༄༅། །རོང་ཟོམ་ཆེན་པོའི་གསུང་གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ་བཞུགས།

༄༅། །སངས་རྒྱས་པའི་གནས་ལུགས་ལ། སེམས་ཙམ་གྱི་གྲུབ་མཐའ་འཛིན་པ་རྣམས། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཡོད་པར་འདོད་པ་ནི། རང་གི་གྲུབ་མཐའ་རྣམ་པ་དང་བཅས་པའམ། རྣམ་པ་མེད་པའི་ཚུལ་དང་མཐུན་པར་འཛིན་པ་ཡིན་པས། སངས་རྒྱས་པ་ལ་རྩོད་གཞི་མེད་དེ། གལ་ཏེ་རྩོད་པར་འདོད་ན། སེམས་དང་སེམས་ལས་བྱུང་བའི་རང་བཞིན། དངོས་པོའི་གནས་ལུགས་ཉིད་ལ་རྩོད་དུ་ཟད་དོ། །གང་དག་དབུ་མ་ཡན་ཆད་ཀྱི་གྲུབ་མཐའ་འཛིན་པ་རྣམས། དོན་དམ་པར་སྤྲོས་པ་དང་བྲལ་བར་འདོད་པ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་འདོད་པ་གཉིས། སངས་རྒྱས་ལ་ལྡན་པར་སྒྲུབ་ཏུ་མི་རུང་སྟེ། དངོས་པོའི་ངོ་བོ་ཉིད་ལ་མཚན་ཉིད་འགལ་བ་གཉིས་ལྡན་དུ་མི་རུང་བའི་ཕྱིར་རོ། །དོན་དམ་པ། ཀུན་རྫོབ་ཅེས་བྱ་བ་རྣམ་པར་བཞག་པ་གཉིས་སུ་བཀོད་པ་འདི་ཡང་། བློ་རྣམ་པ་གཉིས་ཀྱི་དབང་དུ་བཞག་པ་སྟེ། བློ་གཉིས་ཀྱིས་ཇི་ལྟར་བཞག་པ་དེ་ལྟར་གཉིས་ཀ་བདེན་ན་དངོས་པོའི་གནས་ལུགས་ཉམས་སོ། །གལ་ཏེ་གཉིས་ཀ་མི་བདེན་ན་ཡང་དངོས་པོའི་གནས་ལུགས་ཉམས་སོ། །གལ་ཏེ་གཅིག་ནི་བདེན་ལ་གཅིག་ནི་བདེན་པ་མ་ཡིན་ན་ནི། གང་བདེན་པ་དེ་དངོས་པོའི་གནས་ལུགས་ཡིན་པར་རེ་ཞིག་སྐབས་སུ་བཞག་ཏུ་རུང་ངོ་། །དཔེར་ན་དུང་ལ་མིག་སེར་ཅན་གྱིས་སེར་པོར་མཐོང་། མིག་སྔོན་ཅན་གྱིས་སྔོན་པོར་མཐོང་། འཆི་རྟགས་ཅན་གྱིས་དབྱིབས་ཉམས་པར་མཐོང་། རབ་རིབ་ཅན་གྱིས་གཉིས་སུ་མཐོང་། མིག་དག་པ་རྣམས་ཀྱིས་ཁ་དོག་དཀར་པོར་མཐོང་། དབྱིབས་ལྗོང་ཟླུམ་མ་གོད་པར་མཐོང་། གྲངས་གཅིག་ཏུ་མཐོང་སྟེ། དེ་དག་ཐམས་ཅད་ལ་ཡང་རང་རང་གི་བློའི་ཡུལ་དུ་སྣང་བ་ཙམ་ལ་ནི་སྒྲོ་སྐུར་དུ་མེད་དེ། བདེན་པ་ཐ་དད་འཇུག་ཏུ་རུང་བ་སྣང་བ་དེ་དག་ཐམས་ཅད་དུང་གི་མཚན་ཉིད་ཀྱི་གནས་ལུགས་ཡིན་པར་ནི་བསྒྲུབ་ཏུ་མི་རུང་སྟེ། ཐམས་ཅད་བདེན་པའི་ཕྱིར་དུང་གི་གནས་ལུགས་ཉམས་སོ། །གལ་ཏེ་ཐམས་ཅད་རྫུན་ན་ཡང་དུང་གི་གནས་ལུགས་ཉམས་སོ། །གལ་ཏེ་མིག་དག་པའི་སྣང་བ་ནི། ཇི་ལྟར་སྣང་བ་དེ་ལྟར་ཡོད་ཅིང་ཡིན་པར་བདེན་ལ། སྣང་བ་གཞན་ནི་དེ་ལྟར་ཡོད་པ་མ་ཡིན་ན། གང་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་དུང་གི་གནས་ལུགས་ཡིན་ནོ། །དེ་བཞིན་དུ་བདེན་པ་གཉིས་ནི་དངོས་པོའི་གནས་ལུགས་སུ་མི་རུང་ལ། སངས་རྒྱས་ལ་ཡང་ཕྱིན་ཅི་ལོག་མངའ་བར་མི་རུང་ངོ་། །གང་ཀུན་རྫོབ་ཏུ་བཞག་པའི་ཆོས་དེ་ནི་དེ་བཞིན་དུ་བསྒྲུབ་ཏུ་མི་རུང་བས། འཁྲུལ་བའི་ཁོངས་སུ་མི་འདུ་བའི་གནས་མེད་དོ། །སྤྱིར་འཁྲུལ་མ་འཁྲུལ་གཉིས་ཀྱང་ལྟོས་པས་གྲུབ་པ་ཡིན་པས། ཤིན་ཏུ་འཁྲུལ་པ་དག་ལ་ལྟོས་ན་མ་འཁྲུལ་བར་གཞག་ཏུ་རུང་བའི་སྐབས་ཡོད་ཀྱང་། མཐར་གཏུགས་ན་གང་ལ་སྐྱོན་མ་རྙེད་པ་ཞིག་བདེན་པར་ཐ་སྙད་དུ་གདགས་དགོས་སོ། །དེ་བས་ན་བདེན་པ་གཉིས་དབྱེར་མེད་པའི་ཚུལ་དང་། བདེན་པ་གཉིས་སུ་འདོད་པའི་ཚུལ་གཉིས་ཀྱང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པར་གཟུང་དགོས་སོ། །གཏན་ཚིགས་དེ་རྒྱས་པར་བཤད་དེ་བསྟན་ན། ལ་ལ་དག་འདི་སྐད་དུ། སངས་རྒྱས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་ཡིན་པར་ཤེས་པ་གང་གིས་ཤེས་ཞེ་ན། འདི་བརྗོད་པར་བྱ་སྟེ། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཡོད་པར་གང་གིས་ཤེས། མངོན་སུམ་གྱིས་གྲུབ་ཅེས་བྱ་བར་ནི་མངོན་དུ་མ་བྱས། ཐུགས་རྗེའི་བྱིན་རླབས་འབྱུང་བར་གཉི་ག་ལ་གྲུབ་པས། འབྲས་བུ་དམིགས་པའི་ཕྱིར་རོ་ཞེས་ཟེར་ན་ནི། འབྲས་བུའི་སྒོ་ནས་རྒྱུ་ཡོད་པ་གྲུབ་ཀྱང་། རྟེན་གྱི་རྒྱུ་གདོན་མི་ཟ་བར་དགོས་པ་མ་གྲུབ་བོ། །གང་ཡང་འདི་སྐད་དུ། ཤེས་བྱའི་གནས་ལུགས་བདེན་པ་གཉིས་ཀྱི་ཚུལ་དང་ལྡན་པ་ཡིན་པས། སངས་རྒྱས་ཀྱི་ས་ལ་ཡང་བདེན་པ་གཉིས་ཀྱི་ཚུལ་དང་འབྲལ་དུ་མི་རུང་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱིས་གྲུབ་བོ་ཞེ་ན། དེ་ནི་གོང་དུ་བསྟན་པ་ཉིད་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། གཏན་ཚིགས་འདིས་ནི་ཁོ་བོ་ཅག་གི་གཞུང་སྒྲུབ་པར་བྱེད་དོ། །འདི་ལྟར་རིགས་པའི་བསྟན་བཅོས་ལས། གཏན་ཚིགས་སྤྱིའི་མཚན་ཉིད། དེའི་ཆ་ཡིས་ཁྱབ་པ་ཡིན་པར་བསྟན་ལ་ཁྱབ་པའང་མེད་ན་མི་འབྱུང་བའི་ཕྱིར། ཁྱབ་པ་གྲུབ་པ་ཡིན་པས། གཏན་ཚིགས་ཐམས་ཅད་ལ་རང་བཞིན་གྱི་གཏན་ཚིགས་ཀྱིས་ཁྱབ་སྟེ། འདི་ལྟར་རང་བཞིན་གཞན་དུ་མི་སྲིད་པར་ངེས་ན་རིགས་པ་ལ་སྐྱོན་གྱིས་མི་བརྫི་སྟེ། དེ་ཡང་འདི་ལྟར་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་དང་། གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་དང་། དངོས་པོ་རྣམས་ཀྱི་རང་བཞིན་གྱི་ཚུལ་རྣམ་པ་བཞི་པོ་འདིས་ནི། རིགས་པ་ཇི་སྙེད་པ་བསྡུས་ཏེ། འདི་ལྟར་སྒྲ་དང་ཚད་མའི་བསྟན་བཅོས་དང་། དེ་བཞིན་དུ་རིག་པའི་བསྟན་བཅོས་ཇི་སྙེད་པ་དང་། མདོ་སྡེ་དང་རྒྱུད་དང་ལུང་དང་མན་ངག་རྣམས་སུ། གཏན་ཚིགས་ཇི་སྙེད་བཞག་པ་ཐམས་ཅད་རང་བཞིན་འདི་རྣམས་ལས་འདའ་བ་མི་དམིགས་སོ། །འདི་རྣམས་ཀྱིས་ངེས་པར་གྲུབ་པ་གང་ཡིན་པ་དེ་ལ། ཉེས་སྐྱོན་ལྡན་པ་ཡང་མི་དམིགས་སོ། །དེ་བས་ན་གཏན་ཚིགས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལ་གང་ཞིག་ཡོད་ན་གང་ཞིག་མེད་པ་མི་སྲིད་པ་ནི། རང་གི་ངོ་བོ་ཡོད་ན་རང་གི་ངོ་བོ་མེད་པ་མི་སྲིད་པ། བུམ་པ་ཡོད་ན་བུམ་པ་མེད་པ་མི་སྲིད་པ་ལྟ་བུ་དང་། རང་གི་རང་བཞིན་ཡོད་ན་དེའི་རང་བཞིན་མེད་པ་མི་སྲིད་པ་བུམ་པའི་རང་བཞིན་བྱས་པ་ཡོད་ན་དེའི་རང་བཞིན་མི་རྟག་པ་མེད་པ་མི་སྲིད་པ་ལྟ་བུ་དང་། འབྲས་བུ་ཡོད་ན་དེའི་རྒྱུ་དང་བྱེ་བྲག་གི་ཆོས་དག་མེད་པ་མི་སྲིད་པ། དུ་བ་ཡོད་ན་མེའམ་མེའི་ཡོན་ཏན་གྱི་ཆོས་གསལ་བ་ལ་སོགས་པ་མེད་པ་མི་སྲིད་པ་ལྟ་བུ་དང་། ཁྱད་པར་ཡོད་ན་ཁྱད་པར་ཅན་མེད་པ་མི་སྲིད་པ། སྲ་བ་ཡོད་ན་སྲ་བ་ཅན་མེད་པ་མི་སྲིད་པ་ལྟ་བུའོ། །དེ་ལ་གང་ཞིག་མེད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། དེ་དག་ལས་བཟློག་པ་ཉིད་དེ། འདི་ལྟར་རང་གི་ངོ་བོ་མེད་ན་རང་གི་ངོ་བོ་ཡོད་པ་མི་སྲིད་པ། བུམ་པ་མེད་ན་བུམ་པ་ཡོད་པ་མི་སྲིད་པ་ལྟ་བུ་དང་། དེ་བཞིན་དུ་སྦྱར་ཏེ། མི་རྟག་པ་མེད་ན་བྱས་པ་ཡོད་པ་མི་སྲིད་པ་ལྟ་བུ་དང་། མེ་མེད་ན་དུ་བའམ་དེའི་བྱེ་བྲག་གི་ཆོས་ཡོད་པ་མི་སྲིད་པ་ལྟ་བུ་དང་། ཤིང་མེད་ན་ཤིང་ཤ་པ་ཡོད་པ་མི་སྲིད་པ་ལྟ་བུ་དག་གོ །དེ་ལ་གང་ཞིག་ཡོད་ན་གང་ཞིག་ཡོད་པ་མི་སྲིད་པ་ནི། དངོས་པོ་གང་དག་རྒྱུན་ལྷན་ཅིག་སྐྱེ་བར་འགལ་བ་དམིགས་པ་སྟེ། དངོས་པོ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་དམིགས་པ་སྟེ། ཚ་བ་དང་གྲང་བའི་རེག་པ་ལྟ་བུའོ། །གང་ཞིག་མེད་ན་གང་ཞིག་མེད་པ་མི་སྲིད་པ་ནི། ཆོས་གང་རང་གི་རང་བཞིན་བཟློག་ཅིང་བཀག་ན་དེའི་རང་བཞིན་གང་ཡིན་པ་དེ་ཉིད་ལས། གཞན་ཕུང་པོ་གསུམ་པ་མི་སྲིད་པ་དག་སྟེ། འདི་ལྟར་དངོས་པོ་མེད་ན་སྟོང་པ་ཉིད་མེད་པ་མི་སྲིད་པ་དང་། དེ་བཞིན་དུ་མཚན་མ་མེད་ན་སྤྲོས་པ་ཞི་བ་དང་། སྨོན་པ་མེད་ན་སྡུག་བསྔལ་ངེས་པར་འབྱིན་པ་དང་། གཞན་ཡང་རྣམ་པར་གྲོལ་བ་མེད་ན་འཁྲུལ་བ་མེད་བ་མི་སྲིད་པ་དང་། འཁྲུལ་བ་མེད་ན་རྣམ་པར་གྲོལ་བ་མེད་པ་མི་སྲིད་ལྟ་བུ་དག་གོ །དེ་ལ་ཚུལ་དང་པོས་ནི། རང་བཞིན་གང་ཞིག་གྲུབ་ན་རང་བཞིན་གང་ཞིག་མི་འགྲུབ་མི་སྲིད་པའི་ཚུལ་ལོ། །དེ་བཞིན་དུ་གཉིས་པས་ནི། དགག་པས་དགག་པ་སྒྲུབ་བོ། །གསུམ་པས་ནི། སྒྲུབ་པའི་ཚུལ་གྱིས་དགག་པ་སྒྲུབ་པར་བྱེད་དོ། །བཞི་པས་ནི། དགག་པའི་ཚུལ་གྱིས་སྒྲུབ་པ་ངེས་པར་བྱེད་པ་སྟེ། ཚུལ་བཞིའི་སྒོ་ནས་བརྗོད་པའོ། །གཏན་ཚིགས་སྤྱིའི་ཚུལ་དེ་ལྟར་ཡིན་པ། དེ་བས་ན་སངས་རྒྱས་པའི་ཆོས་ཀྱི་ཚུལ་དཔོག་པར་བྱེད་པའི་སྐབས་འདིར་ཡང་འདི་ལྟར་བརྟག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ནས་གཞི་བཟུང་ནས། རྫོགས་པ་ཆེན་པོའི་མཐར་ཐུག་གི་བར་དུ། གང་ཞིག་ཡང་དག་པའི་དོན་མཐོང་ན་རྣམ་པར་གྲོལ་ལོ། །ཞེས་ཐུན་མོང་དུ་གྲགས་པ་ཡིན་ལ། འཕགས་པ་རྣམ་པར་གྲོལ་བ་བརྙེས་པ་རྣམས་ཀྱིས། གལ་ཏེ་ཆོས་ཐམས་ཅད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཐོང་བས། རྣམ་པར་གྲོལ་བ་བརྙེས་པ་ཞིག་ན་ནི། སྟོང་པ་ཉིད་ཡང་དག་པའི་དོན་དུ་ངེས་སོ། །གལ་ཏེ་དངོས་པོའི་མཚན་ཉིད་དུ་མཐོང་བས། རྣམ་པར་གྲོལ་བ་བརྙེས་པ་ཞིག་ན་ནི། དངོས་པོ་ཡང་དག་པའི་དོན་དུ་འགྱུར་ཏེ། དེ་བས་ན་དངོས་པོ་དང་དངོས་པོ་མེད་པ་འདི་གཉིས་གང་མཐོང་བས་གྲོལ་བ་དེ་ནི་ཡང་དག་པའི་བདེན་པ་ཡིན་པར་ངེས་ལ། གང་མཐོང་བས་བཅིངས་པ་དེ་ནི། ཕྱིན་ཅི་ལོག་འཁྲུལ་བ་ཡིན་པར་ངེས་སོ། །དེ་བས་ན་འདི་ལྟར་འགྱུར་ཏེ་གང་ཞིག་མཐོང་བས་རྣམ་པར་གྲོལ་བ་ཡོད་ན་མཐོང་བ་དེ་བདེན་པ་མ་ཡིན་པ་མི་སྲིད་དོ། །གཞན་ཡང་གང་ཞིག་མཐོང་བས་བཅིངས་པར་འགྱུར་བ་ཡོད་ན། མཐོང་བ་དེ་ནི་ཕྱིན་ཅི་ལོག་འཁྲུལ་བ་མ་ཡིན་པ་མི་སྲིད་དོ། །འདི་ནི་གང་ཞིག་མེད་པ་མི་སྲིད་པ་རིགས་པའི་ཚུལ་གྱིས་གྲུབ་བོ། །ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་ཆོས་རྣམས་ལ་དངོས་པོ་དང་མཚན་མར་བཟུང་བས། རྣམ་པར་གྲོལ་བ་མེད་པས་དངོས་པོར་མཐོང་བ་བདེན་པའི་མཚན་ཉིད་ཡིན་མི་སྲིད་དོ། །གཞན་ཡང་འཕགས་པ་ལ་འཁྲུལ་བ་མེད་ན་འཁྲུལ་བའི་རང་བཞིན་གྱིས་ཁྱབ་པའི་ཆོས་ལྡན་དུ་མི་རུང་བའི་ཚུལ་ཡང་དེ་འདྲའོ། །འདི་ནི་གང་ཞིག་མེད་ན་ཡོད་པ་མི་སྲིད་པའི་རིགས་པའི་ཚུལ་ལོ། །ཚུལ་གཉིས་པོ་དེ་ཡང་དེ་ཉིད་ཀྱི་ཤུགས་ཀྱིས་རྟོགས་པར་བྱའོ། །དེ་བས་ན། འདི་ལྟར་འགྱུར་ཏེ་ཤེས་བྱའི་གནས་ལུགས་སྤྲོས་པ་དང་བྲལ་བ་ཉིད་བདེན་ན་ནི། རྣམ་པར་གྲོལ་བ་བརྙེས་པ་རྣམས་ཀྱང་དོན་དེ་གཟིགས་པས་གྲོལ་བ་ཡིན་པར་འགྱུར་ཏེ། བདེན་པའི་ཕྱིར་གྲོལ་བ་ཐོབ་བོ། །ཞེས་བྱའོ། །དེ་བཞིན་དུ་གྲོལ་བའི་ཕྱིར་བདེན་པ་ཡིན་ནོ། །ཞེས་བྱ་བ་ཡང་གྲུབ་བོ། །དེ་བཞིན་དུ་མི་བདེན་ཞིང་འཁྲུལ་བའི་ཕྱིར་མ་གྲོལ་ལོ། །ཞེས་བྱ་བ་དང་། མ་གྲོལ་བའི་ཕྱིར་འཁྲུལ་བའོ། །ཞེས་ཀྱང་གྲུབ་བོ། །དེ་བས་ན་འཕགས་པ་བདེན་པ་མཐོང་བ་རྣམས་ཀྱིས་བདེན་པ་ཉིད་མཐོང་བར་ཁས་བླངས་པས་བརྫུན་པ་མཐོང་བར་མི་རུང་ལ། གལ་ཏེ་བརྫུན་པ་ལ་ངོ་བོ་ཉིད་མཐོང་དུ་ཡོད་ན་བརྫུན་པ་ཉིད་དུ་ཡང་མི་འགྱུར་རོ། །སེམས་ཅན་རྣམས་མི་བདེན་པ་མཐོང་བ་འཁྲུལ་བ་ཅན་ཡིན་པར་ཁས་ལེན་པས། དོན་ངོ་བོ་ཉིད་མེད་བཞིན་དུ་ཡོད་པ་ལྟ་བུ་སྣང་བ་ལ་འགལ་བ་མེད་དེ། ནམ་མཁའི་སྐྲ་ཤད་ལྟ་བུའོ། །དེ་བས་ན་ཀུན་རྫོབ་ཀྱི་རང་བཞིན་གྱིས་ཁྱབ་པའི་ཆོས་སངས་རྒྱས་ཀྱི་ས་ལ་ལྡན་པར་སྒྲུབ་ཏུ་མི་རུང་ངོ་། །དེ་ནི་དོན་གྱི་རིགས་པའོ། །སྒྲའི་འཇུག་ཚུལ་གྱི་དོན་དང་ཡང་འགལ་ཏེ། འདི་ལྟར་སམ་པྲྀ་ཏ་ཞེས་བྱ་བ། སམ་ནི་ཉེ་བར་བསྒྱུར་བའི་ཚིག་གི་ཕྲད་དེ། ཀུན་ནས་ཡང་དག་པ། པྲི་ཏའི་སྒྲ་ནི་བརྫོབས་པ་དང་། སྒྲིབ་པ་དང་། བཅིངས་པ་གསུམ་ལ་འཇུག་སྟེ། འདི་ལྟར་དངོས་སུ་འཁྲུལ་བའི་བློ་སྣང་བ་དང་བཅས་པ་ལ་བྱ་སྟེ། འདི་ཉིད་ཡང་དག་པའི་དོན་གཏན་ལ་ཕབ་པ་མ་ཡིན་ཏེ་རང་བྱན་དུ་ཀུན་ནས་བརྫོབས་པ་ཡིན་པས་ཀུན་རྫོབ་ཅེས་བྱའོ། །རང་བཞིན་དུ་འཁྲུལ་བའི་བློ་འདི་ཉིད་ཀྱིས་ཕྱིན་ཅི་མ་ལོག་པའི་དོན་རྒྱུད་ལ་སྐྱེ་བའི་གེགས་སུ་གྱུར་པས་ཡང་དག་སྒྲིབ་ཅེས་ཀྱང་བྱའོ། །དེ་བཞིན་དུ་བློ་འཁྲུལ་བ་ཉིད་ཀྱིས་རང་གིས་རང་བཅིངས་ཏེ་རྣམ་པར་གྲོལ་བ་མ་ཐོབ་པས་ཀུན་ནས་བཅིངས་པའམ་བསྡམས་པ་ཞེས་ཀྱང་བྱ་སྟེ། དེ་བས་ན་སྒྲ་འདི་གསུམ་གྱིས་བརྗོད་དུ་རུང་བའི་དོན་ཐམས་ཅད་གང་ཅི་ཡང་རུང་སྟེ། སངས་རྒྱས་ལ་ལྡན་པར་སྒྲུབ་ཏུ་མི་རུང་ངོ་། །སྒྲ་དེའི་ཟླ། པ་ར་ཨརྠ་ཞེས་བྱ་བ། པ་ར་ནི་དམ་པ་ཨརྠ་ཞེས་བྱ་བ་ནི་དངོས་སུ་བློ་ཡི་གཏད་ས་ལ་འཇུག་སྟེ། ཡུལ་དང་ནོར་ལ་སོགས་པ་དགོས་པ་ལ་ཡང་འཇུག་པས་དོན་ཞེས་བརྟགས་ཏེ། འདི་ལྟར་བློས་གཏད་ས་རྣམས་ཀྱི་ནང་ན་དམ་པ་ཡིན་པས། དོན་དམ་པ་ཞེའམ། བློ་དམ་པ་རྣམས་ཀྱི་གཏད་ཕུགས་ཡིན་པས། དམ་པའི་དོན་ཞེའམ། དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པ་ཞེས་བྱ་སྟེ། དེ་བས་ན་སྒྲ་འདིས་བརྗོད་དུ་རུང་བའི་དོན་གང་ཅི་ཡང་རུང་སྟེ་སངས་རྒྱས་ལ་ལྡན་པར་སྒྲུབ་པ་ལ་ནི་འགལ་བ་ག་ལ་དམིགས་ཀྱི། ངེས་པ་ཁོ་ན་ཡིན་ནོ། །མདོ་ཡི་དོན་ནི་འདི་ཁོ་ནས་ཡོངས་སུ་རྫོགས་སོ། །རྒོལ་བ་ལ་ལ་དག་འདི་སྐད་དུ། སངས་རྒྱས་ཀྱི་རྣམ་པར་མི་རྟོག་པ་ཙམ་གྱི་ཡེ་ཤེས་ནི་དོན་དམ་པའི་ཡུལ་ཅན་ཡིན་ཏེ། ཡང་དག་པའི་དོན་མཐོང་བའོ། །རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་སྐྱེ་བ་ཡིན་པས་ཆོས་ཉིད་དང་མཐུན་པར་སྐྱེ་བ་སྟེ། དེ་བས་ན་འདིའི་ལྡན་པ་ལ་འགལ་བ་མེད་དོ་ཞེ་ན། འདི་བརྗོད་པར་བྱ་སྟེ། རང་རིག་པ་ཉིད་དངོས་པོའི་མཚན་ཉིད་ཡིན་ན་དེ་ལྡན་བཞིན་དུ་གྲོལ་ན། གོང་གི་སྐྱོན་ལས་མ་འདས་སོ། །དངོས་པོའི་དངོས་པོ་མེད་པའི་དོན་མཐོང་ན། གཟུང་འཛིན་ལས་ཀྱང་མ་འདས་སོ། །རང་རིག་པའི་མཚན་ཉིད་དུ་སྐྱེ་བཞིན་དུ་ཆོས་ཉིད་དང་མཐུན་པར་སྐྱེ་བར་མི་རུང་ངོ་། །ལམ་གྱི་གནས་སྐབས་ན་ཆོས་ཐམས་ཅད་དང་བྲལ་བར་རྟོགས་ཤིང་གོམས་པར་བྱས་ཀྱང་ཤེས་རིག་མཐར་ཐུག་པའི་བཟང་པོ་ཞིག་ཡོང་བར་གྱུར་ན། འགལ་ཏེ་ལམ་འཁྲུལ་བ་བསྒོམ་པར་འགྱུར་རོ། །འགལ་ཏེ་འབྲས་བུ་འཁྲུལ་བ་ལྷག་མ་ལུས་པར་འགྱུར་རོ། །རིགས་པ་རྣམས་རྟོགས་སླ་བས་མ་བྲིས་སོ། །རྫོགས་སོ། །

47.2K