གྲུབ་ན། སྣང་བ་ཙམ་གྱི་ངོར་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་གྲུབ་པའི་འཐད་པ་སྒྲུབ་པའི་རིགས་པ་ཅི་ཡོད་ཅེ་ན། དེ་ཡང་བསྒྲུབ་པར་བྱ་སྟེ་དེ་ལ་ཡང་ཅིག་ཅར་བསྒྲུབ་པར་བྱ་བའམ། འོན་ཏེ་རིམ་གྱིས་ཀྱང་བསྒྲུབ་པར་བྱ་སྟེ། དེ་ལྟར་རང་གི་སྣང་བ་ལ་ཞེན་པ་ཆུང་བ་རྣམས་ནི་ཅིག་ཆར་བསྒྲུབ་པས་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ལ་དང་པོ་ཉིད་དུ་དཔེ་བསྒྲུབ་པར་བྱའོ། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ཆུ་ཀླུང་ལ་རྣག་ཏུ་མཐོང་བ་ལས། ཁ་ཅིག་གིས་མི་རྣམས་ཀྱིས་ཆུར་མཐོང་བ་ཡང་ཐོས་ཏེ། དེ་ལ་ལ་ལ་ནི། རྣག་གི་དངོས་པོའི་མཚན་ཉིད་ཡིན་ཏེ། ཆུ་ནི་ཀུན་བརྟགས་པའི་གཟུགས་སུ་འདོད་ལ། ཁ་ཅིག་གིས་ནི་རྣག་ནི་སྣང་བ་མ་དག་པ་ཡིན་པས་མི་རྣམས་ཀྱིས་མཐོང་བ་བཞིན་དུ་ཆུ་ཉིད་མཚན་ཉིད་པར་འདོད་པ་ལས། དེས་སྨྲས་པ། གྲོགས་པོ་དག་བདག་ཅག་ལྟ་བུའི་ཡི་དྭགས་རྣམས་ལ་མཐུན་པར་སྣང་བའི་རྣག་གིས་གང་བའི་ཀླུང་འདི་ནི། མི་རྣམས་ཀྱིས་མཐོང་བ་བཞིན་དུ་ཆུ་ཀླུང་ཉིད་ཡིན་ཏེ། ཆུ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན་ཡི་དྭགས་རྣམས་ལ་ཡང་ཆུ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་ཕྱིར། བདག་ཅག་ཉིད་ཀྱིས་སྔོན་ཆད་སྐབས་སྐབས་སུ་ཐོབ་པའི་ཆུ་བཞིན་ནོ། །ཞེས་འབྲེལ་བ་བསྒྲུབ་ན་འདི་ནི་སྐྱོན་མེད་པར་འབྲེལ་བ་འགྲུབ་བོ། །ཡང་གང་ཆུ་ལ་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན། ཆུ་ཉིད་ལོངས་སྤྱོད་དུ་ཡོད་པ་དེ་ཐམས་ཅད་ནི་ཆུ་ཉིད་ཡིན་ཏེ། བདག་ཅག་གིས་ཐོས་ཐོས་པའི་ཆུ་ལྟ་བུའོ། །འདི་ཡང་ཆུ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་བསྔོས་ཏེ་བྱིན་ན་ཆུ་ཉིད་ལ་ལོངས་སྤྱོད་དུ་ཡོད་པའོ། །ཞེས་ཁྱབ་པ་ངེས་པར་གྲུབ་པ་བཞིན་མི་རྣམས་ལ་མཐུན་པར་སྣང་བའི་ལུས་དང་ལོངས་སྤྱོད་དུ་སྣང་བ་འདི་དག་ལ། ཁ་ཅིག་གིས་ཡོངས་སུ་དག་པའི་གང་ཟག་རྣམས་ཀྱིས་ལྷའི་དཀྱིལ་འཁོར་དུ་མཐོང་བ་དང་། གསང་སྔགས་ཀྱི་ཚུལ་ལས་ལྷའི་དཀྱིལ་འཁོར་ཉིད་ཡིན་པར་སྟོན་པའང་ཐོས་ཏེ། དེ་ལས་ལ་ལ་ནི་ཐ་མལ་པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་ནི་དངོས་པོའི་མཚན་ཉིད་དེ། ལྷར་མཐོང་བ་ནི་ཀུན་བརྟགས་པ་ལ་སོགས་པར་འདོད་པ་ལ། ཁ་ཅིག་ནི་ཐ་མལ་པའི་ལུས་དང་ལོངས་སྤྱོད་ནི་སྣང་བ་མ་དག་པ་ཡིན་པས། གང་ཟག་དག་པ་རྣམས་ཀྱིས་མཐོང་བ་དང་། གསང་སྔགས་ཀྱི་ཚུལ་ལས་གྲགས་པ་བཞིན་དུ། ལྷ་ཉིད་དངོས་པོ་རྣམས་ཀྱི་མཚན་ཉིད་ཡིན་པར་འདོད་པ་ལས། དེས་སྨྲས་པ། གྲོགས་པོ་དག་བདག་ཅག་ལྟ་བུ་མི་རྣམས་ལ་མཐུན་པར་སྣང་བའི་ཐ་མལ་པའི་ལུས་དང་ལོངས་སྤྱོད་ཡུལ་དུ་སྣང་བ་འདི་ནི། གང་ཟག་དག་པ་རྣམས་ཀྱིས་མཐོང་བ་བཞིན་དུ་ལྷའི་དཀྱིལ་འཁོར་ཉིད་ཡིན་ཏེ། དག་པའི་སྤྱོད་ཡུལ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་མི་རྣམས་ལ་ཡང་སྤྱོད་ཡུལ་འདི་དག་ལྷ་ཉིད་དུ་སྣང་ཞིང་ལོངས་སྤྱོད་དུ་ཡོད་པའི་ཕྱིར་བདག་ཅག་ལྟ་བུའི་མི་ལས་སྔོན་ཅད་སྐབས་སྐབས་སུ་དངོས་གྲུབ་ཐོབ་པ་བྱུང་བ་རྣམས་ཀྱིས་ལྷའི་སྤྱོད་ཡུལ་ཐོབ་པ་བཞིན་ནོ། །ཞེས་འབྲེལ་བ་བསྒྲུབས་ན་འདི་ནི་སྐྱོན་མེད་པར་གྲུབ་པའོ། །ཡང་གང་དག་པའི་སྤྱོད་ཡུལ་ལ་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་ལྷ་ཉིད་ཀྱི་སྤྱོད་ཡུལ་ལ་ལོངས་སྤྱོད་དུ་ཡོད་པ་དེ་ཐམས་ཅད་ལྷ་ཉིད་ཡིན་ཏེ། དངོས་གྲུབ་ཅན་གྱིས་ཐོབ་པའི་ལྷའི་སྤྱོད་ཡུལ་ལྟ་བུའོ། །ཐ་མལ་པའི་སྤྱོད་ཡུལ་འདི་ཡང་། ཡོངས་སུ་དག་པའི་སྤྱོད་ཡུལ་ལ་སྤྱོད་པར་དབང་བ་རྣམས་ཀྱིས་དངོས་གྲུབ་བྱིན་ན་ལྷའི་སྤྱོད་ཡུལ་ལ་ལོངས་སྤྱོད་དུ་ཡོད་པའོ། །ཞེས་སྒྲུབ་པ་འདི་ནི་ཁྱབ་པ་ངེས་པར་གྲུབ་པའོ། །མངོན་སུམ་གྱིས་ཀྱང་གནོད་པ་མ་ཡིན་ཏེ། ལས་ཀྱི་སྒྲིབ་པས་བསྒྲིབས་པ་ཡིན་པའི་ཕྱིར། དཔེར་ན་སྔོན་འཛམ་བུའི་གླིང་གི་བུད་མེད་དབུལ་མོ་ཞིག་ལ་ལྷ་རྣམས་ཀྱིས་སྙིང་རྗེ་སྐྱེས་ནས་གསེར་བྱིན་པ་ལས་སོལ་བར་སོང་བ་བཞིན་ནོ། །ལས་དང་སྙིང་རྗེའི་འབྲེལ་པ་ཡོད་པ་རྣམས་ལ་ནི། རིམ་པ་བཞིན་སྣང་བ་འབྱུང་སྟེ། འདི་ལྟར་དབུལ་མོ་དེ་ཉིད་ལ་མེ་ལྷས་བྱིན་པའི་གསེར་ཅུང་ཟད་ཙམ་སྣང་བར་ནུས་ནས་ལོངས་སྤྱོད་ཅུང་ཟད་ཙམ་སྦྱར་བ་བཞིན་ནོ། །གང་དག་རང་གི་སྣང་བ་ལ་ཤིན་ཏུ་མངོན་པར་ཞེན་པ་རྣམས་ནི་དང་པོ་རང་གི་སྣང་བ་བདེན་པར་མ་བསྒྲུབ་ན། གཞི་ཉིད་ལ་འཇུག་པར་མི་འགྱུར་བས། དེ་ལྟ་བུ་ལ་ཐོག་མར་རང་གི་སྣང་བ་ཡང་བསྒྲུབས་ནས། དེ་ནས་གྲུབ་མཐའ་ཁྱད་པར་ཅན་ལ་རིམ་གྱིས་གཞུགས་པར་བྱའོ། །དེ་ལྟ་བུའི་ཚུལ་ནི་འདི་ཡིན་ཏེ། དཔེར་ན་ཡི་དྭགས་གཉིས་སྔ་མ་བཞིན་དུ་གྲུབ་མཐའ་མི་མཐུན་པ་ལས་གཅིག་གིས་སྨྲས་པ། བདག་ཅག་ལྟ་བུ་ལ་མཐུན་པར་སྣང་བའི་རྣག་གི་ཀླུང་འདི་ནི་རྣག་གི་མཚན་ཉིད་འབའ་ཞིག་ཏུ་མ་ཟད་ཀྱི་ཆུའི་མཚན་ཉིད་ཀྱང་ཡིན་ཏེ། སེམས་ཀྱི་རྣམ་པ་སྣང་བའི་ཕྱིར། བསྔོས་ནས་ཐོབ་པའི་ཆུ་དང་རྣག་ཏུ་སྣང་བ་འདི་ཉིད་བཞིན་ནོ། །ཞེས་བྱ་བ་དང་། ཡང་གང་སེམས་ཀྱི་རྣམ་པ་ཡིན་པ་དེ་ནི། མཚན་ཉིད་ཐམས་ཅད་དུ་སྣང་བ་ཡིན་ཏེ། བསྔོས་ནས་ཐོབ་པའི་ཆུ་དང་ཐ་མལ་པས་རྣག་ཏུ་སྣང་བ་འགའ་ཞིག་བཞིན་ནོ། །རྣག་གིས་གང་བའི་ཀླུང་ཆེན་པོ་འདི་ཡང་སེམས་ཀྱི་རྣམ་པ་སྣང་བའོ། །རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། གཤེར་བ་མཐུན་སྣང་བར་མཐུན་པའི་ཕྱིར་རྣག་ཏུ་སྣང་བ་ཉིད་བཞིན་ནོ། །ཞེས་བསྒྲུབས་ན། སེམས་སྣང་བར་འདོད་པའི་གང་ཟག་རྣམས་ལ་རིགས་པ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་དང་པོ་མཚུངས་པར་བསྒྲུབས་ནས། དེ་ནས་རྣག་གི་མཚན་ཉིད་དགག་པར་བྱ་སྟེ། འདི་ལྟར་སྣང་བ་འདི་གཉིས་ཀ་ཡང་སེམས་ཀྱི་རྣམ་པ་སྣང་བ་ཡིན་པར་མཚུངས་མོད་ཀྱི་རྣག་ནི་སྣང་བ་མ་དག་པ་ཡིན་པའི་ཕྱིར། འཁྲུལ་པ་ཡིན་ལ། ཆུ་ནི་སྣང་བ་དག་པ་ཡིན་པའི་ཕྱིར་མ་འཁྲུལ་བའོ། །འདི་ལྟར་གང་འཁྲུལ་པ་དེ་ནི་མ་དག་པ་ཡིན་ལ། མ་དག་པ་དེ་ནི་འཁྲུལ་པ་སྟེ། འདི་ནི་ཁྱབ་པ་མཚུངས་པའོ། །དེ་བཞིན་དུ་དག་པ་དང་མ་འཁྲུལ་བ་ལ་ཡང་བལྟ་བར་བྱ་སྟེ། དེ་བས་ན་ཁྱབ་པ་ངེས་པའི་གཏན་ཚིགས་འདི་ཉིད་ཀྱིས། རྣག་ནི་སྣང་བ་འཁྲུལ་བའོ། །འཁྲུལ་བའི་སྣང་བའོ། །ཆུ་ནི་མ་འཁྲུལ་བའོ། །མ་འཁྲུལ་བའི་སྣང་བའོ། །དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྣང་བའི་ངོར་ཡང་འགྲོ་བ་ཕལ་པ་ལ་སྣང་བ་ལྟར། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་སྤྱོད་ཡུལ་དུ་སྣང་བ་འདི་དག་སྡུག་བསྔལ་གྱི་རང་བཞིན། ཉོན་མོངས་པ་སྐྱེ་བའི་གནས་ཀྱི་མཚན་ཉིད་ཁོ་ན་མ་ཡིན་ཏེ། གང་ཟག་དག་པ་རྣམས་ལ་སྣང་བ་བཞིན་དུ། སྐུ་གསུང་ཐུགས་རྡོ་རྗེས་བསྡུས་པ་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པའི་བདག་ཉིད་དུ་སངས་རྒྱས་པའི་མཚན་ཉིད་ཀྱང་ཡིན་ཏེ། སེམས་ཀྱི་རྣམ་པ་སྣང་བ་ཡིན་པའི་ཕྱིར། དངོས་གྲུབ་དམ་པ་ཐོབ་པ་རྣམས་ལ་ལྷར་སྣང་བ་དང་། ཐ་མལ་པ་ལ་བུམ་པ་དང་ཀ་བ་ལ་སོགས་པར་སྣང་བ་བཞིན་ནོ། །ཞེས་བྱ་བ་དང་། ཡང་གང་དང་གང་སེམས་ཀྱི་རྣམ་པ་ཡིན་པ་དེ་དང་དེ་ཐམས་ཅད་ནི་མཚན་ཉིད་ཐམས་ཅད་དུ་སྣང་བ་ཡིན་ཏེ། ཁ་ཅིག་ལ་ལྷར་སྣང་བ་དང་ཁ་ཅིག་ལ་ཀ་བ་ལ་སོགས་པར་སྣང་བ་བཞིན་ནོ། །ཐ་མལ་པ་ལ་སྣང་བའི་ལུས་དང་གནས་དང་ལོངས་སྤྱོད་ཡུལ་དུ་སྣང་བ་འདི་ཡང་སེམས་ཀྱི་རྣམ་པ་སྣང་བའོ། །རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱིས་བསྡུས་པའི་ལུས་དང་གནས་དང་སྤྱོད་ཡུལ་སྣང་བ་མཐུན་པའི་ཕྱིར་རོ། །ཀ་བ་ལ་སོགས་པར་སྣང་བ་ཉིད་བཞིན་ནོ། །ཞེས་བསྒྲུབས་ན། སེམས་སྣང་བར་འདོད་པའི་གང་ཟག་རྣམས་ལ་རིགས་པ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་དང་པོ་མཚུངས་པར་གྲུབ་ནས། དེ་ནས་སྡུག་བསྔལ་གྱི་མཚན་ཉིད་དགག་པར་བྱ་སྟེ། སྣང་བ་འདི་གཉིས་ཀ་ཡང་སེམས་ཀྱི་རྣམ་པ་སྣང་བ་ཡིན་པར་མཚུངས་མོད་ཀྱི། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་སུ་སྣང་བ་ནི། སྣང་བ་མ་དག་པ་ཡིན་པའི་ཕྱིར་འཁྲུལ་བ་ཡིན་ལ། ཐར་པ་དང་ཐར་པའི་གནས་སུ་སྣང་བ་ནི་དག་པའི་ཕྱིར་མ་འཁྲུལ་བ་སྟེ། གང་འཁྲུལ་བ་དེ་ནི་མ་དག་པ་ཡིན་ལ། མ་དག་པ་དེ་ནི་འཁྲུལ་བ་སྟེ། འདི་ནི་ཁྱབ་པ་མཚུངས་པའོ། །དེ་བཞིན་དུ་དག་པ་དང་མ་འཁྲུལ་བ་ལ་ཡང་བལྟ་བར་བྱའོ། །དེ་བས་ན་ཁྱབ་པ་ངེས་པའི་གཏན་ཚིགས་འདི་ཉིད་ཀྱིས་ཐ་མལ་པར་སྣང་བ་ནི་སྣང་བ་འཁྲུལ་བའོ། །འཁྲུལ་བའི་སྣང་བའོ། །ལྷ་ནི་སྣང་བ་མ་འཁྲུལ་བའོ། །མ་འཁྲུལ་པའི་སྣང་བའོ། །ཞེས་ངེས་པར་རྟོགས་པར་བྱའོ། །དེ་ལ་རྣམ་པ་ཡང་ཐ་དད་མ་ཡིན་ཞེས་བྱ་བ་འདི་ཡང་ཅུང་ཟད་བཤད་པར་བྱ་སྟེ། གང་ཟག་ཁ་ཅིག་གིས་བཏགས་པ་བུམ་པ་དང་ཀ་བ་ལ་སོགས་པ་ལ་ལྷར་བསྒོམས་ན་སྐུ་གསུང་ཐུགས་དང་ལྡན་པའི་ལྷ་ཉིད་དུ་སྣང་དུ་རུང་མོད་ཀྱི། དེ་ནི་ཀ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ཏེ། ཇི་ལྟར་མི་སྡུག་པ་བསྒོམས་པས་ས་ཕྱོགས་རུས་པ་ལ་སོགས་པས་གང་བ་བཞིན་ནོ། །དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་བསྒོམ་པའི་སྣང་བ་ཡང་དབང་འབྱོར་བའི་གཟུགས་ཏེ། ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་ཀྱི་བྱེ་བྲག་ཞིག་ཡིན་པས། དངོས་པོའི་མཚན་ཉིད་མ་ཡིན་ནོ། །ཞེས་ཟེར་བ་དང་། ཁ་ཅིག་ན་རེ། ལྷར་སྣང་བའི་ཚེ་རང་གི་སྣང་བ་འགྱུར་བ་ཡིན་པས་མཐུན་པར་སྣང་བའི་མཚན་ཉིད་མ་ཡིན་ནོ། །ཞེས་རྒོལ་བ་ལ། རྣམ་པ་ཡང་ཐ་དད་པ་མ་ཡིན་ཏེ། མཐུན་པར་སྣང་བའི་ཕྱིར། ཞེས་བྱ་བ་བསྟན་པ་ཡིན་ཏེ། ཇི་ལྟར་ཡི་དྭགས་ལ་རྣག་ཏུ་སྣང་བ་ཡང་ལས་མཐུན་རང་གི་སྣང་བ་ཡིན་ལ། ཆུར་སྣང་བ་ཡང་ལས་མཐུན་རང་གི་སྣང་བ་ཡིན་པས་གཞི་ཐ་དད་དོ་ཞེས་བྱ་བར་མི་རུང་སྟེ་གཤེར་བར་མཐུན་པར་སྣང་བ་གཉིས་ག་ལ་མ་ལོག་པས། དེ་བས་ན་ཀླུང་ཆོས་ཅན་དུ་བྱ་བར་རུང་བ་ཡིན་ཏེ། གལ་ཏེ་དེ་ཡང་དག་གོ་ན། རྣག་ཏུ་སྣང་བ་ཉིད་ཀྱང་རང་རང་གི་སྣང་བ་ཡིན་པས་ཆོས་ཅན་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པ་གང་ཡང་རྙེད་པར་མི་འགྱུར་རོ། །དེ་བཞིན་དུ་ཐུན་མོང་གི་སྣང་བ་ལ་ལུས་དང་ངག་དང་ཡིད་ཀྱི་རྣམ་པ་མ་དག་པར་སྣང་བ་དང་། ལྷའི་སྐུ་གསུང་ཐུགས་རྡོ་རྗེའི་སྣང་བ་དག་པ་གཉི་ག་ཡང་ལུས་ངག་ཡིད་གསུམ་གྱི་རྣམ་པ་དང་བཅས་པའི་ཞིང་དང་སྤྱོད་ཡུལ་དུ་སྣང་བ་གཉི་ག་ལ་མ་ལོག་པར་མཐུན་པར་སྣང་བས། དེ་བས་ན་འདི་ལྟར་སྣང་བ་ཆོས་ཅན་དུ་བཞག་ཏུ་རུང་བ་ཡིན་ཏེ། གལ་སྟེ་རང་རང་གི་སྣང་བ་ཡིན་པས་ཀུན་ཀྱང་ཐ་དད་དོ། །ཞེས་མཐུན་སྣང་བཀག་ན་ཀ་བ་ལ་སོགས་པ་རང་རང་གི་སྣང་བ་ཡིན་པས་ཆོས་ཅན་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲུབ་པ་གང་ཡང་རྙེད་པར་མི་འགྱུར་རོ། །དེ་བས་ན་སྣང་བ་ལྷར་བསྒྲུབ་པ་འདི་ཡང་ཆོས་ཅན་ཐ་དད་པའི་ཉེས་པ་མེད་དོ། །ཡང་དྲིས་པ། ཡོངས་སུ་དག་པའི་ལྷ་ནི་ཆོས་ཉིད་དང་ཡེ་ཤེས་ཀྱིས་ཕྱེ་སྟེ་རྣམ་པར་བཞག་པ་མ་ཡིན་ནམ། ཇི་ལྟར་ན་སེམས་ཀྱི་རྣམ་པར་སྣང་བར་འགྱུར་ཞེ་ན། ཡོངས་སུ་དག་པའི་ལྷ་ཡང་རྣམ་པ་གཉིས་ཀྱི་ཚུལ་གྱིས་བཞག་སྟེ། ཇི་ལྟར་མེ་ལོང་གི་གཟུགས་བརྙན་ནི་མེ་ལོང་གི་ཡོན་ཏན་ཡིན་པས། མེ་ལོང་དུ་གཞག་པ་དང་། བྱད་ཀྱི་གཟུགས་བརྙན་ཡིན་པས། བྱད་ཀྱི་རྣམ་པར་བཞག་གོ །དེ་བཞིན་དུ་ལྷའི་སྐུ་གསུང་ཐུགས་སུ་སྣང་བ་ཡང་། ཡེ་ཤེས་ཀྱི་ཆོས་ཉིད་རྟོགས་པའི་དབང་དང་། ཐུགས་རྗེས་སྨོན་ལམ་བསྒྲུབ་པའི་ཤུགས་ཀྱིས་སྣང་བ་ཡིན་པས། ཡེ་ཤེས་དང་ཆོས་ཉིད་ཀྱིས་ཕྱེ་བའོ། །ཞེས་བཞག་པ་དང་། ལྷར་སྣང་བ་དེ་དག་ཀྱང་བག་ཆགས་དང་བཅས་པའི་སེམས་ཀྱི་རྣམ་པ་སྣང་བ་ཡིན་པས་སེམས་ཉིད་དུ་བསྡུས་པའོ། །དེ་ལ་བག་ཆགས་ཀྱི་རྒྱུས་ཇི་ལྟར་སྣང་ཞེ་ན། དེ་ལ་འཛིན་པ་གཉིས་ཀྱི་བག་ཆགས་ནི། དེ་ཡང་ཡུལ་དང་ཡུལ་ཅན་དུ་སྣང་བར་འགྱུར་རོ། །དཀར་པོ་ལས་ཀྱི་བག་ཆགས་ཀྱིས་ནི། མཚན་དང་དཔེ་བྱད་ལ་སོགས་པས་བརྒྱན་པ། ཁྱད་པར་ཅན་དུ་སྣང་བར་འགྱུར། གཞན་ཡང་བདག་ཏུ་ལྟ་བའི་བག་ཆགས་ཀྱིས་ནི་བདག་དང་ལྷ་རྒྱུད་སོ་སོར་སྣང་བ་དང་ཡུལ་བེག་ལིང་དུ་ཆད་པར་སྣང་བར་འགྱུར་རོ། །མངོན་པར་བརྗོད་པའི་བག་ཆགས་ཀྱིས་ནི་མཚན་མ་ཐ་དད་དུ་སྣང་བར་འགྱུར་རོ། །སྲིད་པ་ཡན་ལག་གི་བག་ཆགས་ལས་ནི། སྐྱེ་བའི་རང་བཞིན་དུ་སྣང་སྟེ། བག་ཆགས་ཐམས་ཅད་མ་ལུས་པར་ཟད་པ་ལ་ནི། ཡོངས་སུ་དག་པའི་སྤྱོད་ཡུལ་ཡང་སྣང་བ་མ་ཡིན་ནོ། །སངས་རྒྱས་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི། དེ་བཞིན་དུ་ཡོད་དམ་མེད་པ་ནི་བརྟག་པར་བྱ་བ་སྟེ། བསམ་གྱིས་མི་ཁྱབ་པའི་ཆོས་ཡིན་ནོ། །ཡང་དྲིས་པ། ཡོངས་སུ་དག་པའི་ལྷ་ཡུལ་གྱི་བདག་ཉིད་དུ་བཞག་པའི་ཚེ། ཡེ་ཤེས་དང་ཆོས་ཉིད་ཀྱིས་ཕྱེ་བར་བཞག་པ་གང་ཡིན་པ་སྟེ། ཐ་མལ་པའི་སེམས་འཁྲུལ་བར་སྣང་བའི་བདག་ཉིད་ལ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཡང་དེ་ལྟར་མ་ཡིན་ཏེ། སོ་སོ་སྐྱེ་བོའི་ཤེས་པའང་རང་བཞིན་གྱིས་རྣམ་པར་བྱང་པའི་མཚན་ཉིད་ཡིན་པ་དང་། ཡེ་ཤེས་ཀྱང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འབའ་ཞིག་ལ་ལྟོས་པ་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ཡོད་པར་བདག་ཅག་ལྟ་བུ་གཉི་ག་ལ་མཐུན་པར་གྲུབ་པའི་མདོ་སྡེ་ལས་གསུངས་ཏེ། འདི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། སོ་སོ་སྐྱེ་བོའི་ཤེས་པའང་། །རང་བཞིན་གྱིས་ནི་རྣམ་བྱང་ཅན། །ཞེས་གསུངས་པ་དང་། འཕགས་པ་སྡོང་པོ་བཀོད་པ་ལས། ལྷའི་བུ་རབ་མཚེ་མའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་འཚིག་འགྱུར་ཡང་། །ནམ་མཁའ་འཚིག་པར་མི་འགྱུར་བཞིན། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་ཏེ། གསང་སྔགས་ཀྱི་ཚུལ་ལས་གྲགས་པ་ནི་ལྷག་པར་སྨོས་ཀྱང་མི་དགོས་ཏེ། དེ་བས་ན་སྒྲིབ་པ་ཀུན་ནས་རགས་པ་དག་པས་ན་ཐུན་མོང་གི་སྣང་བ་ཕལ་ཆེར་མ་ལོག་ཀྱང་ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པ་སྣང་བར་འགྱུར་རོ། །དེ་བས་ན་ཆོས་ཅན་ཐ་དད་མ་ཡིན་ནོ། །མདོར་བསྡུས་ཏེ་བསྒྲུབ་པར་བྱ་ན། ཇི་སྲིད་དུ་ཡོངས་སུ་དག་པ་དང་མ་དག་པའི་ལུས་དང་སྤྱོད་ཡུལ་དུ་སྣང་བ་ཡུལ་དང་དུས་ལ་སོགས་པ་རྣམ་པས་རབ་ཏུ་ཕྱེ་བ་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་མ་གཅིག་གི་སྣང་བ་ཡིན་པའི་ཕྱིར་གདོད་མ་ཐོབ་པར་བྱ་བའི་ཆོས་ནི་གང་ཡང་མེད་དེ། དཔེར་ན་ནམ་མཁའ་ལ་ནམ་མཁའི་མཚན་ཉིད་སྒྲུབ་ཏུ་མེད་པ་བཞིན་ནོ། །ཞེས་བྱ་བ་འདི་ཡང་སྐྱོན་མེད་པར་གྲུབ་པ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང་ལས་ཀྱིས་ཕྱེ་བར་ཟད་ཀྱི་རིགས་ནི་ཀུན་གཞི་རྣམ་པར་ཤེས་པའི་རིགས་ཉིད་ཡིན་པས་ཐ་དད་པ་མེད་དོ། །བདག་དང་གཞན་གྱི་རྒྱུད་ཀྱང་གང་ཟག་གིས་ཕྱེ་བར་ཟད་ཀྱི་ཆོས་ཀྱིས་ཕྱེ་བ་མ་ཡིན་ནོ། །རིགས་པའང་ཆེ་ཆུང་གི་བྱེ་བྲག་ཡོད་དེ། འཁྲུལ་སྣང་དེ་བཞིན་དུ་ཚད་མར་གྲུབ་པ་ལ་སྣང་བ་ཉིད་ཀྱི་དབང་དུ་སྐྱོན་མེད་པར་ཡང་མ་ཡིན་ནོ། །ཚུལ་དེ་ཉིད་ལ་བློ་དང་ལྡན་པས་བསྒྲུབ་ན། བསྒྲུབ་བྱ་སྒྲུབ་ཏུ་མི་རུང་བ་ཡང་མ་ཡིན་ནོ། །སྣང་བ་ལྷར་བསྒྲུབ་ཆེན་པོ་ཞེས་བྱ་བ་ངྷ་རྨ་བྷ་དྲས་མཛད་པའོ། ། དགེའོ། །། །

རྩོམ་སྒྲིག་པ། ཨ་ནུ།

47.2K