༄༅། །མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་གཟི་ཡི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །༡

ཚངས་དབང་དགེ་འདུན་བསྟན་པས་བརྩམས།

      རྒྱལ་སྲིད་དང་བཅས་འདོད་པའི་ཕུན་ཚོགས་ཀུན།  །སྤངས་ཏེ་རང་ཉིད་གཅིག་པུ་བྱང་ཆུབ་དྲུང་། །རྟེན་འབྱུང་གནས་ལུགས་འཚོལ་བའི་དཀའ་ཐུབ་པ། །ཤཱཀྱ་མུ་ནེ་དེ་ལ་སྐྱབས་སུ་མཆི།  །བོད་ཡུལ་ཉམ་ཐག་འགྲོ་བ་མི་རྣམས་ལ།  །སྔོན་བྱོན་རྒྱལ་བ་དག་ཀྱང་གདུལ་དཀའ་ཞེས།  །བཏང་སྙོམས་བཞག་པར་བརྩེ་བས་མ་བཟོད་དེ།  །བསམ་བཞིན་སྐྱབས་མགོན་བྱོན་པ་གང་དེར་འདུད། །མདོ་སྔགས་གཉིས་ལ་རིག་པའི་ཀློང་བརྡོལ་ཞིང་། །བྱ་སྐད་ལ་སོགས་མཁྱེན་པའི་སྨྱུང་གནས་པ། །བསྟན་འཛིན་ཉི་མ་ཞེས་པའི་སྐུ་མཆོག་དེར། །སྒོ་གསུམ་གུས་པས་འདུད་དོ་ཐུགས་རྗེ་གཟིགས། །

ཐོག་མའི་གླེང་གཞི།

    དེ་ཡང་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་ནི་རབ་བྱུང་བཅུ་གསུམ་པའི་སྐབས་སུ་འཁྲུངས་པའི་བོད་ཀྱི་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ཞིང་། ཁོང་གིས་མཚོ་སྙིང་མ་ཧཱ་དེ་ཝའི་སྟེང་དུ་གཙུག་ལག་ཁང་ཐོག་མར་བཞེངས་པ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། སྟོང་སྐོར་རིན་པོ་ཆེ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པའི་སློབ་མའང་མང་དུ་བསྐྱངས་པ་མ་ཟད་། བོད་ཀྱི་བྱ་སྐད་མཁྱེན་པའི་བླ་མ་ཞེས་རྒྱ་སོག་གི་ཡུལ་དུ་མཚན་སྙན་ཡང་མི་ཉུང་བ་ཞིག་ཡོད། དེ་སྔོན་ཁོང་གི་རྣམ་ཐར་སྐོར་ལ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་ལས་སྐུ་ཚེའི་སྟོད་ཀྱི་མཛད་པ་ཅུང་ཟད་ཚིགས་སུ་བཅད་པ་བཞུགས་སོ་བྱ་བ་དེ་དང་། འཇིགས་མེད་བེ་ལའི་རབ་འབྱམས་པས་བརྩམས་པའི་མཚོ་སྙིང་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྟོགས་བརྗོད་དད་པའི་རོལ་མཚོ་བྱ་བ་གཉིས་བཞུགས་ནའང་ཤིང་པར་ལ་བཀོད་མ་ཐུབ་པའི་རྐྱེན་གྱིས་དེ་འདྲའི་རྒྱ་ཁྱབ་ཏུ་འཕྲིན་ལས་རྒྱས་མ་ཐུབ་པར་སྣང་། བདག་གིས་དེ་སྔ་དགེ་བཤེས་བློ་བཟང་དགེ་འདུན་གྱིས་བརྩམས་པའི་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་དཀར་ཆག་བཞུགས་སོ་ཞེས་པ་དེ་ནང་དུ། གཡེར་གཤོང་མཁན་ཆེན་ནོ་མོན་ཧན་གྱིས་མཛད་པའི་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ངོ་མཚར་བའི་ཡོན་ཏན་བརྗོད་པའི་གཏམ་དགེ་ལེགས་དབྱངས་ཀྱི་རོལ་མོ་ལས།  སྔོན་ཚེ་གསེར་ཁང་བ་དང་དུས་མཚུངས་པར། །མཚོ་སྙིང་ཞེས་གྲགས་བསྟན་འཛིན་ཉི་མ་དང་། །གྲུབ་དབང་བློ་བཟང་རྒྱ་མཚོ་རྣམ་པ་གཉིས། །སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་བྱོན། །ཞེས་གསུངས་ཡོད་པ་མཐོང་རྗེས་སེམས་ལ་ད་ནས་བཟུང་ཁོང་གྲུབ་དབང་རྣམ་པ་གཉིས་ཀྱི་རྣམ་ཐར་འཚོལ་སྒྲིག་བྱ་དགོས་བསམ་སྟེ་ཕྱོགས་གང་སར་རྩད་གཅོད་བྱས་པས། ཕྱིས་སུ་གྲུབ་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་རྒྱས་པ་མོག་གྱ་མཁན་ཆེན་གྱིས་མཛད་པ་དེ་བླ་མ་རིན་པོ་ཆེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཕྱག་ནས་རྙེད་པ་དང་། རྣལ་འབྱོར་བ་དཔག་མེད་རྡོ་རྗེས་མཛད་པའི་ཤིན་ཏུ་གསང་བའི་རྣམ་ཐར་དེ་དཔྱོད་ལྡན་ཨ་ཁུ་བསྟན་པ་ཆོས་འཕེལ་ལགས་ཀྱིས་མཁོ་སྤྲོད་བྱུང་བ་དང་། སྐུ་ཞབས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོས་བརྩམས་པའི་གསང་བའི་རྣམ་ཐར་དེ་སྒོ་དམར་དགོན་པར་ཤིང་པར་བཀོད་ཡོད་པ་བཅས་རྣམ་ཐར་མི་འདྲ་བ་ཁག་གསུམ་རིམ་བཞིན་ལག་སོན་བྱུང་བ་དང་།   ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་མཚོ་སྙིང་སྨྱུང་གནས་པའི་རྣམ་ཐར་ནི་གཡའ་མ་བཀྲ་ཤིས་འཁྱིལ་དགོན་ནས་རྙེད་པ་དང་།   འཇིགས་མེད་བེ་ལའི་རབ་འབྱམས་པས་བརྩམས་པའི་མཚོ་སྙིང་བའི་རྣམ་ཐར་དེ་ཡང་སྟེས་དབང་གིས་མཚོ་སྔོན་པོ་རྐང་ཚ་ནས་ལག་སོན་བྱུང་བ་སོགས་འདོད་ཐོག་ཏུ་རྟ་རྒྱུགས་པ་ལྟར་སོང་བ་འདི་ཀུན་གྲུབ་དབང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཐུགས་རྗེ་ཁོ་ན་ཡིན་བསམས་ནས་དགའ་བས་ནམ་ལངས་པ་ལྟ་བུ་བྱུང་། སྤྱིར་གྲུབ་དབང་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཕྱི་ནང་གསང་བའི་རྣམ་ཐར་དངོས་ནི་བདག་ལྟ་བུ་ཞིག་གིས་ཆ་ཤས་ཙམ་ཡང་བརྗོད་མི་ནུས་ཀྱང་།  འོན་ཏེ།  ངེད་ཀྱི་བགོ་སྐལ་དུ་གྱུར་བའི་འཇིག་རྟེན་ཐུན་མོང་གི་མཛད་པ་ཡོངས་གྲགས་ཁག་ཅིག་གཤམ་དུ་གླེང་བར་བྱ་རྩིས་ཡོད་པས།  ཞྭ་དཔེ་ལྷམ་ལ་འགེབས་པའི་སྐྱོན་དང་ནོར་འཁྲུལ་མཆིས་ཚེ་མཁས་དབང་རྣམ་པས་ཡོ་བསྲང་གི་དགོངས་འཆར་གནང་རྒྱུ་ཐུགས་རྗེ་ཆེ་ཞུ་བ་ཡིན།

གཅིག  ཁོང་གི་འཁྲུངས་ཡུལ་དང་འཁྲུངས་འདས་ཀྱི་ལོ་ཚིགས་སྐོར།

   དེ་ཡང་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་ལ་ཡོངས་གྲགས་སུ་མཚོ་སྙིང་སྨྱུང་གནས་པ་ཟེར་ཞིང་།  དེ་ལྟར་འབོད་དོན་ནི། ཁོང་གིས་མཚོ་ཁྲི་ཤོག་རྒྱལ་མོའམ་མཚོ་སྔོན་པོ་མཚོ་སྙིང་མ་ཧཱ་དེ་ཝ་རུ་ལོ་བཅུ་གྲངས་ལྷག་ལ་མཚམས་བཞུགས་མཛད་དེ་སྨྱུང་གནས་སྟོང་ཕྲག་ལྷག་བསྲུང་བས་མཚན་དེ་ལྟར་ཐོགས་ཤིང་། ཁོང་གི་འཁྲུངས་ཡུལ་ནི་མདོ་སྨད་ཡུལ་གྱི་སའི་ལྟེ་བར་ཆགས་པའི་རེབ་གོང་དོར་སྡེ་ཞེས་གྲགས་པའི་ནང་གསེས་སྒོ་དམར་སྟོང་སྡེ་བྱ་བའི་སྡེ་ཆེན་པོ་དེར་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ་༡༧༦༡ལ་འཁྲུངས་ཤིང་། དེང་སང་བཤད་ན།  མཚོ་སྔོན་ཞིང་ཆེན་རྨ་ལྷོའི་ཁུལ་རེབ་གོང་རྫོང་གཉན་ཐོག་གྲོང་བརྡལ་སྒོ་དམར་སྡེ་བ་ཞེས་པ་དེ་རེད། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞལ་ནས། སྔོན་དུས་གྲུབ་ཆེན་སྐལ་ལྡན་འཁྲུངས་པའི་ཕྱོགས། །རེབ་ཀོང་གསེར་མོ་ལྗོངས་ཀྱི་ས་ཆའི་སྨད། །སྒོ་དམར་ཞེས་བྱའི་སྡེ་བ་ཆེན་པོ་ཡི། །རིགས་བཟང་ཡུམ་གྱི་མངལ་དུ་ཞུགས་པའི་ཚེ། །ཞེས་གསུངས་པ་དང་། བེ་ལའི་རབ་འབྱམས་པས། རེ་སྐོང་གནས་ཆེན་བརྒྱད་ཀྱིས་བསྐོར་བའི་དབུས། །སྒོ་དམར་བྱ་བའི་གྲོང་བརྡལ་ཆེན་པོ་དེར། །ཁྱུ་མཆོག་ཅེས་པའི་ལྕགས་མོ་སྦྲུལ་གྱི་ལོར། །ངོ་མཚར་ལྟས་དང་བཅས་ཏེ་སྐུ་བལྟམས་ཤིང་། །ཞེས་པ་དང་། གཡེར་གཤོང་མཁན་ཆེན་གྱིས། སྔོན་ཚེ་གསེར་ཁང་བ་དང་དུས་མཚུངས་པར། །མཚོ་སྙིང་ཞེས་གྲགས་བསྟན་འཛིན་ཉི་མ་དང་། །གྲུབ་དབང་བློ་བཟང་རྒྱ་མཚོ་རྣམ་པ་གཉིས། །སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་བྱོན།  །ཞེས་གོང་གི་མཁས་དབང་གསུམ་པོས་མགྲིན་དབྱངས་གཅིག་གིས་ཁོང་གི་འཁྲུངས་ཡུལ་སྒོ་དམར་ཡིན་པ་གསལ་བོར་གསུངས་ཡོད། སྤྱིར་ན་སྒོ་དམར་བྱ་བའི་མིང་འདི་ལ་བཤད་ཚུལ་སྣ་ཚོགས་ཤིག་མཆིས་མོད། དོན་དུ་བོད་སིལ་བུར་ཐོར་བའི་སྐབས་སུ་བཙན་པོའི་རྒྱུད་པ་གྱི་ལིང་རྒྱལ་པོ་ཟེར་བ་དེ་སྟོད་ཧོར་ལི་ཡུལ་ལྕང་ར་སྨུག་པོ་ནས་མདོ་སྨད་གྱི་ཐང་ཡུལ་དུ་ཕེབས་ཏེ་མི་ཉག་རྒྱལ་པོ་དང་ཡང་ཡང་འཐམ་པའི་མཐར་རང་ཉིད་ཀྱིས་རྒྱལ་པོར་བཞུགས་པའི་མིང་ལ་ཙོང་ཁ་རྒྱལ་པོ་ཟེར་ཞིང་། མིང་དངོས་ལ་གྱི་ལིང་རྒྱལ་པོ་ཞེས་འབོད་ལ། རྒྱ་སྐད་དུ欺南陵温钱逋 ཟེར་བ་ནི་བོད་སྐད་ཀྱི་སྒྲ་གདངས་ཟུར་ཆག་པ་ཡིན། རྒྱལ་པོ་དེས་མདོ་སྨད་ས་ཁུལ་དུ་མཁར་རྫོང་བསྐོར་བ་རྣམས་ལ་གྱི་མཁར་དུ་གྲགས་ཤིང་། ཐེངས་ཤིག་ལ་གྱི་ལིང་རྒྱལ་པོས་དམག་རྒྱབ་ནས་མི་ཉག་གི་རྒྱལ་ཕྲན་སྨན་རྩེ་མཁར་འཕྲོག་སྟེ་མཁར་དེའི་མཁར་སྒོ་ཟངས་དམར་གྱིས་ཤན་ཡོད་པ་དེ་ཡང་རང་ཡུལ་དུ་འཁྱེར་འོངས་ནས་གྱི་མཁར་གྱི་མཁར་སྒོར་སྤྲད་པས་སྒོ་དམར་ཞེས་ཐོགས་ཤིང་།   དེ་དུས་དུད་ཁ་སྟོང་སྡེར་ཉེ་བས་སྒོ་དམར་སྟོང་སྡེ་རུ་གྲགས་སོ། །དེ་ལྟ་བུའི་སྡེ་ཆེན་པོ་དེར་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་འཁྲུངས་ཤིང་། ཁོང་གི་འཁྲུངས་གཞིས་ཐད་བཤད་ཕྱོགས་མི་འདྲ་བ་གཉིས་མཆིས་ཏེ།     དང་པོ་ལྟར་ན་དགེ་བཤེས་བློ་བཟང་དགེ་འདུན་གྱིས། རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེ་ནི། འདིའི་སྡེ་ཁྲོད་དུ་ཕྲན་བུ་བདག་གི་ཕ་མེས་ཀྱི་ཁྱིམ་གཞིར་འཁྲུངས།     ཞེས་དེང་སང་དབང་རྒྱལ་ཚང་གི་ཁྱིམ་རྒྱུད་དེ་ཡིན་པར་བཤད། གཉིས་པ་ལྟར་ན་སྒྲུབ་ལ་གཅིག་ཏུ་གཞོལ་བའི་ཨ་ཁུ་བློ་བཟང་རབ་རྒྱས་དང་། ཐོས་རྒྱ་ཅན་ཨ་ཁུ་སྒོམ་པ་གཉིས་ཀྱིས་བཤད་པ་ཡིན་ན། མཚོ་སྙིང་སྨྱུང་གནས་པ་ལ་སྐུ་སྤུན་རྒད་པོ་ཞིག་ཡོད་པ་དེའི་མིང་ལ་ཧ་ར་པ་ངྷ་དེ་དེ་ཟེར།   རྒད་པོ་དེས་ལོ་རེའི་སྟོན་མཇུག་ཏུ་དྲེའུ་ཞིག་ཡོད་པ་དེར་ཁལ་བཀལ་ནས་མཚོ་སྔོན་པོ་རྟ་ནག་མ་ལ་འགྲོ་གི་ཡོད་ཅིང་། དེའི་རྒྱུ་མཚན་ནི། རྒད་པོ་དེ་མཚོ་སྙིང་བའི་སྐུ་སྤུན་ཡིན་ཕྱིན་ཁོང་གཉིས་སྔོན་ནས་དུས་བཏབ་པ་ལྟར་སྟོན་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་ཧ་ར་པ་ངྷ་དེ་དེས་རྟ་ནག་མའི་རི་སྒང་ཚུར་ནང་ནས་བསང་གཏོང་བ་ན།  ཕར་རོལ་གྱི་མཚོ་སྙིང་རི་རྩེ་ནས་མཚོ་སྙིང་སྨྱུང་གནས་པས་བསང་བཏང་རྗེས་ཕན་ཚུན་གྱི་བསང་དུ་ནམ་མཁར་ལྷོག་ལྷོག་འཕྱུར་བ་མཐོང་ཐུབ་ཅིང་། དེ་ནི་གཅིག་ནས་ཕན་ཚུན་སུ་ཡང་མ་ཤི་བར་བདེ་ཐང་གི་ངང་ནས་འཚོ་བཞུགས་ཡོད་པའི་རྟགས་དང་། གཉིས་ནས་རང་ཡུལ་ནས་བཟའ་ཆས་སྐྱེལ་མི་ཡོང་ཡོད་པའི་རྟགས་ཡིན་པར་བཤད།  ཨ་མྱེས་ཧ་ར་པ་ངྷས་མཚོ་སྙིང་གི་བསང་མཐོང་བའི་རྗེས་སུ་ཕ་ཡུལ་ནས་འཁྱེར་འོང་བའི་བཟའ་ཆས་རྣམས་རྟ་ནག་མའི་འབྲོག་པ་ཚོར་བཅོལ་ཞིང་། འབྲོག་པ་དེ་ཚོས་དགུན་ཁར་མཚོ་སྙིང་ལ་མཇལ་བསྐོར་དུ་འགྲོ་བའི་འགྲུལ་བ་རྣམས་ལ་བསྐུར་ནས་མཚོ་སྙིང་སྨྱུང་གནས་པའི་ཕྱག་ཏུ་འབྱོར་བར་གསལ། གོང་དུ་བཤད་པའི་ཧ་ར་པ་ངྷ་དེ་དེའི་ཁྱིམ་རྒྱུད་ནི་དེང་སང་རྒད་པོ་ཙོང་ཁོ་ཚང་རེད་ཅེས་ཟེར། ཁོང་གི་འདས་ལོ་རྣམ་ཐར་གཉི་ཀར་མི་གསལ་བས་ཞིབ་ཏུ་བརྗོད་དཀའ་ཡང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རྣམ་ཐར་ལས།  ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་སྟེ་སྤྱི་ལོ་༡༨༢༨ལོར། ཞབས་དཀར་རིན་པོ་ཆེ་དབུས་གཙང་ནས་ཕྱིར་ཨ་མདོ་རུ་ཕྱག་བཏེག་མཛད་ནས་མཚོ་སྔོན་པོ་ཧ་ཐོའི་ལ་མགོ་ནས་མཚོ་སྙིང་མཐོང་བས། གནས་དེར་སྔར་བཞུགས་པའི་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེ་དྲན་ནས་འདི་སྐད་ཅེས་སྨྲས་པ། དབུས་སུ་སོང་རུང་ཚེ་མཇུག་འདིར།   །བླ་མ་ལན་གཅིག་མཇལ་ཡོང་སྙམ།།དབུས་གཙང་དག་པའི་ཞིང་དུ་སོང་། །ལོ་གྲངས་མང་པོར་མ་མཇལ་ཚེ། །སྐོམ་པ་རྣམས་ཀྱིས་ཆུ་འདོད་བཞིན། །བླ་མར་མཇལ་འདོད་སྙིང་ནས་སྐྱེས། །བྱང་ལམ་རིང་མོ་བཅད་ནས་འོངས། །དེ་རིང་མཚོ་སྙིང་མཐོང་ས་རུ། །སླེབས་དུས་བླ་མ་མི་བཞུགས་པར། །ཞིང་ཁམས་གཞན་དུ་གཤེགས་པ་ཐོས། །ཞེས་གསུངས་པ་ལ་གཞིགས་ན་མ་མཐར་ཡང་སྤྱི་ལོ་༡༨༢༨ཡར་སྔོན་ཞིག་ཏུ་སྐུ་གཤེགས་པ་ཤེས་ཐུབ་བོ། །

གཉིས་པ། རབ་ཏུ་བྱུང་ནས་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་བཤད་པ།

   མཚོ་སྙིང་སྨྱུང་གནས་པའི་ཡབ་ཡུམ་གྱི་མཚན་མི་གསལ་ཡང་། ཁོང་མངལ་དུ་ཞུགས་པའི་སྐབས་སུ་མའི་རྨི་ལམ་དུ། གཡེར་གཤོང་ནགས་ཡིན་ནམ་སྙམ་པའི་ནགས་ཚལ་ཞིག་ཏུ་མེ་ཏོག་པདྨ་དཀར་པོའི་ལྗོན་ཤིང་ཆེ་བ་མེ་ཏོག་མང་པོ་འཛུམ་མུལ་ལེར་བཞད་ཡོད་པ་དེ་ནང་ནས་གཅིག་ལག་ཏུ་ལེན་པ་ན།  མེ་ཏོག་དེ་ལས་དྲི་ཞིམ་འཐུལ་བ་དང་མཉམ་དུ་འོད་ཟེར་སྣ་ཚོགས་འཁྱིལ་བའི་མཐར་རང་གི་ལུས་སྟེང་ལ་ཐིམ་པ་རྨིས།   དེ་ནས་བཟུང་མ་ཡི་ལུས་མདོག་བཟང་ཞིང་ཁམས་བདེ་དྭངས་པ་མ་ཟད་སེམས་ལ་བཅོས་མིན་གྱི་བྱམས་དང་སྙིང་རྗེ་སྐྱེས་པ་སོགས་དགེ་སེམས་འཕེལ་བའི་ངང་ནས་བྱིས་པ་ཞིག་བཙས་པ་ནི་བསྟན་འཛིན་ཉི་མ་རིན་པོ་ཆེ་རེད། ཁོང་འཁྲུངས་ནས་ལོ་ལྔ་དྲུག་གི་སྐབས་སུ་བྱིས་པ་གཞན་དང་ལྷན་དུ་རྩེད་མོ་རྩེ་བའི་དུས། འདི་བདག་གི་ཆོས་ཁྲི་ཡིན་ཟེར་ནས་རྡོ་བརྩིགས་ཏེ་དེའི་སྟེང་དུ་རང་ཉིད་སྐྱིལ་ཀྲུང་གིས་བཞུགས་ནས་བྱིས་པ་གཞན་ལ་ཆོས་འཆད་པའི་རྣམ་འགྱུར་གྱིས་ཁ་ནས་མ་ཎི་འདོན་ཞིང་ལག་གིས་ཆོས་འཆད་ཀྱི་ཕྱག་རྒྱ་བསྟན་པ་སོགས་ཆོས་དང་མཐུན་པའི་རྩེད་མོ་མང་དུ་བྱས་པས། དེར་ཡོད་རྒན་གཞོན་ཀུན་གྱིས་བྱིས་པ་འདི་བག་ཆགས་བཟང་བོ་ཅན་ཞིག་ཡིན་ཁད་རེད། རབ་བྱུང་མཛད་དེ་ཆོས་བསླབ་ན་སྐྱེས་བུ་དམ་པ་ཞིག་ངེས་པར་ཡོང་ཞེས་ཡང་ཡང་གླེང་བ་བྱུང་། དེ་དག་ལ་རྣམ་ཐར་ལས། བྱིས་པ་གཞན་དང་ལྷན་གཅིག་རྩེ་བའི་དུས། །ཆོས་ཀྱི་ཁྲི་བརྩིགས་འཆད་ཉན་བསྒོམས་པ་སོགས།  །ཆོས་དང་མཐུན་པའི་རྩེད་མོ་མང་པོ་བྱེད།     །ཆགས་ཞེན་ཆུང་ཞིང་སྡིག་ལ་ཤིན་ཏུ་འཛེམས། །བྱམས་དང་སྙིང་རྗེ་ཆེ་ཞིང་ཡིག་དྲུག་བཟླ། །རྒན་གཞོན་ཕལ་གྱིས་འདི་ནི་བག་ཆགས་བཟང་།  །དམ་ཆོས་བསླབ་ན་ཆོས་པ་བཟང་བོ་ཞིག ། ངེས་པར་ཡོང་ཞེས་ཡང་ཡང་གླེང་བ་བྱུང་།   །ཆེར་སོང་རབ་ཏུ་བྱུང་ནས་ཆོས་ལ་སྦྱངས། །ཞེས་པ་དང་། རྟོགས་བརྗོད་དད་པའི་རོལ་མཚོ་ལས། རབ་ཏུ་བྱུང་རྗེས་སྒོ་དམར་དགོན་དུ་ཞུགས། །ཞང་པོ་བླ་རྒན་དཀོན་མཆོག་མཚན་དྲུང་ནས། །ཡི་གེ་འབྲི་ཀློག་འདོན་གསུམ་རྣམས་ལ་སྦྱངས། །བློ་རིག་གསལ་ཞིང་མཁྱེན་དཔྱོད་རབ་རྒྱས་པས། །ཞེས་གསུངས་པ་ལྟར་མི་རིང་བར་རབ་ཏུ་བྱུང་ནས་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་ཚོགས་གྲལ་དུ་ཞུགས་པར་གསལ།  སྒོ་དམར་དགོན་དུ་ཞང་པོ་དཀོན་མཆོག་མདུན་ནས་ཚོགས་འདོན་སྦྱང་སྐབས་ཞང་པོས་ཅི་བསླབ་ཀྱང་ཐེངས་གཅིག་སྨྲས་པ་ན་ཁོང་གིས་དཀའ་ཚེགས་མེད་པར་ཤེས་ནུས་པ་སོགས་རྣམ་རིག་ཆེ་བས། ཞང་པོའི་ཞལ་ནས།  ཁྱེད་རང་དངོས་གནས་རིག་ཡག་ཅིག་ཡིན་ཚོད་འདུག   ད་རོང་པོར་སོང་སྟེ།  རང་རེའི་སྒོ་དམར་ལྷ་རམས་པ་དགེ་འདུན་བློ་བཟང་མདུན་ནས་དཔེ་ཆ་སྦྱོངས་ཞེས་གདམས་པ་བཞིན་རོང་པོར་ཕེབས། སྒོ་དམར་ལྷ་རམས་པའི་དྲུང་ནས་མཁན་ཆེན་བསྡུས་གྲྭ་དང་ཚད་མ་སྡེ་བདུན་སོགས་ལ་སྦྱངས་པ་གནད་སྨིན་མཛད།  དྲུང་ཆེན་བློ་བཟང་རྒྱ་མཚོའི་མདུན་ནས་སུམ་རྟགས་དང་སྒྲ་སྙན་དངགས་བཅས་ལ་སྦྱངས་ཤིང་།   ཁྱད་པར་དུ་རྗེ་དགེ་འདུན་ཟླ་གྲགས་རིན་པོ་ཆེའི་ཞལ་ནས་བཀའ་ཆོས་ཟབ་མོ་མང་དུ་གསན་པ་བཅས་ནི། རྟོགས་བརྗོད་དད་པའི་རོལ་མཚོ་ལས།    ཞང་པོ་དཀོན་མཆོག་ལགས་ཀྱིས་གདམས་པ་བཞིན། །རོང་པོར་སོང་སྟེ་སྒོ་དམར་ལྷ་རམས་པ། །དགེ་འདུན་བློ་བཟང་མདུན་ནས་མཁན་ཆེན་གྱི།   །བསྡུས་གྲྭ་དང་ནི་ཚད་མ་སྡེ་བདུན་སོགས། །སྦྱོང་བའི་ཞོར་དུ་དྲུང་ཆེན་བློ་རྒྱམ་མཆོག  །སྤྱན་སྔར་ཐུན་མོང་རིག་གནས་སྒྲ་སྙན་སོགས། །སློབ་གཉེར་རྡོ་རུས་ཐུག་པ་ལྟ་བུ་བགྱིས། །ཁྱད་པར་རྗེ་བཙུན་དགེ་འདུན་ཟླ་གྲགས་ཀྱི།   །ཞལ་སྔ་ཉིད་ནས་ཟབ་ལམ་རྡོ་རྗེ་ཡི། །བཀའ་ཆོས་གསན་པས་སྨིན་གྲོལ་ལམ་ལ་བཀོད། །ཅེས་གསུངས་པ་ལྟར་རོ། །དེ་ནས་དགུང་ལོ་ཉི་ཤུའི་སྐབས་སུ་གྲོགས་འགའ་དང་འགྲོགས་ཏེ་གཡེར་གཤོང་དུ་རྗེ་དགེ་འདུན་ཟླ་གྲགས་ཀྱི་དྲུང་ནས་བསྙེན་རྫོགས་བསྒྲུབས། ཕྱིར་ལོག་པའི་ལམ་དབར་དུ་ནགས་ཚལ་གྱི་གསེང་ན་བྲག་ཁུང་ཉམས་དགའ་བ་ཞིག་མཐོང་བས་དེར་འདུག་འདོད་སྐྱེས་པས། ལམ་འགྲོགས་ཀྱི་གྲོགས་པོས། ཨེ་ཁྱེད་རང་གླ་ཞིག་གི་སྤྲུལ་སྐུ་འདྲ་མིན་ནམ་ཟེར་ནས་བཞད་མོ་མཛད། དེ་དག་ལ་རྣམ་ཐར་དུ། དེ་དུས་བྲག་ཁུང་ནགས་ཚལ་ཉམས་དགའ་བ། །མཐོང་ན་འདུག་འདོད་སྐྱེས་པས་གྲོགས་པོ་ཞིག །ཡོད་པར་སྨྲས་པས་ཁྱོད་ནི་གླ་ཞིག་གི། །སྤྲུལ་སྐུ་ཞིག་འདྲ་མིན་ནམ་ཟེར་ནས་བཞད།   །དགུང་ལོ་ཉི་ཤུ་ལོན་ནས་བསྙེན་རྫོགས་བྱས། །བླ་མ་མང་པོ་བསྟེན་ཅིང་ཁྱད་པར་དུ། །གྲུབ་དབང་མི་ལ་རས་པའི་རྣམ་འཕྲུལ་རྗེ། །ངག་དབང་དགེ་འདུན་ཟླ་གྲགས་ཡུན་རིང་བསྟེན། །མདོ་སྔགས་དབང་ལུང་རྗེས་གནང་ཁྲིད་མང་ཐོབ། །དེ་ནས་ཉི་ཟླ་བཞིན་དུ་རི་ཁྲོད་འགྲིམས། །ཞེས་གསལ་ཞིང་།    དེ་ནས་རབ་བྱུང་བཅུ་གསུམ་པའི་མེ་ལུག་ལོ་སྟེ་དགུང་ལོ་ཉི་ཤུ་རྩ་བདུན་སྟེང་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་ཀྱི་ཞལ་སྔ་ནས། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་ཆ་ཚང་གི་ལུང་དང་། རྗེ་ངག་དབང་བྱམས་པ་རིན་པོ་ཆེའི་གསུང་འབུམ་ཚང་མའི་ལུང་།    ལམ་རིམ་བདེ་ལམ་གྱི་ཁྲིད་ཆོས་ཐུན་བདུན་མ་གསུང་བཤད་གཟབ་རྒྱས་དང་། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་དབང་ཆེན། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་ཆེན་བཅས་དང་། རྗེ་བྱམས་པ་རིན་པོ་ཆེའི་གསུང་གི་སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་གི་སྟེང་ནས་ཁྲིད་རྒྱས་པ་དང་།     བློ་སྦྱོང་དོན་བདུན་མའི་བཤད་ལུང་མདོར་བསྡུས་བཅས་ཟླ་བ་ཕྱེད་དང་གསུམ་གྱི་རིང་ལ་མདོ་སྔགས་ཀྱི་གདམས་པ་ཡོངས་སུ་མནོས་པས་བཀའ་དྲིན་ནམ་ཡང་གཞལ་བར་དཀའ།  དགུང་ལོ་ཉེར་དགུ་སྟེ་ས་བྱའི་ལོར། རྗེ་དགེ་འདུན་ཟླ་གྲགས་རིན་པོ་ཆེའི་ཞལ་སྔ་ནས། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་ལེགས་བཤད་སྙིང་བོ་དང་། བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་མྱུར་ལམ། བཀའ་གདམས་ཕ་ཆོས་དང་བུ་ཆོས། བེའུ་བུམ་སྔོན་མོའི་འགྲེལ་བ། ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད།  རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དང་།   རྗེ་བྱམས་པ་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་ཊིཀྐ་བཅས་བཀླག་ལུང་གསུང་བཤད་ཟབ་དགུས་བརྒྱན་པ་ལེགས་པར་གསན་ཞིང་།  དུས་སྔ་ཕྱི་གང་ཡིན་མ་ངེས་ཀྱང་།  ཤར་སྤྲུལ་སྐུ་དགེ་འདུན་འཕྲིན་ལས་རབ་རྒྱས་དང་།  ཨ་ཁྱུང་དགེ་བཤེས།   དར་ཧན་རབ་འབྱམས་པ་བཅས་ལས་ཀྱང་བཀའ་ཆོས་མང་དུ་གསན་ནོ། །

གསུམ་པ། དབུས་གཙང་ཕྱོགས་སུ་སློབ་གཉེར་དང་གནས་མཇལ་དུ་ཕེབས་པའི་སྐོར།

  དེ་ནས་བསྟན་འཛིན་ཉི་མ་རིན་པོ་ཆེ་དགུང་ལོ་སུམ་ཅུའི་སྐབས་སུ་དབུས་གཙང་ཕྱོགས་སུ་སློབ་གཉེར་དང་གནས་མཇལ་དུ་ཕེབས་པའི་སྐོར་རྣམ་ཐར་དུ་གསལ་བ་འདི་ལྟར་ཏེ། དགུང་ལོ་སུམ་ཅུའི་ནང་ལ་གྲོགས་བཟང་དང་། །འགྲོགས་ནས་དབུས་གཙང་དག་པའི་ཞིང་དུ་བྱོན།  །ཇོ་ཤཱཀ་རྒྱལ་བ་པཎ་ཆེན་སོགས་ལ་མཇལ། །གནས་ཆེན་འགའ་རེར་ཟླ་རེའི་གནས་འབྲེལ་བཞག ། ཅེས་པ་དང་། རྟོགས་བརྗོད་དད་པའི་རོལ་མཚོ་ལས། ལྕགས་ཁྱིའི་ལོ་ལ་གཡེར་གཤོང་དཔལ་ལྡན་དང་།    །བྱམས་པ་རྒྱ་མཚོ་ལ་སོགས་གྲོགས་འགའ་བཅས།    །མཉམ་དུ་དབུས་གཙང་ཕྱོགས་སུ་གནས་མཇལ་ཕྱིན།  །རྨ་སྟོད་བརྒྱུད་དེ་ཆབ་མདོའི་བྱམས་པ་གླིང་།   །ངོམ་ཆུ་ལ་སོགས་བརྒལ་ནས་འདམ་གཞུང་སླེབས། །དེ་ནས་བཀའ་གདམས་བསྟན་པའི་འབྱུང་གནས་ཞེས། །གྲགས་པའི་རྭ་སྒྲེང་དབེན་གནས་ཐོག་མར་མཇལ། །ལྷ་ལྡན་ཡུལ་དུ་ཇོ་ཤཱཀ་རྣམ་གཉིས་དང་། །རང་བྱུང་ལྔ་ལྡན་བཅས་ལ་རྟེན་མཇལ་མཛད། །ཕོ་བྲང་རྩེ་རུ་རྒྱལ་དབང་རིན་པོ་ཆེའི། །ཞལ་མཇལ་བཀའ་གསུང་སྩལ་པའི་སྐལ་བ་བྱུང་། །སེ་རའི་རྟ་མགྲིན་བྱམས་ཆེན་ཆོས་རྗེའི་སྐུ། །བྱིན་རྟེན་རྣམས་ལ་རིམ་གྱིས་གནས་མཇལ་བྱས། །དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ། །ཞུགས་ནས་མཁན་པོ་བློ་བཟང་ཆོས་དར་སོགས། །བསྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ།  །ཐོས་བསམ་དཔེ་གཟིགས་གནང་ལ་ཆིག་སྒྲིལ་བྱེད། །ཅེས་པ་ལྟར་དབུས་ལ་སླེབས་རྗེས་ཐོག་མར་རྭ་སྒྲེང་ལ་མཇལ་བ་དང་།  དེ་ནས་ལྷ་ལྡན་དུ་ཕེབས་ནས་གཙུག་ལག་ཁང་གཉིས་དང་རང་བྱུང་ལྔ་ལྡན། སྲོང་བཙན་སྒམ་པོ་བཅས་དང་། ཕོ་བྲང་རྩེ་རུ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཇལ་ནས་གསུང་ཞལ་གནང་ཞིང་བྱིན་རྟེན་སྩལ་བ་སོགས་བྱེད་ཅིང་།  སེ་རའི་རྟ་མགྲིན་དང་།  ཐུབ་པ་གྲོང་ཁྱེར་མ། བྱམས་ཆེན་ཆོས་རྗེའི་རྟེན་སྐུ།  སེ་ར་ཆོས་སྡིངས་སོགས་ལ་རིམ་གྱིས་མཇལ་ཏེ།  འབྲས་སྤུངས་ལ་ཕེབས། སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས།   མཁན་པོ་བློ་བཟང་ཆོས་དར་དང་། དཀའ་ཆེན་ཡེ་ཤེས་རྒྱལ་མཚན།  ཀློང་བརྡོལ་བླ་མ་སོགས་བསྟེན་ཏེ་གཞུང་པོཏ་དང་བཀའ་ཁྲིད་མང་དུ་ཐོབ། ལོ་དེར་གོར་ཁའི་དམག་གིས་གཙང་བཀྲ་ཤིས་ལྷུན་པོ་བཅོམ་པས་གྲྭ་བ་མང་པོ་དབུས་ལ་བྲོས་འོངས། པཎ་ཆེན་བསྟན་པའི་ཉི་མ་ལ་མཇལ་ཁ་ཐོབ།    ལོ་གསུམ་ལྷག་ལ་འབྲས་སྤུངས་སུ་བསྡད། དེ་ནས་ཤིང་སྟག་ལོར། གྲོགས་གསུམ་དང་མཉམ་དུ་འབྲོག་རི་བོ་དགའ་ལྡན་དང་། འོལ་ཁ་ངོས། ཆོས་འཁོར་རྒྱལ། ལྷ་མོ་བླ་མཚོ། དྭགས་བླ་སྒམ་པོ། ཟངས་རི་མཁར་དམར། གདན་ས་མཐིལ། བསམ་ཡས། མཆིམས་ཕུ།  ཁྲ་འབྲུག   ཡུམ་བུ་བརླ་མཁར། རྟག་སྤྱན་འབུམ་པ། གྲྭ་བ་མངོན་ཤེས་ཀྱི་གདན་ས་གྲྭ་ཐང་།   གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། ཡར་འབྲོག་དཔལ་འཁོར་ཆོས་སྡེ་དགོན། རྒྱལ་རྩེ་མཆོད་རྟེན།  ཞ་ལུ།  བཀྲ་ཤིས་ལྷུན་པོ།  སྣར་ཐང་།  ངོར་དགོན་པ།  ས་སྐྱ་གོང་འོག   ལྷ་རྩེ།  ཕུན་ཚོགས་གླིང་།  ངམ་རིང་ཆོས་སྡེ།  རིན་སྤུངས། ཆུ་ཤུར་བརྒྱུད་མཉེས་ཐང་རྣམས་སུ་མཇལ་ཏེ་མཆོད་འབུལ་དང་ཐུགས་སྨོན་ཤུགས་དྲག་མཛད་དེ་སླར་འབྲས་སྤུངས་སུ་སླེབས།    གྲོགས་པོ་རྣམས་དང་མཇལ་ནས་སྔོན་ལྷ་མོ་བླ་མཚོར་མཇལ་སྐབས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཞིག་གི་དབུས་སུ་མཚོ་ཆེན་པོ་སྔོ་མེ་ལེར་འཁྱིལ་བ་མཐོང་ཞིང་། དེ་ནས་ཅང་མ་འགོར་བར་ད་ཅིའི་མཚོ་དཀྱིལ་ན་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་པའི་སྤང་རིའི་རྩེར་ལྷ་ཁང་སེར་པོ་ཞིག་མཐོང་བའི་རྒྱུ་མཚན་དང་།  དེ་བཙལ་འདོད་ཆེ་བའི་གནས་ཚུལ་བཤད་པ་ན། གྲྭ་བ་གཅིག་གིས། སློབ་གཉེར་བྱེད་སྐབས་མཇལ་སྐོར་དང་དབང་ལུང་ཞུས་པ་སོགས་ནི་དཔེ་ཆ་བལྟ་རྒྱུའི་བར་ཆད་ཡིན་ཞིང་།  ཁྱད་པར་དུ་མཚན་ཉིད་ཀྱི་ཡིག་ཆར་ལྟ་སྐབས་ལམ་རིམ་བློ་སྦྱོང་དང་སྔགས་ཀྱི་སྐོར་ལའང་ལྟ་མི་རུང་ཟེར།   གྲྭ་བ་དེས་ང་ལ་དེ་ལྟར་བཤད་པ་ནི་ཤ་ཚ་བའི་གཏམ་ཡིན་ཡང་། འོན་ཏེ་ལྟ་ཚུལ་དེའི་རིགས་ནི་ལམ་ལོག་འབའ་ཞིག་སྟེ།   སྔོན་བྱོན་ཇོ་རྔོག་འབྲོམ་གསུམ་དང་།  མར་མི་དྭགས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། རྗེ་ཡབ་སྲས་གསུམ་སོགས་ཀྱི་རྣམ་ཐར་ཁག་ལས་གསལ་བ་ལྟར་དེ་འདྲའི་གནས་ཚུལ་གཏན་ནས་མེད་དོ་ཞེས་གསུངས། །

བཞི་བ། མཚོ་སྙིང་དུ་མཚམས་ལ་བཞུགས་ཏེ་རྟོགས་པ་བརྙེས་པའི་སྐོར།

 རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ལོ་སྟེ་སྤྱི་ལོ༡༧༩༧ལོར། མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་ཕྱིར་ཕ་ཡུལ་དུ་སླེབས་ནས་རྗེ་དགེ་འདུན་ཟླ་གྲགས་ཚང་ལ་མཇལ་ནས་དབུས་གཙང་གི་གནས་ཚུལ་རྣམས་ཞུས། བླ་མས་ཀྱང་ཐུགས་ཤིན་ཏུ་མཉེས། ཞལ་ནས། རྗེ་བླ་མ་ཙོང་ཁ་པ་ཆེན་པོས།  དང་པོ་ཐོས་པ་རྒྱ་ཆེན་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཞེས་གསུངས་པ་ལྟར་ད་ནི་གནས་དབེན་པར་བསྟེན་ཅིག་ཅེས་བཀའ་བསྩལ་བ་བཞིན་དང་ཐོག་བྱང་གི་དགོན་ཆེ་ཁག་ལ་གནས་འབྲེལ་རེ་དང་།     དེ་ནས་བིས་པ་མི་ཕམ་ཟླ་བ་ལ་ཆོས་འབྲེལ་ཙམ་བཞག་སྟེ་མཚོ་སྙིང་དུ་ཕེབས།  སྤྱི་ལོ་༡༧༩༨ལོའི་དགུན་ཁར་མཚོ་སྙིང་དུ་ཕེབས་པའི་གནས་ཚུལ་རྣམ་ཐར་དུ་འཁོད་པ་འདི་ལྟར་ཏེ།   ཕྱིར་བྱོན་མཚོ་སྙིང་རི་ལ་ཆས་པའི་ཚེ།     །གཉེན་བཤེས་གྲོགས་ཀྱིས་ཆུ་མེད་གནམ་ཐོག་ངན།    །མཐུན་རྐྱེན་འཛོམས་དཀའ་འཆི་ཉེན་ཆེ་ལ་སོགས།                  །བཤོལ་མང་བཏབ་ཚེ་ལན་དུ་འདི་སྐད་གསུངས། །ཁྱེད་རྣམས་བདག་ལ་ཤ་ཚ་བྱེད་སྙམ་ཡང་།  །སྐྱེས་མཐའ་འཆི་བ་ངེས་པར་ཡོང་དགོས་ན། །འཆི་བ་མི་ཡོང་ས་ཕྱོགས་ག་ལ་ཡོད། །མ་ཤི་བསྡད་ན་སྒོམ་སར་གནས་དེ་བཟང་། །གལ་ཏེ་ཤི་རུང་དུར་ས་ཆོག་གམ་སྙམ།  །རི་བའི་འཆི་ས་རི་ཁྲོད་དབེན་པ་ཡིན།           །ཆོས་ཕྱིར་ཤི་ན་ཕྱི་མ་རང་ཉིད་འཚེངས།  །ཞེས་གསུངས་ལུས་དང་སྲོག་ལ་མ་བལྟས་པར།     །གནས་དེར་ཕེབས་ཚེ་སྔར་ལོ་ཆུ་མེད་པར།        །རི་བ་གཞོན་ནུ་ཞིག་ཀྱང་གཤེགས་པ་མཐོང་། །ནམ་འཆི་ཆ་མེད་མྱུར་ཏུ་ཆོས་སྒྲུབ་དགོས།  །ཆོས་ཕྱིར་འཆི་དགོས་ཟེར་བའི་བརྡའ་རུ་གོ ། ཆོས་ལ་སྔར་བས་ལྷག་པའི་བརྩོན་འདོད་བྱུང་།།ཆོས་ཕྱིར་འཆི་རུ་འཇུག་པའི་གོ་ཆ་བཟུང་། །རི་བ་སྔར་གཤེགས་མལ་དུ་བཞུགས་ས་བཅས། །ཐུགས་དམ་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་མཛད། །དཔྱིད་ཁ་མཚོ་སྙིང་འགྲམ་ནས་སྔོན་མེད་པའི།      །བ་ཚྭ་མེད་པའི་དོང་ཆུ་གསར་བ་ཕུད།  །མ་སྙུང་མ་གཤེགས་བདེ་བར་བཞུགས་པ་དང་།   །སྔོན་མེད་དོང་ཆུ་གསར་བ་ཕུད་འདུག་ཅེས།      །ཀུན་གྱིས་ཐོས་ནས་སྙན་གྲགས་དབྱར་རྔ་ལྡིར།  །ཞེས་པ་བཞིན་བསྟན་འཛིན་ཉི་མ་རིན་པོ་ཆེ་མཚོ་སྙིང་དུ་མ་ཕེབས་སྔོན་ལ་ཆུ་ཤིན་ཏུ་དཀོན་པས་མཚམས་པ་རེ་གཉེས་ཀྱང་ཆུ་སྐོམ་གྱིས་ཤི་བ་སོགས་བཞུགས་དཀའ་བར་བྱུང་ཡང་། ཁོང་ཕེབས་པ་ནས་བཟུང་གློ་བུར་དུ་བ་ཚྭ་མེད་པའི་དོང་ཆུ་ཐོན་པ་ཐོས་པས་མཚམས་པའང་ལོ་རེ་ནས་ལོ་རེར་ཇེ་མང་དུ་སོང་།  དེ་ནས་ལོ་གཅིག་ལ་བྲོ་ཆད་བྱུང་སྟེ་ལྷ་བཤོས་གཅིག་སྨྱུང་གནས་བཅུར་ལྡེང་དུ་བཅུག་པ་དང་། རྩམ་ཁུག་ཕྱི་ནང་ཉིས་བརྩེགས་ཅན་ཞིག་ཡོད་པ་དེའི་སྲུབས་ཀར་རྩམ་སྐྱ་ཅུང་ཟད་མཆིས་པ་དེ་བླངས་ནས་སྨྱུང་གནས་གཉིས་ཀྱི་སྦྱོར་བ་མཛད་པ་སོགས་དཀའ་སྡུག་དུ་མར་ཐུག་ཀྱང་སྒྲུབ་པ་ཞག་གཅིག་མ་བཏང་། དེ་ལྟར་གཡེང་མེད་སྒོམ་སྒྲུབ་ལ་གཞོལ་ནས་ལོ་གསུམ་འགོར་བའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ་༡༨༠༠ལོར། ཡབ་རྗེ་གསེར་ཁང་བ་བསྟན་འཛིན་རྒྱ་མཚོ་ཚང་མཚོ་སྙིང་དུ་སྒོམ་སྒྲུབ་ལ་ཕེབས་ནས་ལོ་གསུམ་ལ་བཞུགས།  དེ་དུས་ཡབ་རྗེ་གསེར་ཁང་བ་དགུང་ལོ་ཉི་ཤུ་ལྷག་དང་མཚོ་སྙིང་རིན་པོ་ཆེ་དགུང་ལོ་བཞི་ཅུར་སླེབས་ཡོད་པར་མངོན།   མི་རིང་བར་ཐུགས་འདྲིས་ཆེ་བ་མ་ཟད་ཕན་ཚུན་ཆོས་འབྲེལ་ཕུལ་བར་གསལ་ཏེ། རྟོགས་བརྗོད་དད་པའི་རོལ་མཚོ་ལས། ཕྱི་ལོ་ཡབ་རྗེ་བླ་མ་གསེར་ཁང་བ། །མཚོ་སྙིང་ཕེབས་ནས་ཐུགས་དགོངས་གཅིག་ཏུ་འདྲེས། །ཉམས་རྟོགས་ཡོན་ཏན་ཅི་ཐོབ་གསུང་གླེང་དམར།      །ཕན་ཚུན་ཆོས་འབྲེལ་ཕུལ་ཏེ་ཐུགས་སྨོན་མཛད། །ཅེས་གསུངས་པ་ལ་དཔགས་ན་ཤེས་ཐུབ་ཅིང་གསེར་ཁང་བའི་ཞལ་ནས། བླ་མ་མཆོད་པའི་ཁྲིད་དང་།   ལྷག་མཐོང་ཆེན་མོ་ཕྱག་ཆེན་ཟབ་ཁྲིད། ལུས་དཀྱིལ་གྱི་དབང་སོགས་གནང་པ་དང་།  མཚོ་སྙིང་རིན་པོ་ཆེ་ནས་ཕར་ལ་ལྕང་སྐྱ་རིན་པོ་ཆེའི་སྨྱུང་གནས་ཆོ་གའི་ལུང་ཕུལ།   མཚན་ཞིག་ལ་མཚོ་སྙིང་རིན་པོ་ཆེའི་མནལ་ལམ་དུ། གསེར་ཁང་བ་བཞུགས་པའི་སར་རལ་གྲི་གསུམ་གྱི་རྩེར་ནོར་བུ་གཟི་འབར་གཅིག་གིས་བརྒྱན་པ་ཞིག་མཆིས་ཤིང་། ཁོང་གི་སྐུ་གཡས་གཡོན་དུ་ཚོས་བསྒྱུར་གྱི་རས་དཀར་པོ་བཞག་པ་དེ་ནང་ནས་གཅིག་གསེར་ཁང་བས་ངུར་སྨྲིག་ཏུ་ཚོས་བསྒྱུར་བ་མདོག་ཤིན་ཏུ་ལེགས་པ་བྱུང་བས། ཁོང་གིས་མི་གཞན་དག་སྟོང་ཕྲག་མང་པོ་ལ་འདི་ལྟར་ཚོས་བསྒྱུར་བྱ་དགོས་ཞེས་བསླབ་པ་ན།   མི་དེ་དག་གིས་ཀྱང་བསྒྱུར་ཚུལ་ལེགས་པོ་ཤེས་ནས་ཡིད་སྤྲོ་བྱུང་བ་ཞིག་རྨིས་པས། མཚོ་སྙིང་རིན་པོ་ཆེས་ཉེ་གནས་ཀྱི་སློབ་མ་ཞིག་ལ། གསེར་ཁང་ཚང་ཁོང་སྐྱེས་བུ་དམ་པ་བླ་ན་མེད་པ་ཞིག་རེད། མ་འོངས་པ་ན་ཁོང་གི་ཆོས་བརྒྱུད་འཛིན་པའི་རི་ཁྲོད་པ་ས་སྟེང་ལ་ཁྱབ་འགྲོ་གི་རེད་ཅེས་གསུངས་པ་རྟོགས་བརྗོད་དད་པའི་རོལ་མཚོ་ལས་བཤད་ཅིང་། འདི་དང་དོན་མཚུངས་པ་ཞིག་རྗེ་འཇིགས་མེད་བསམ་གཏན་ཚང་གིས་བརྩམས་པའི་རྗེ་གསེར་ཁང་བའི་རྣམ་ཐར་མདོར་བསྡུས་བྱ་བ་དེ་ནང་དུའང་འཁོད་ཡོད་དེ།      ལུས་དཀྱིལ་དབང་གནང་སྒོ་དམར་རི་ཁྲོད་པས། །ཁྱེད་རང་བཞུགས་པར་རལ་གྲི་གསུམ་གྱི་རྩེར།   །ནོར་བ་འབར་བ་གཅིག་གིས་བརྒྱན་པ་དང་།    །སྐུ་མདུན་གཡས་གཡོན་ཚོས་ཁུ་སྣ་ཚོགས་གཞག །བསྒྱུར་ཟིན་རས་ཤིག་ཁྱོད་ཀྱིས་མདོག་བསྒྱུར་བས། །མདོག་ལེགས་བྱུང་བས་ཀུན་གྱིས་བསྒྱུར་ཚུལ་ཤེས། །རས་དཀར་གྲངས་མེད་གཞན་གྱིས་མདོག་བསྒྱུར་བས། །ཤིན་ཏུ་ལེགས་པ་བྱུང་བ་ཞིག་རྨིས་གསུངས། །གདུལ་བྱའི་ཚོགས་རྣམས་མ་སྨིན་སྨིན་པ་དང་། །སྨིན་པ་གྲོལ་བའི་ལྟས་ནི་མངོན་སུམ་ཤར། །ཞེས་གསུངས་པ་ལྟར་རོ། །སྐབས་ཤིག་ལ་བྲོ་ཆད་དེ་ཟླ་གཅིག་ལྷག་འདས་པ་ན། ཐུགས་ལ་ད་ནི་འཆི་འགྲོ་བར་འདུག  གལ་ཏེ་ཤི་ན་ཕྱག་ན་པདྨོའི་ཞིང་མཆོག་ཏུ་སྐྱེ་བའི་སྨོན་ལམ་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས། ཉིན་དེར་བྱང་ཕྱོགས་ནས་རླུང་ནག་འཚུབ་མ་ཞིག་འཁོར་འོངས་ཏེ་མཚོ་སྙིང་ལ་ཆུ་འཁོར་རྒྱག་པ་ལྟར་ཆར་ཆེན་བབས་ནས་ཤྭ་འོད་རྒྱས་བ་བྱུང་། ཕྱི་ཉིན་མཚོ་ཁར་འགྲོ་སྐབས་ཆུ་ལོག་གིས་དེད་འོང་བའི་ཤ་གཉིས་ཀྱི་རོ་མཐོང་རྗེས་འཕྲལ་དུ་སྨོན་ལམ་གསུངས་།  ཤྭ་གཉིས་ཀྱི་པགས་པ་བཤུས་ཏེ་ཤ་རྣམས་བྱང་རྒྱབ་ཀྱི་ཕུག་པ་ཞིག་ཏུ་བཞག        ཤྭ་ལྤགས་གཉིས་ཕྱག་འཚལ་སྤྱད་ཀྱི་བང་ཁེབས་བཟོས།      མགོ་གཉིས་འཁྱེར་འོངས་ནས་རང་གི་ཕུག་པའི་ཀླད་དུ་བཙུགས། དུས་དེ་ནས་བཟུང་ཕྱག་གྲངས་མི་འཛིན་ལ། ཕྱག་འཚལ་ནས་ཤྭ་ལྤགས་ཀྱི་བང་ཁེབས་རློན་པར་གྱུར་རྗེས་བང་ཁེབས་གཞན་བརྗེས་ཏེ་མུ་མཐུད་དུ་ཕྱག་འཚལ་བའི་གོམས་ཤུགས་ཆགས། དེ་ནས་རྣམ་ཐར་ལས། བྱམས་བརྩེ་བྱང་ཆུབ་སེམས་ཀྱི་གཏེར་ཁ་རྡོལ། །ཞི་གནས་ལྷག་མཐོང་རྟོགས་པ་མངོན་དུ་གྱུར། །རིམ་གཉིས་ལམ་ལ་བག་ཆགས་བཟང་བོ་ཐེབས། །བསྒྲུབ་དང་མ་སྒྲུབ་ཡི་དམ་ལྷ་མང་མཐོང་།    །ལུས་ཀྱི་ཕྱི་ནང་སྲིན་བུ་ཟད་དང་བདེ། །ངག་གིས་ཅི་གསུང་གཞན་གྱི་རྒྱུད་ལ་ཕན། །ལྷ་འདྲེ་མ་རུངས་པ་རྣམས་ཐམས་ཅད་ཀྱིས། །དངོས་སམ་རྨི་ལམ་ནང་དུ་ཆོ་འཕྲུལ་ཅི། །བསྟན་རུང་ཡ་ང་བག་ཚ་ཅང་མ་མཆིས།  །ཆོ་འཕྲུལ་ཅི་བསྟན་སྒྱུ་མའི་ལྟད་མོར་མཐོང་། །ཉིན་གཅིག་ཕྱག་ན་པད་དཀར་འཆང་བ་གཟིགས། །ཞལ་ནས་མ་འོངས་བདེ་བ་ཅན་དུ་ཁྱོད། །སྐྱེས་ནས་མ་དག་འགྲོ་བ་འདྲེན་པར་གསུངས། །བྱ་དང་ལྗོན་ཤིང་ནམ་མཁའ་ལ་སོགས་ནས། །སྙན་པའི་དབྱངས་ཀྱིས་ཡི་གེ་དྲུག་མ་སོགས། །ངོ་མཚར་དམ་ཆོས་སྒྲ་ཡང་མང་པོ་ཐོས། །ཉིན་ཞག་དྲུག་བདུན་རེ་ལ་ཆུ་ཐིགས་གང་།  །མ་གསོལ་ན་ཡང་ཏིང་འཛིན་ཟས་ཀྱིས་འཚོ། །ཞེས་གསུངས་པ་དང་།   དེའི་སྐབས་ཤིག་ལ།   མཚོ་སྙིང་བའི་མནལ་ལམ་དུ། རྒན་མོ་སྐྲ་གཟེངས་མི་སྡུག་པ་གདོང་ཡོངས་ལོ་བརྒྱ་ལོན་པའི་སྡོང་སྐམ་བཞིན་གཉེར་མས་ཁེངས་པ།   ལུས་སྟོད་རྣག་གིས་ཟིན་པ་ཞིག་ཧ་ཅང་གདུང་བའི་ཉམས་ཀྱིས་ང་ལ་ཁྲུས་ཤིག་གནོངས་ཞེས་མཚན་རེ་གཉིས་ལ་བྱུང་བས། ཁོང་གི་ཐུགས་ལ་མཚོ་མོར་མནོལ་གྲིབ་ཕོག་པ་ཡིན་ནམ་སྙམ་སྟེ། རྡོ་རྗེ་རྣམ་འཇོམས་སྔོན་མོའི་སྒོ་ནས་ཉིན་བདུན་ལ་མཚོ་མོར་ཁྲུས་བྱས་པའི་མཐའ་མའི་མཚན་མོ་རུ།  བུ་མོ་གཞོན་ནུ་མ་ལང་ཚོ་དར་ལ་བབ་ཅིང་རུས་སྦལ་ལ་ཞོན་པ།  ལག་པ་གཡོན་དུ་གཏེར་བུམ་བསྣམས་ཤིང་གཡས་སུ་མདའ་དར་གྱི་མེ་ལོང་འཛིན་པ།    ལུས་ལ་རིན་ཆེན་སྣ་ཚོགས་ཀྱི་རྒྱན་ཆས་སྤྲས་པ་བལྟ་ན་སྡུག་པ་ཞིག་འོངས་ནས།  ད་ང་ནད་ལས་ཐར་སོང་། ནོར་བུ་འདི་ཁྱེད་ལ་དྲིན་ལན་དུ་ཕུལ་བ་ཡིན་ཟེར་ནས་མཚོ་ཁར་བཞག་པ་ཞིག་རྨིས་པས།   ཕྱི་ཉིན་མཚོ་ཁར་སོང་དུས་དངོས་གནས་མདང་གི་རྨི་ལམ་ཇི་བཞིན་ནོར་བུ་བསམ་འཕེལ་ཞིག་ཡོད་པ་རྙེད།   ཐུགས་ལ་མཚོ་བདག་ཆེན་མོ་དགེ་ལེགས་དབང་མཛད་མས་ཕུལ་བར་དགོངས། རྣམ་ཐར་ལས། ཁྲི་གཤོག་རྒྱལ་མོ་བུ་མོ་གཞོན་ནུ་མའི། །ཆ་བྱད་བཟུང་ནས་ཉིན་གཅིག་རབ་དཀར་གྱི། །འོ་མ་ཤེལ་དཀར་བུམ་པ་ཞིག་གི་གང་། །དྲངས་ནས་གར་སོང་ཆ་མེད་གྱུར་ཅེས་གསུངས། །ཞེས་པ་བཞིན་ཕྱིས་དངོས་སུ་ཕེབས་ཏེ་ཞབས་ཞུ་ཞུས་པར་མངོན། དེ་ནས་སྙིང་རུས་བྱས་ཏེ་བསྒོམས་པས་རྩ་ཕྲན་རྣམས་ཀྱི་མདུད་པ་གྲོལ། ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་སྐྱེས། ཉམས་དང་རྨི་ལམ་དུ་སངས་རྒྱས་ཀྱི་ཞིང་ཁམས་མང་པོར་ཉུལ་བ་དང་།      མཁའ་ལ་ལྡིང་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པའི་ཉམས་ཤར།     རེས་འགའ་དངོས་སུ་ནམ་མཁའ་ལ་འཕུར་ནུས་པ་བྱུང་སྟེ།     ཐེངས་ཤིག་ནམ་མཁའ་ལ་འཕུར་ནས་འདབ་ཆགས་གླིང་དུ་སླེབས་པ་ནོར་རྫི་རྣམས་ཀྱིས་མཐོང་སྟེ་ཡུལ་མི་རྣམས་ལ་བཤད།   ཚེ་གང་བོར་རྔོན་པ་བྱས་པ་ཞིག་ཡོད་པ་དེས་ཀྱང་མཐོང་བས་དད་དེ་རི་དྭགས་མི་གསོད་པའི་དམ་བཅས།   མཚམས་རེར་ཟངས་ཐལ་དུ་ཕེབས་པ་ཕྱིས་སུ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཀྱང་དངོས་སུ་མཐོང་བ་རྣམ་ཐར་དུ་གསལ་ཏེ། གཞན་ཡང་ན་བཟའ་གཤོག་པ་མཛད་ནས་མཁར། །བྱ་ལྟར་འཕུར་ནས་འགྲོ་བ་རྫི་བོ་དང་།   །རྔོན་པ་ལས་དག་འགའ་རེས་མཐོང་ངོ་སྐད།  །ཉིན་གཅིག་སྒྲུབ་ཁང་ཕུག་ནས་ཕྱི་རོལ་ཏུ།  །ཟངས་ཐལ་ཕེབས་བཞུད་མཛད་པ་ངས་ཀྱང་མཐོང་། །ཞེས་གསལ། དེ་ནས་མེ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༨༠༦ལོའི་ཟླ་བ་དང་པོའི་ཚེས་གསུམ་ལ་ཞབས་དཀར་ཚོགས་དྲུག་རང་གྲོལ་མཚོ་སྙིང་དུ་ཐོག་མར་ཕེབས་ཤིང་།  མཚོ་སྙིང་བ་དང་མཇལ་བའི་སྐོར་ཞབས་དཀར་བའི་རྣམ་ཐར་དུ་འཁོད་པ་གཤམ་གསལ་ལྟར། དེ་ནས་གནས་ཆེན་དེའི་རི་རྩེ་ན་བཞུགས་པའི་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེར་མཇལ། རྒྱུ་མཚན་རྣམས་ཞིབ་ཏུ་ཞུས་པས་ཐུགས་མཉེས། ལོ་དེར་བསྟན་འཛིན་ཉི་མ་དཔོན་སློབ་གཉིས་ལ་ཡང་མཐུན་རྐྱེན་ཕྱེ་རྩམ་ཆེན་པོ་མི་འདུག  ཇ་བུབས་གཅིག་དང་ཕྱེད་ཅིག་འདུག   དེར་ངེད་རྣམས་ཀྱི་བྲོ་ཁ་གང་ཡོད་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཁོང་དཔོན་སློབ་གཉིས་དང་ངེད་གསུམ་གྱིས་འདྲ་འདྲ་བྱས་བགོས་ནས། ང་ཤར་གྱི་བྲག་ཕུག་ཅིག་ཏུ་གཅིག་པུར་བསྡད་པས།   བྱ་བཏང་བསྟན་འཛིན་ཉི་མ་རིན་པོ་ཆེའི་ཐུགས་ཀྱིས་རྗེས་སུ་བཟུང་བའི་དད་པ་དང་བློ་གྲོས་ཀྱི་ནོར་གྱིས་ཕྱུག་པའི་ཉེ་གནས་བློ་བཟང་དོན་གྲུབ་ཀྱིས་གནས་བསྟོད་ཅིག་དགོས་ངོར། ཞེས་པ་དང་། ཕྱི་ལོ་མེ་ཡོས་ལོའི་ཧོར་ཟླ་བཞི་བའི་ནང་ལ། ཁུ་བྱུག་འོངས་ནས་བྱང་ངོས་ཀྱི་ནགས་ཁྲོད་ནས་སྐད་ལྷང་ལྷང་གྲག་པ་ཐོས་པས། མཚོ་སྙིང་སྨྱུང་གནས་པའི་ཞལ་ནས། ང་འདིར་འོངས་ནས་ལོ་བཅུར་བསྡད་ཀྱང་ཁུ་བྱུག་གཅིག་ཀྱང་མ་ཡོང་། ད་ལོ་ཁྱེད་ཀྱང་ཕེབས།  དེའི་ཁར་ཁུ་བྱུག་འདི་ཡང་ཡོང་བ་ངོ་མཚར་ཆེ་གསུངས། སྟོན་མཇུག་དེར་ཞབས་དཀར་ཚང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་མདུན་དུ་སོང་ནས་སེམས་ལ་ཕན་པའི་མགུར་ཞིག་གསུང་ཞེས་ཞུས་པ་ན། ཁོང་གི་ཞལ་ནས།  ངས་དེ་སྔོན་མགུར་ལེན་མ་མྱོང་བས་དེ་མ་ཐག་ཏུ་མི་འཆར་བར་གདའ་གསུངས།    ཞབས་དཀར་བས་ཕྱི་ཉིན་ཡང་སོང་སྟེ་དེ་ལྟར་ཞུས་པས། སྨྱུང་གནས་པའི་ཞལ་ནས། ཨེ་མ་བློ་ལྡན་གྲོགས་པོ་ལགས། །ཁྱེད་ཅིས་ཀྱང་ལྟ་བ་ལ་བཞེད་ན།   །སྤྲང་ང་ཡི་གོ་ལུགས་ཅུང་ཞིག་བརྗོད། །ཕྱོགས་ཆ་ཆེ་ན་ལྟ་བ་མིན། །ཨ་འཐས་ཆེ་ན་སྒོམ་པ་མིན། །བླང་དོར་ཆེ་ན་སྤྱོད་པ་མིན། །རེ་དོགས་ཆེ་ན་འབྲས་བུ་མིན།    །འོ་ན་ཅི་འདྲ་ཟེར་ཙ་ན། །ལྟ་བ་རིག་སྟོང་རྩ་བྲལ་ཡིན། །སྒོམ་པ་སྟོང་གསལ་འཛིན་མེད་ཡིན།།སྤྱོད་པ་ཤར་གྲོལ་བྱ་ལམ་ཡིན། །འབྲས་བུ་འཁོར་འདས་སེམས་རྫོགས་ཡིན།  །དེ་ཐུགས་ལ་འཐད་དམ་སྙིང་གྲོགས་ལགས། །ཞེས་གསུངས།  དེ་ནས་མཚོ་སྙིང་དུ་བཞུགས་པའི་བླ་མ་ཞབས་དཀར་རིན་པོ་ཆེ་གཙོ་བྱས་ཨ་རིག་གི་རྒྱུད་པ་སྐུ་སྐྱེས་དང་། དགེ་སློང་བསྟན་དར། བསྟན་པ་ཕན་བདེ།  འཇིགས་མེད་བེ་ལའི་རབ་འབྱམས་པ། ཞབས་དྲུང་བླ་རྒན། སུ་ནེའི་ཨ་ལགས། ལྷ་རམས་པ་ངག་དབང་། དགེ་བཤེས་ཐུབ་བསྟན་རྒྱ་མཚོ། ཉེ་གནས་བློ་བཟང་དོན་གྲུབ། སྒོ་མེ་ལྷ་རམས་པ། སློབ་བུ་བློ་བཟང་ནོར་འཕེལ་སོགས་ལ་བཀའ་གདམས་ཕ་ཆོས་བུ་ཆོས་དང་། རྗེ་རིན་པོ་ཆེའི་གསུང་གི་གསང་འདུས་རིམ་ལྔ་གདན་རྫོགས། རིམ་ལྔ་གསལ་སྒྲོན།  ཡིག་ཆུང་ཉེར་གཅིག  པཎ་ཆེན་བློ་བཟང་ཆོས་རྒྱན་དང་།    ལྕང་སྐྱ་རིན་པོ་ཆེའི་གསུང་གི་སྨྱུང་གནས་ཆོ་གའི་ལུང་བཅས་བསྩལ། །དེའི་ཕྱི་ལོར་ཁོང་གི་ཉེ་གནས་བློ་བཟང་ནོར་འཕེལ་ཡུལ་དུ་ཕེབས་རྩིས་བྱེད་སྐབས།  ཁོང་གིས་སང་ཉིན་ཁྱེད་རང་མགྱོགས་པར་ཡུལ་དུ་སོང་། གནངས་ཉིན་མཚོ་དར་ལྷུང་ཉེན་ཆེ་ཞེས་གསུངས་པས་དེ་ལྟར་དུ་གནས་ཚུལ་བྱུང་བ་རྣམ་ཐར་དུ་གསལ་ཏེ།       ལོ་གཅིག་ཉེ་གནས་བློ་བཟང་ནོར་འཕེལ་ལ། །ནངས་པར་ཁྱོད་ནི་ཡུལ་དུ་ཅིས་ཀྱང་སོང་།  །གནང་ཉིན་མཚོ་དར་ལྷུང་ཉེན་ཆེ་ཞེས་གསུངས།     །ཕྱི་ཉིན་སོང་བས་གས་ཀ་འདོམ་བཞི་ཙམ། །ཡོད་པ་མཐོང་ནས་ཉིད་ལ་གསོལ་བཏབས་པས། །ཕྱོགས་གཞན་དར་ཞིག་ཆད་ནས་བར་དུ་འཚེངས།          །དེ་ལ་བརྟེན་ནས་མཚོ་ཡི་ཕ་མཐར་སོན། །ཕྱི་ཉིན་གསུང་བཞིན་མཚོ་ཡི་ན་བཟའ་བརྗེས། །རྦ་རླབས་ཆལ་ཆིལ་གཡོ་བ་མཐོང་ནས་དད།      །གཞན་ལ་ལེགས་ཉེས་གང་འོང་གསུང་ཞོར་ལ། །གསུངས་རྣམས་དེ་དག་སྟེང་དུ་འགྲོའོ་ཞེས།   །ཉེ་གནས་གྲྭ་སློབ་ཡོན་བདག་ཕལ་ཆེར་གྱི། །གླེང་ནས་ལག་གཉིས་སྤྱི་བོར་ཡང་ཡང་འཁྱེར། །ཞེས་གསུངས་པ་བཞིན་ནོ། །དེ་ནས་རྣམ་འབྱུང་ཞེས་པ་ས་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་༡༨༠༨ལོའི་དབྱར་ཁ་ལྔ་བའི་ནང་ལ། བྱང་ངོས་ཀྱི་བྲག་ཕུག་ན་སྡོད་པའི་ཞབས་དྲུང་བླ་རྒན་ངག་དབང་བློ་བཟང་ཕུང་བོ་མ་བདེ་བ་ཐོས་ནས། ཉིན་ཁ་ཤས་སོང་བའི་འཕྲོ་ལ་ཁོ་ཤིན་ཏུ་ན་ནས་འཆི་ཚད་པ་བྱུང་ཚེ། མཚོ་སྙིང་བ་བསྟན་འཛིན་ཉི་མ་རིན་པོ་ཆེ་དང་ཞབས་དཀར་རིན་པོ་ཆེ་རྣམ་པ་གཉིས་མཚམས་གྲོལ་ནས་སོང་སྟེ། གླུད་ཅིག་བཏང་སྟེ་བགེགས་བསྐྲད་པའི་ཚེ། ཕུག་པའི་ནང་ནས་རླུང་ཞིག་ལངས་ནས་ཕྱི་སྒོར་སོང་བ་འཚུབ་མ་ནག་པོ་ཞིག་ཏུ་གྱུར་ཏེ།  མཚོ་ཡི་ཁ་ནས་འཁོར་བཞིན་ཕྱི་རོལ་ཏུ་འགྲོ་བ་དེ་ན་ཡོད་པ་ཀུན་གྱིས་མཐོང་།  ཕྱི་ཉིན་བླ་རྒན་དྲག་སོང་བས།     ཀུན་གྱིས་གདོན་ཞིག་ཡིན་རྒྱུ་རེད།    ཁོང་རྣམ་པ་གཉིས་ཀྱི་ཐུགས་རྗེས་འདྲེ་མངོན་སུམ་དུ་སོང་བ་ཡ་མཚན་ཆེ་ཟེར་བ་བྱུང་།    དགུན་ཁར་མཚོ་ལ་དར་ཆགས་ནས་མཇལ་བ་ཁ་ཤས་མཚོ་སྙིང་བ་བསྟན་འཛིན་ཉི་མ་རེན་པོ་ཆེ་མཇལ་བར་འོང་བ་དེ་རྣམས་ཀྱི་ཁ་ནས་ཞབས་དཀར་རིན་པོ་ཆེའི་རྩ་བའི་བླ་མ་ཆོས་རྒྱལ་རིན་པོ་ཆེ་ཞལ་མི་བཞུགས་པར་ཞིང་གཞན་དུ་གཤེགས་པའི་གནས་ཚུལ་ཐོས་པས་ཁོང་གིས་ཀྱང་ཐུགས་འགྱོད་གནང་བཞིན་ཞབས་དཀར་ཚང་བཞུགས་སར་ཕེབས་ནས་དེར་ཅུང་ཟད་བཞུགས་ཏེ།   དེ་ནས་ཁོང་གི་ཞལ་ནས། འོ་རྗེ་བཙུན་མི་ལས། རེ་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསལ་ཐོབ་ལ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །ལར་བླ་མ་ཡང་སྒྱུ་མར་ཤེས་པར་མཛོད། །ཅེས་གསུངས་པ་ལྟར་ཡིན་ཙ་ན།      ཁྱེད་ཐུགས་འགྱོད་ཆེན་པོ་མ་གནང་། ཆོས་རྒྱལ་རིན་པོ་ཆེ་ཞིང་བརྗེས་སོང་ཟེར་བ་ཞིག་བདག་གིས་ཐོས་བྱུང་གསུངས་པས། ཞབས་དཀར་ཚང་དར་ཅིག་ལ་ཧད་དེ་ལུས་སོང་། དེ་ནས་བླ་མ་དྲན་དྲགས་ནས་མཆི་མ་མང་པོ་ཤོར་བའི་ཚེ། ཁོང་གིས་ཞབས་དཀར་བའི་ཕྱག་ནས་བཟུང་སྟེ། ད་མྱ་ངན་ཆེན་པོ་མ་གནང་བར་ཐུགས་དགོངས་རྫོགས་ཕྱིར་མཆོད་འབུལ་འདྲ་གྱིས་ལ་གསོལ་བ་ཐོབ།  ཁོང་གིས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ་འདིའི་རང་བཞིན་ཅན་ཡིན་ཞེས་རྟག་འཛིན་ཅན་ངེད་རྣམས་ཆོས་ལ་བསྐུལ་བའི་ཕྱིར།   གཟུགས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཙམ་ལས་དོན་དམ་པར་འདས་གྲོང་ག་ལ་མངའ། ངེད་རྣམས་ཀྱིས་མི་རྟག་འཆི་བ་སྟོན་པའི་སློབ་དཔོན་དུ་གོ་ནས། ད་ནི་བླ་མའི་ཞབས་ཏོག ཕ་མའི་དྲིན་གཟོ།      སེམས་ཅན་གྱི་འགྲོ་དོན་ལ་དམིགས་ནས་དབེན་པར་སྒྲུབ་པའི་རྒྱལ་མཚན་བཙུགས་ན། བླ་མའི་ཐུགས་དགོངས་ཀྱང་དེས་རྫོགས། ཕྱི་མར་དག་པ་མཁའ་སྤྱོད་དུ་མཇལ་འོངས་པས། དེ་ཁྱེད་ཀྱིས་མི་མཁྱེན་པ་ག་ལ་ཡིན་ཏེ།      ངས་གསལ་བཏབ་པ་ཡིན་པས་ཐུགས་ལ་ཞོགས་གསུངས་ནས་ཕྱིར་ཕེབས། དེ་དུས་མཚོ་སྙིང་རིན་པོ་ཆེ་རྒྱུན་དུ་བྱ་འདྲ་མིན་ལ་ཆོས་གསུངས་ཤིང་ལན་རེར་བྱ་འདི་ཚོ་ཙ་རི་ནས་འོངས་པ་དང་དེ་ཚོ་ལི་ཡུལ་དང་ཨུ་རྒྱན་ནས་འཕུར་འོངས་པས་ལམ་ཐག་རིང་ཞེས་པ་དང་།    མཚམས་རེར་ཉེ་གནས་རྣམས་ལ་ཁྱེད་ཚོས་བྱ་འདི་དག་ལ་ངན་ལས་བྱས་ནས་ཕོག་ཐུག་བཟོ་མི་ཉན།   བྱ་འདི་རྣམས་དཔའ་བོ་དཔའ་མོའི་རྣམ་འཕྲུལ་ཤ་སྟག་རེད་གསུངས། སྐབས་ཤིག་ལ་ཞབས་དཀར་རིན་པོ་ཆེས། རྗེ་བཙུན་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེས་མདོ་སྔགས་སྤྱི་དང་ཁྱད་པར་གསང་སྔགས་བསྐྱེད་རྫོགས་གཉིས་ཉམས་བཞེས་ཀྱི་གཙོ་བོར་མཛད་པ་ལ་རྗེས་སུ་ཡི་རང་སྐྱེས་ནས་མགུར་གླུ་འདི་ལྟར་བླངས་སོ། །རང་གཞན་གཉིས་ཀྱི་དོན་དུ་ཐུགས་བསྐྱེད་ནས།  །བསམ་སྦྱོར་གཉིས་ཀྱིས་མཚན་ལྡན་བླ་མ་བསྟེན།   །བསྐྱེད་རྫོགས་གཉིས་ཀྱི་དབང་དང་གདམས་ངག་ཐོབ། །རིམ་པ་གཉིས་ལ་བག་ཆགས་བཞག་པ་ལ། །དད་གུས་གཉིས་ཀྱིས་བདག་ཡིད་རབ་གཡོས་ནས།   །ལག་པ་གཉིས་ཀྱིས་སོར་བཅུ་སྤྱི་བོར་འཁྱེར། །མདོ་སྔགས་གཉིས་ལ་བག་ཆགས་འཇོག་པ་ལ། །སངས་རྒྱས་གཉིས་པ་ཁྱེད་རང་ལྟ་བུར་མཁྱེན། །ཞེས་གསུངས་སོ། །རི་བོ་རྩེ་ལྔར་འབྱོན་ཁར་སེམས་ཅན་མང་པོ་ཚེ་ཐར་བཏང་བར་མངོན། རྣམ་ཐར་ལས།  མཚོ་སྙིང་གནས་ནས་རི་བོ་རྩེ་ལྔ་རུ། །འབྱོན་ཁར་ར་བརྒྱ་ལྷག་ཡོད་ཚེ་ཐར་བཏང་།  །ར་མ་སུམ་བརྒྱ་མཆོད་སྦྱིན་བཏང་ནས་ཕེབས། །ཞེས་གསལ། མཚོ་སྙིང་རིན་པོ་ཆེ་རི་བོ་རྩེ་ལྔར་མ་ཕེབས་སྔོན་མཚོ་སྙིང་དུ་ལོ་བཅུ་གཉིས་ལ་མཚམས་བཞུགས་མཛད་ཅེས་རྣམ་ཐར་ལས་གསུངས་སོ། །

47.2K