༄༅། །མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་གཟི་ཡི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །༢

ལྔ་བ། རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་པའི་སྐོར།

   རབ་བྱུང་བཅུ་བཞི་བའི་ས་མོ་སྤྲུལ་གྱི་ལོ་སྟེ་སྤྱི་ལོ་༡༨༠༩ཟླ་བ་དང་པོའི་ནང་དུ་རྗེ་བཙུན་བསྟན་འཛིན་ཉི་མ་རིན་པོ་ཆེ་ཁོང་དཔོན་གཡོག་རྣམས་མཚོ་སྙིང་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་འབྲེལ་འཇོག་ཏུ་ཕེབས་པའི་ཚེ། ཞབས་དཀར་རིན་པོ་ཆེ་ནས་ཕེབས་རྫོངས་སུ་ཕྲུག་གཟན་དང་། རྡོར་དྲིལ། སྨན་རྩི་ཡུག་བཅས་ཕུལ་ནས་འདི་ལྟར་ཞུས། ལྷོ་འཛམ་གླིང་གི་རྒྱན་གཅིག་པུ། །སྟེང་ཉི་མ་སྐུ་ཁམས་བདེ་བར་བཞུད། །གླིང་གཞན་གསུམ་བསྐོར་ནས་རིང་མིན་དུ། །ཞལ་མྱུར་ཏུ་མཇལ་བའི་སྨོན་ལམ་ཐོབ།  །ཤར་ཆུ་བོ་གངྒཱའི་རྒྱན་གཅིག་པུ། །ཉ་གསེར་མིག་སྐུ་ཁམས་བདེ་བར་བཞུད།  །ཕྱིའི་རྒྱ་མཚོ་བསྐོར་ནས་རིང་མིན་དུ། །ཞལ་མྱུར་ཏུ་མཇལ་བའི་སྨོན་ལམ་ཐོབ།  །ཤིང་འདབ་རྒྱས་ཡལ་གའི་རྒྱན་གཅིག་པུ།      །བྱ་ཁུ་བྱུག་སྐུ་ཁམས་བདེ་བར་བཞུད། །ཡུལ་ཐག་རིང་བསྐོར་ནས་རིང་མིན་དུ། །ཞལ་མྱུར་ཏུ་མཇལ་བའི་སྨོན་ལམ་ཐོབ། །བུ་བདག་གི་སྤྱི་གཙུག་རྒྱན་གཅིག་པོ། །ཕ་བླ་མ་སྐུ་ཁམས་བདེ་བར་བཞུད། །ཡུལ་ཐག་རིང་བསྐོར་ནས་རིང་མིན་དུ།  །ཞལ་མྱུར་ཏུ་མཇལ་བའི་སྨོན་ཐོབ། །ཅེས་ཕུལ་བས་ཁོང་གིས་ལན་དུ་ཞབས་དཀར་ཚང་ལ་གསོལ་རས་དང་ཞལ་ཏ་མང་པོ་གནང་ནས་ཕེབས་ཁར་ཁ་བཏགས་འཇམ་ཐག་རིང་པོ་ཞིག་བསྩལ་ནས་འདི་སྐད་གསུངས་སོ། །འཛམ་གླིང་སྐུ་ཁམས་བདེ་མོ་རུ་སྡོད་དང་། །ཉི་མ་གླིང་བཞི་བསྐོར་བ་ལ་ཆས་འགྲོ། །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་།     །མྱུར་ཏུ་འཛམ་གླིང་ཉི་མ་གཉིས་འཕྲད་ཡོང་། །གངྒཱ་སྐུ་ཁམས་བདེ་མོ་རུ་སྡོད་དང་། །གསེར་ཉ་རྒྱ་མཚོ་འགྲིམ་པ་ལ་ཆས་འགྲོ། །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་། །མྱུར་ཏུ་ལྗོན་ཤིང་ཁུ་བྱུག་གཉིས་འཕྲད་ཡོང་། །བུ་ཁྱོད་སྐུ་ཁམས་བདེ་མོ་རུ་སྡོད་དང་། །ཕ་རྒན་རི་བོ་རྩེ་ལྔ་ལ་ཆས་འགྲོ།   །ད་ལྟ་ཡུད་ཙམ་སོ་སོ་རུ་བྲལ་ཡང་།   །མྱུར་ཏུ་རྣལ་འབྱོར་དཔོན་སློབ་གཉིས་འཕྲད་ཡོང་།   །ཞེས་གསུངས་ཤིང་དེར་འཚོགས་པའི་ཡོན་བདག་ཕོ་མོ་སྔར་ཡུད་རིང་འདྲིས་པ་རྣམས་ལ་ཆོས་དང་མཐུན་པའི་བསླབ་བྱ་མང་པོ་གནང་བས། ཐམས་ཅད་ཀྱིས་ཁོང་ཐག་རིང་ལ་ཕེབས་པ་ལ་སེམས་འཕྲེང་ནས། མཆི་མ་གཏོང་མཁན་མང་པོ་བྱུང་། ཁོང་རིན་པོ་ཆེ་དཔོན་སློབ་མཚོའི་དར་དཀར་གྱི་ལྷ་ལམ་བརྒྱུད་ནས་ཕེབས་ཤིང་། ཉི་མ་ཁ་ཤས་ཀྱི་འཕྲོ་ནས་སློབ་བུ་ཐུབ་བསྟན་རྒྱ་མཚོ་དང་། ལྷ་རམས་པ་གཉིས་ཀྱང་ཁོང་དང་མཉམ་དུ་རི་བོ་རྩེ་ལྔར་འགྲོ་བ་ཡིན་ཞེས་བུད་སོང་བས། གློ་བུར་དུ་མཚོ་སྙིང་སྟོང་ཆགས་སེ་བྱུང་བས་ཞབས་དཀར་རིན་པོ་ཆེ་སེམས་སྐྱོ་བ་ཞིག་ཀྱང་བྱུང་། དེ་ནས་ཁོང་དཔོན་སློབ་རྣམས་ཐོག་མར་བྲག་དཀར་སྤྲེལ་རྫོང་ལ་གནས་བསྐོར་དུ་ཕྱིན་ཏེ་ཕྱིར་འཁྲུངས་ཡུལ་ཕྱོགས་སུ་ཕེབས་པའི་ལམ་བར་དུ་འབལ་གྱི་ས་ཆར་ཐར་ཤུལ་རྡོ་རྗེ་རབ་བརྟན་བྱ་བ་ཆོས་ལ་དད་ཅིང་། ལས་འབྲས་ལ་རྩིས་འཇོག་ཆེ་བ། ཕུང་བོ་གསུམ་པའི་མདོ་ལ་རྒྱུན་དུ་ཁ་ཏོན་བྱེད་པ་དེས་མཚོ་སྙིང་རིན་པོ་ཆེ་དཔོན་སློབ་ཁྱིམ་ལ་གདན་དྲངས་ཏེ་གསོལ་རས་སྣ་ཚོགས་ཕུལ་ནས་ཐུགས་གཏད་ཀྱི་གསོལ་འདེབས་ཞུས།   མཚན་མོ་དེར་མཚོ་སྙིང་རིན་པོ་ཆེ་མཚན་ལམ་ཡག་པོ་ཞིག་རྨིས་པས།   ཕྱི་ཉིན་རྡོ་རྗེ་རབ་བརྟན་ལ་མདང་གི་ངའི་རྨི་ལམ་ལ་བརྟགས་ན་མི་རིང་བར་ཁྱེད་ཚང་ལ་སྐྱེས་བུ་དམ་པ་ཞིག་འཁྲུངས་པར་ངེས།   གཙང་སྤྲ་ལེགས་པོ་གྱིས་གསུངས། དེའི་ཕྱི་ལོ་དངོས་གནས་ཁྱིམ་དེར་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་འཁྲུངས་པའི་ཚུལ་ནི། བློ་བཟང་བསྟན་པ་རྒྱ་མཚོ་དང་དགེ་འདུན་བསྟན་པ་དར་རྒྱས་གཉིས་ཀྱིས་བརྩམས་པའི་རྗེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་དུའང་གསལ་བོར་འཁོད་ཡོད་དེ། དེ་ལྟར་སྐུ་བལྟམས་པ་དང་ཡུམ་གྱི་མངལ་ན་གནས་པའི་སྐབས་ཁྱིམ་དེར་བཀྲ་ཤིས་པ་དང་།      ཡུམ་གྱི་ལུས་སེམས་ལྷག་པར་བདེ་བ་དང་། སྦྲ་སྟེང་དུ་འཇའ་ཚོན་གྱི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མང་བོ་བྱུང་ཞིང་སྒོ་དམར་སྨྱུང་གནས་པ་ཚང་ཟེར་བའི་གནས་བརྟན་འདུལ་བ་འཛིན་པ་མཚོ་སྙིང་དུ་ཡུན་རིང་བོར་བཞུགས་ནས་སྨྱུང་གནས་སྟོང་ལྷག་བསྲུངས་ཏེ། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལ་ཤིན་ཏུ་འབད་པས་ཡི་དམ་གྱི་ཞལ་གཟིགས།  ཆུ་བྱའི་སྐད་ཐམས་ཅད་ཀྱང་མ་ཎི་ཡི་གེ་དྲུག་མའི་སྒྲར་ལྷང་ལྷང་གསན་པ་དེ་ཉིད་ཀྱི་མཚན་ལམ་དུ་། ཆོས་གོས་ངུར་སྨྲིག་གསོལ་བའི་བཙུན་པ་གསུམ་རྒྱང་རིང་བོ་ནས་འོང་བ།      དམ་པ་འདི་ཉིད་ཀྱི་ཡུལ་བའི་ཁྱིམ་དང་ཉེ་བར་བསླེབས་པ་ན་བཙུན་པ་གཅིག་འཁར་རྔ་ཞིག་དང་། གཅིག་རྡུང་བྱེད་ཀྱི་དབྱུག་གུར་གྱུར་ཏེ། བཙུན་པ་གཅིག་གིས་རྡུང་བཞིན་ཁྱིམ་དེར་འགྲོ་བ་རྨིས་པས་ཞལ་ནས་བྱིས་པ་ཡ་མཚན་ཅན་ཞིག་སྐྱེ་བའི་རྟགས་རེད་ཅེས་གསུངས། ཞེས་བཤད་པ་དེ་ནི་ཤིན་ཏུ་མད་དོ།  །དེ་ནས་འཁྲུངས་ཡུལ་སྒོ་དམར་བརྒྱུད་དེ་གཉའ་གོང་བྲག་དཀར་ལ་སླེབས།    ཕྱི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོན་ནས་ཨ་ལག་ཤ་བསྟན་དར་ལྷ་རམས་པ་སོགས་ལ་མཇལ་བར་གསལ།    རྟོགས་བརྗོད་དད་པའི་རོལ་མཚོ་ལས།  དེ་ནས་དཔལ་གྱི་བདེ་མཆོག་ཕོ་བྲང་དངོས།  །གཉའ་གོང་བྲག་དཀར་གནས་འབྲེལ་འཇོག་པར་ཕེབས།  །ཕྱི་ཉིན་མདོ་སྨད་བསྟན་པའི་འབྱུང་གནས་ཞེས།              །གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་སླེབས། །ཉིད་ཀྱི་སློབ་བུ་ཨ་རིག་འཇིགས་མེད་བརྒྱུད། །བསྟན་དར་ལྷ་རམས་པ་དང་ལྷན་འཛོམས་བྱུང་།    །ཕན་ཚུན་གླེང་མོལ་བྱས་ནས་ཐུགས་མཉེས་མཛད། །ཕར་ལ་བེའུ་བུམ་སྔོན་པོའི་རྩ་འགྲེལ་དང་། །སྐལ་ལྡན་མགུར་འབུམ་དང་ནི་ལྕང་སྐྱ་ཡི།  །སྨྱུང་གནས་ཆོ་གའི་ལུང་སོགས་ཕུལ་བ་དང་། །ཚུར་ལ་བྱང་སེམས་རྭ་སྒྲེང་བློ་སྦྱོང་དང་།       །དིང་རི་བརྒྱད་ཅུ་བ་ཡི་ལུང་སོགས་ཕུལ། །རི་བོ་རྩེ་ལྔར་འགྲོ་བའི་རྒྱུ་མཚན་ཞུས།   །དེ་ལྟར་ཡིན་ན་ངེད་ཀྱི་ཕ་ཡུལ་བརྒྱུད། །འགྲོ་དགོས་ཞུས་ནས་ཨ་ལག་ཤ་ཡི་ཡུལ། །གཡོན་དགེ་བླ་མར་ངོ་སྤྲོད་ཡི་གེ་བསྐུར། །ཅེས་པ་ལྟར་རོ།    །དེ་ནས་འབུམ་གླིང་དང་། མཆོད་རྟེན་དཀར་པོ། ལོ་ཀྱ་ཏུང་སོགས་བརྒྱུད་ཀུང་བུའུ་ཞེས་པའི་མཁར་དུ་སླེབས། དེ་དང་ཐག་མི་རིང་བའི་སར་གཙུག་ལག་ཁང་གི་མཆོད་རྟེན་གོ་མ་ས་ལར་མཇལ།    རྒྱ་རྣམས་ཀྱིས་མཆོད་རྟེན་འདི་སངས་རྒྱས་ཀྱིས་ལུང་བསྟན་པའི་གླང་རུ་ལུང་བསྟན་གྱི་གཙུག་ལག་ཁང་མཆོད་རྟེན་གོ་མ་ས་ལ་གནང་ཧར་ཡིན་ཟེར། དེ་ནས་ཉིང་ཞ་མཁར་ལྕགས་རི་ཤིན་ཏུ་རྒྱ་ཆེ་བའི་གྲོང་ཁྱེར་ནང་དུ་དུས་གསུམ་སངས་རྒྱས་སོགས་བཞུགས་པ།   དེ་ནས་ཨ་ལགས་ཤ་སོགས་བརྒལ་ནས་འཇམ་དཔལ་དབྱངས་ཀྱི་ཞིང་མཆོག་རི་བོ་རྩེ་ལྔའམ་རི་བོ་དྭངས་གསལ་བྱ་བའི་གནས་མཆོག་དེར་སླེབས། ཉིན་མཚན་མང་པོ་ཞབས་ཐང་ལ་བྱོན་པས་ཉིན་གཉིས་ལ་ངལ་གསོ་བྱས་ཏེ། ཉིན་གསུམ་པ་ནས་གནས་ཆེན་འདིའི་ལྟེ་བ་ན་བཞུགས་པའི་ནོར་བུ་ཆེན་པོའི་མཆོད་རྟེན་བྱ་བ་དེའི་མདུན་དུ་མཆོད་འབུལ་དང་ཕྱག་འཚལ་བའི་སྐབས་སུ།    དེར་བཞུགས་ཀྱི་རྒྱའི་གནས་བརྟན་ཚང་མས་ནམ་མཁར་གཟིགས་ཏེ་དེ་རིང་གི་ཉི་མ་འདི་ཡ་མཚར་ཞེས་ལྟ་བཞིན་འདུག  ཁོང་རྣམས་ཀྱང་བལྟས་པས་ཉི་མ་ལ་གདུགས་རིམ་པ་གསུམ་གྱིས་བསྐོར་ཡོད་པ་མཐོང་།   ད་ཅིའི་རྒྱའི་གནས་བརྟན་གྲས་ནས་གནས་བརྟན་རྒན་པ་སྨིན་མ་དང་སྨ་ར་ཡོངས་སུ་དཀར་པོར་གྱུར་བ་ཞིག་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་དྲུང་དུ་ཡོང་ནས། ཁྱེད་ཀྱི་མཚན་ལ་ཅི་ཟེར།  ང་འདིར་འོངས་ནས་ལོ་དོན་གསུམ་འགོར་ཡང་འདི་འདྲ་མཐོང་མ་མྱོང་།   ཁྱེད་རང་སྐྱེས་བུ་དམ་པ་ཞིག་ཡིན་སྲིད་ཀྱི་རེད་ཅེས་ཞུས་ནས་ཤིང་ཏོག་གསུམ་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་ཕྱག་ཏུ་ཕུལ། ཅོ་ནེའི་གྲྭ་བ་བརྩོན་འགྲུས་ཟེར་བ་ལོ་མང་པོ་དྭངས་གསལ་རི་བོར་བསྡད་མྱོང་བ་དེས་ལོ་ཙཱ་བྱེད་དེ། ཁོང་གི་མཚན་ལ་བསྟན་འཛིན་ཉི་མ་ཟེར་ཞེས་བཤད་པས།  གནས་བརྟན་དེ་ན་རེ། ཁོང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་བ་མ་ཡིན་ནམ་ཞེས་གུས་ཕྱག་ཅིག་བཙལ་ཏེ་ཕྱིར་ལོག    རྣམ་ཐར་ལས། རྒྱ་ནག་ཕྱོགས་སུ་སྔོན་མེད་ཉི་མ་ཤར། །ཞེས་པའི་དོན་ནི་གོང་གི་གནས་ཚུལ་དེ་ལ་གོ་དགོས་པར་བདག་གིས་སེམས་སོ། །དེ་ནས་ལྕང་སྐྱ་རོལ་བའི་རྡོ་རྗེའི་དགོན་པ་ཀུན་བདེ་ཚལ།  སྒྲུབ་ཁང་ཨེ་ཝམ་དགའ་འཁྱིལ་དང་། ཧོ་མུའུ་ཏུང་བྱ་བ་རྡོ་རྗེ་ཕག་མོའི་མཚན་མ་རང་བྱུང་མཆིས་པའི་སྒྲུབ་ཕུག     ཟླ་བ་གསལ་བའི་རྫིང་བུ།     ནོར་བཟང་ཕུག    སྤྱན་རས་གཟིགས་ཀྱི་ཕུག་པ། སྡོང་བོ་བཀོད་པའི་སྦུག   སངས་རྒྱས་སྟོང་གི་ཕུག་པ།   པད་དཀར་ཕུག     ཕུ་ཤན་ཐ་སྟེ་ཀུན་བཟང་མཆོད་རྟེན། བསམ་གཏན་སྦུགའཇམ་དཔལ་གྱི་ཆོས་ཁྲི། འཇམ་དཔལ་གྱི་དབུ་སྐྲའི་མཆོད་རྟེན། ཤེར་ཕྱིན་གྱི་ཆུ་མིག    དགྲ་བཅོམ་ཕུག   པད་དཀར་རྫིང་བུ།   འཇམ་དཔལ་སྡེ་ཆེན།  སེ་རའི་བྱམས་ཆེན་ཆོས་རྗེ་ཡུན་རིང་བཞུགས་པའི་ཀུན་ཏུ་ཁྱབ་པའི་ལྷ་ཁང་། ཤེར་ཕྱིན་གྱི་ལྷ་ཁང་། སྒྲ་གཅན་འཛིན་གྱི་ལྷ་ཁང་སོགས་མདོར་ན་ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་སྒྲུབ་ཕུག་དང་། ལྷ་ཁང་། དགོན་སྡེ། གནས་རི་ཡོད་ཚད་ཧ་ལམ་མ་མཇལ་བ་གཅིག་ཀྱང་མེད་སྙམ་པའི་ཞིབ་མཇལ་མཛད་ཅིང་།  འགའ་རེར་ཉིན་ཞག་བདུན་དང་།     ཁ་ཅིག་ལ་ཉིན་གསུམ་རེར་བསྡད་དེ་མཆོད་འབུལ་དང་སྨོན་ལམ་ཅི་མང་བཏབས།  གོང་འཁོད་ཀྱི་ནང་དོན་ཕལ་ཆེར་ཞིག་རྟོགས་བརྗོད་དད་པའི་རོལ་མཚོ་ལས་ཀྱང་གསལ་ཏེ།  རྒྱལ་བའི་ཞིང་མཆོག་དྭངས་གསལ་རི་བོ་རུ།  །སླེབས་རྗེས་ཉིན་གཉིས་ཙམ་ལ་ངལ་གསོ་གནང་། །དེ་ནས་གནས་འདིའི་ལྟེ་བར་བཞུགས་པའི་རྟེན། །ནོར་བུ་ཆེན་པོའི་མཆོད་རྟེན་མདུན་ངོས་སུ།   །མཆོད་བསྟོད་དང་ནི་གསོལ་འདེབས་བྱེད་པའི་སྐབས།  །སྔོན་མེད་ཉི་མ་གདུགས་གསུམ་ཤར་བ་དེ། །རྒྱ་ཡི་ཧ་ཤང་རྒན་གཞོན་ཀུན་མཐོང་བས། །འདི་འདྲ་མཐོང་བ་ད་རེས་ཙམ་ཡིན་ཞེས། །ཡང་ཡང་བརྗོད་པའི་གཏམ་དེ་ཀུན་གྱིས་གསན།  །དབུ་སྐྲ་དང་ནི་སྨ་ར་སྨིན་མ་སོགས།  །དུང་ལྟར་དཀར་པོའི་གནས་བརྟན་རྒན་པོ་ཞིག །མཚོ་སྙིང་རིན་པོ་ཆེ་ཡི་སྐུ་མདུན་དུ། །འོངས་ནས་ཁྱེད་ཀྱི་མཚན་ལ་ཅི་ཟེར་དང་། །ད་ལྟ་གར་བཞུགས་ཕྱིས་སུ་གར་ཕེབས་ཞེས།  །བཀའ་འདྲི་ཞུས་པས་ཡུལ་འདིར་ཡུན་རིང་དུ།    །བཞུགས་པའི་ཅོ་ནེའི་གྲྭ་བ་བརྩོན་འགྲུས་ཀྱིས། །བསྟན་འཛིན་ཉི་མ་རེད་ཅེས་ལོ་ཙཱ་བྱེད། །གནས་བརྟན་རྒན་པས་དད་པའི་གུས་ཉམས་ཀྱིས།    །ང་རང་གནས་འདིར་ཡོང་ནས་ལོ་ཡི་གྲངས། །དོན་གསུམ་འདས་ཀྱང་ཉི་མ་འདི་འདྲ་ཞིག  ། དེ་རིང་བར་དུ་མ་མཐོང་མ་ཐོས་གསུངས། །ཁྱེད་རང་བྱང་སེམས་སྒྲིབ་པ་རྣམ་སེལ་གྱི། །སྤྲུལ་བ་མིན་ནམ་ཟེར་ནས་ཤིང་ཏོག་གསུམ། །མཚོ་སྙིང་ཚང་གི་ཕྱག་ཏུ་ཕུལ་བའི་རྗེས། །གུས་ཕྱག་མཛད་ནས་གར་སོང་ཆ་མེད་གྱུར། །དེ་ནས་ལྕང་སྐྱ་རོལ་བའི་རྡོ་རྗེའི་དགོན། །ཀུན་བདེ་ཚལ་དང་སྒྲུབ་ཁང་དགའ་འཁྱིལ་དང་། །ཧོ་མའོ་ཏུང་ཞེས་བྱ་བའི་གནས་ཀྱི་མཆོག །རྡོ་རྗེ་ཕག་མོའི་མཚན་མ་རང་བྱོན་དང་། །ཟླ་གསལ་རྫིང་བུ་ནོར་བཟང་ཕུག་པའི་གནས། །སྤྱན་རས་གཟིགས་ཀྱི་ཕུག་དང་པད་དཀར་ཕུག  །སྡོང་བཀོད་སྦུག་དང་སངས་རྒྱས་སྟོང་གི་ཕུག  ། ཕུ་ཤན་ཐ་སྟེ་ཀུན་བཟང་མཆོད་རྟེན་དང་།  །བསམ་གཏན་སྦུག་དང་འཇམ་དཔལ་ཆོས་ཀྱི་ཁྲི།    །འཇམ་དཔལ་དབྱངས་ཀྱི་དབུ་སྐྲའི་མཆོད་རྟེན་དང་། །ཤེར་ཕྱིན་ཆུ་མིག་དང་ནི་དགྲ་བཅོམ་ཕུག །པད་དཀར་རྫིང་དང་འཇམ་དཔལ་ཆོས་ཀྱི་སྡེ། །བྱམས་ཆེན་ཆོས་རྗེ་ཡུན་རིང་བཞུགས་པའི་གནས། །ཀུན་ཁྱབ་ལྷ་ཁང་ཤེར་ཕྱིན་ལྷ་ཁང་དང་། །སྒྲ་གཅན་འཛིན་གྱི་ལྷ་ཁང་ལ་སོགས་པ། །མདོར་ན་ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི། །ལྷ་ཁང་བརྒྱ་རྩ་རིམ་གྱིས་ཞིབ་མཇལ་མཛད། །འགའ་རེར་ཉིན་བདུན་ཁ་ཅིག་ཉིན་གསུམ་རེར། །བསྡད་དེ་ཚོགས་ཞིང་སྒོམ་སྒྲུབ་ཤུགས་དྲགས་མཛད། །དེ་དུས་རྒྱ་ཡི་བྱིས་པ་བོང་བཞོན་ཞིག །ཡོང་ནས་མཚོ་སྙིང་ཚང་ལ་གོས་འཇམ་གྱིས། །བཞེངས་པའི་རིགས་ལྔའི་དབུ་རྒྱན་སྤུས་ལེགས་ཤིག  །འདི་ནི་ཁྱེད་ཀྱི་ཡིན་ནམ་ཟེར་ནས་ཕུལ། །ཕྱིས་སུ་མཚོ་སྙིང་ཚང་གི་ཞལ་སྔ་ནས། །དེ་ནི་རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཀྱིས།     །བྱིས་པའི་ཚུལ་གྱིས་རྗེས་སུ་བཟུང་བའི་བརྡའ།  །ཡིན་པར་གོ་ཞེས་སློབ་བུ་གཉིས་ལ་གསུངས།   །ཞེས་གསུངས།     དང་ཐོག་མཚོ་སྙིང་ཚང་རི་བོ་རྩེ་ལྔར་འགྲོ་སྐབས་ཚེ་སྨད་ལ་གནས་དེར་བསྡད་དེ་ལུས་སྤང་དགོས་པའི་ཐུགས་དགོངས་མཆིས་ཀྱང་། སྒོ་མེ་ལྷ་རམས་པ་དང་ཉེ་གནས་བློ་བཟང་དོན་གྲུབ་གཉིས་ལ་ས་ཆུ་མ་འཕྲོད་ནས་ཤིན་ཏུ་ན་ན་ཡང་ད་དུང་བླ་མ་རིན་པོ་ཆེ་དང་ཁ་མི་འབྲལ་ཞེས་མཆི་མ་ཤོར་བར་བལྟས་པས། བརྩེ་བས་མ་བཟོད་དེ། ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་།  དེ་ནས་འདན་ཀློང་ཐང་ཕྱོགས་ཀྱི་སྤྲུལ་སྐུ་དཔོན་གཡོག་གསུམ་དང་། མི་སྐྱ་བཟའ་བ་གཉིས། ཅོ་ནེའི་གྲྭ་བ་བརྩོན་འགྲུས་སོགས་ཀྱང་མཚོ་སྙིང་རིན་པོ་ཆེ་དང་མཉམ་དུ་འགྲོ་རྒྱུ་ཐག་བཅད་ནས་ཁོང་དཔོན་སློབ་ཉི་ཤུ་ལྷག་ཕ་ཡུལ་དུ་ལམ་ལ་ཆས། མཁར་རྙིང་ཞེས་པའི་གྲོང་བརྡལ་ཞིག་དང་ཉེ་སར་ཇ་བསྐོལ་ནས་ངལ་གསོ་བའི་སྐབས། རྒྱ་དཔོན་རྟ་བཞོན་ཅན་ཞྭ་ལ་ཏོག་ཡོད་པ་དེའི་སྔ་གཞུག་ཏུ་དམག་ཆས་སྤྲད་པ་དང་རྟ་འཁྲིད་མཁན་གྱི་སྐུ་འཁོར་མི་སྣ་སུམ་ཅུ་ལྷག་གྲལ་བསྒྲིགས་ནས་འོངས་པ་དང་འཕྲད།  དེ་དག་ཉེ་སར་ཐོན་སྐབས་རྒྱ་དཔོན་དེའི་ཕྲག་པ་གཡོན་ན་མིང་མི་ཤེས་པའི་བྱ་ཞིག་ཡོད་པ་དེ་ཚུར་འཕུར་འོངས་ཏེ།  མཚོ་སྙིང་རིན་པོ་ཆེའི་བང་དུ་བསྡད་ཅིང་། དགའ་བའི་ཉམས་ཀྱིས་ཅ་ཅོར་སྒྲོགས་པ་དང་བསྐོར་བ་རྒྱག་པའི་ཚུལ་བྱས་པས། ཐམས་ཅད་ཀྱིས་མཚར་སྣང་སྐྱེས། རྒྱ་དཔོན་དེས་ངའི་བྱ་འདི་ལོ་མང་པོར་ང་མ་གཏོགས་མི་གཞན་སུ་ལའང་འཁོར་མ་མྱོང་ཡང་། དེ་རིང་ཁྱེད་ཀྱི་བང་དུ་འཕུར་བ་མ་ཟད་ད་དུང་ངོ་ཤེས་པ་བཞིན་བྱེད་པ་འདི་ཡ་མཚན། ཁྱེད་རང་སུ་ཡིན་ཟེར། མཚོ་སྙིང་རིན་པོ་ཆེ་དར་ཅིག་ལ་ཅི་ཡང་མི་གསུངས་པར་ཏིང་ངེ་འཛིན་ལ་བཞུགས་ཀྱང་།   དེ་ནས་ཅང་མ་འགོར་བར་ཞལ་ནས། བྱ་འདི་ཁྱེད་ཀྱི་ཨ་ཅེའི་རྣམ་ཤེས་རེད། ཁྱེད་རང་ན་ཆུང་ཡིན་དུས།  ཁྱེད་ཚང་གི་རྒྱ་སྒོའི་ཐད་ཡོ་འབོག་སྡོང་བོ་ཞིག་ཡོད་པར།  སྐུ་ཉིད་དང་ཨ་ཅེ་ལགས་གཉིས་རྒྱུན་དུ་སྡོང་འཛེག་འགྲན་འཛུགས་ཀྱིས་རྩེད་མོ་རྩེ་ཞིང་།   ཕན་ཚུན་བརྩེ་མདངས་ཀྱང་ཤིན་ཏུ་ཆེ། ཡིན་ནའང་མི་རིང་བར་ཨ་ཅེ་ནད་ཀྱིས་ཐེབས་ཏེ་ཤི་བ་བྱ་འདིའི་སྐྱེ་བ་བླངས་ཀྱང་སྐུ་ཉིད་དང་ཕ་མ་རྣམས་དྲན་ནས། རྟག་ཏུ་ཁྱེད་ཚང་གི་ཡོ་འབོག་སྡོང་པོའི་སྟེང་འཕུར་འོངས་སྐབས་ཁྱེད་ཀྱིས་བཟུང་། དུས་དེ་ནས་བཟུང་ཁྱེད་དང་ཁ་བྲལ་མ་མྱོང་བ་བདེན། འོན་ཏེ། འཇིག་རྟེན་འདིར་སྐྱེས་པ་ཡོད་ཚད་མཐའ་མར་འབྲལ་དགོས་པ་ཆོས་ཉིད་ཡིན་པས་དེ་རིང་ཁྱེད་དང་ཁ་བྲལ་ནས་ངའི་སར་ཡོང་བའང་གནས་ལུགས་དེ་བསྟན་པ་རེད་ཅེས་གསུངས་པ་ཅོ་ནེ་བརྩོན་འགྲུས་ཀྱིས་ལོ་ཙ་བྱས་པས། རྒྱ་དཔོན་དེ་རྟ་ལས་བབས་ཏེ་རྒྱ་སྲོལ་གྱི་ལུགས་ལྟར་མཚོ་སྙིང་རིན་པོ་ཆེ་ལ་ཕྱག་གསུམ་བཙལ་ནས། ད་ཅི་ཁྱེད་ཀྱིས་གསུངས་པ་ཚང་མ་བདེན་པ་ཡིན། ང་ལ་ཨ་ཅེ་ཞིག་ཡོད་པ་ནད་ཀྱིས་ཤི་ཞིང་། བྱ་འདི་ཡང་ངེད་ཚང་གི་ཡོ་འབོག་སྡོང་པོའི་སྟེང་ནས་བཟུང་བའང་ཧ་ཅང་བདེན་ཞེས་དད་གུས་ཚད་མེད་སྐྱེས་ཏེ། ཁོང་དཔོན་སློབ་ཉི་ཤུ་ལྷག་གི་ལམ་བར་གྱི་བཟའ་བཏུང་ཚང་མ་འགན་ཁུར་ཏེ་ལྟ་སྐྱོང་དཔེ་མེད་མཛད། དམག་ཕྲུག་ཚོས་ཀྱང་བྱ་སྐད་མཁྱེན་པའི་བླ་མ་ཞེས་གོང་དུ་བཀུར།  དེ་ནས་མི་དཔོན་དེས་མཚོ་སྙིང་ཚང་ལ་ཁོའི་རྟ་ཁྱེད་ཀྱིས་བཅིབ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པས། མཚོ་སྙིང་རིན་པོ་ཆེས། ང་ཚེ་འདིར་ཡོང་ནས་ད་ལྟའི་བར་ས་གང་ལ་སོང་ཡང་ཆིབས་རྟ་བཞོན་མ་མྱོང་ལ། ད་ལྟའང་མི་ཞོན་ལ། ཕྱིས་སུའང་བཞོན་རྒྱུ་མ་རེད་གསུངས་ཕྱིན། རྒྱ་དཔོན་དེས་ལྷག་པར་དུ་དད་ནས་མཚམས་རེར་ཁོས་ཀྱང་རྟ་མི་ཞོན་པར་རྐང་ཐང་ལ་འགྲོ་བ་སོགས་བྱེད། ཉིན་ཞིག་ལ་མི་དཔོན་དེས། ཁྱེད་ཚོ་བོད་ཀྱི་བླ་མ་རྣམས་ས་དེ་འདྲ་ཐག་རིང་པོ་ནས་རི་བོ་རྩེ་ལྔར་མཇལ་དུ་ཕེབས་པའི་རྒྱུ་མཚན་ཅི།  བོད་ལ་འདི་འདྲ་གནས་རི་མེད་དམ་ཟེར་བའི་ལན་དུ། མཚོ་སྙིང་རིན་པོ་ཆེ་ནས།    རྒྱ་ནག་རི་བོ་རྩེ་ལྔ་འདི་སངས་རྒྱས་ཤཱཀྱ་ཐུབ་པས་དངོས་སུ་ལུང་བསྟན་པའི་གནས་ཡིན་པས་གནས་གཞན་དང་མི་འདྲ་སྟེ། འཇམ་དཔལ་རྩ་རྒྱུད་ལས། རྒྱ་དང་རྒྱ་ནག་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་འགྲུབ་འགྱུར།     །ཞེས་དང་།    བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ། །འཇམ་པའི་དབྱངས་ནི་འོད་ཆེན་པོ།    །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །གྲུབ་པའི་ཞིང་མཆོག་དམ་པ་ལ། །མི་ནི་ཡོངས་སུ་སྒྲུབ་པར་འགྱུར།  །ཞེས་གསུངས་པའི་གནས་ཁྱད་པར་ཅན་ཡིན་ཞིང་། གནས་འདིར་འཇམ་དབྱངས་བསྒྲུབ་ན་སྒྲུབ་ཐག་མྱུར་ཞིང་། དེ་ལ་བརྟེན་ནས་འཚང་རྒྱ་བའི་ལམ་མྱུར་བ་སོགས་རྒྱུ་མཚན་དང་འབྲེལ་ནས་གསུངས་པས། མི་དཔོན་གྱིས་ཀྱང་ཡང་དག་པར་རྟོགས་པའི་ངེས་ཤེས་འདྲོངས། སྐྱབས་འགྲོ་དང་མ་ཎི་བཅས་ཀྱི་ལུང་ཡང་བསྩལ། ཁ་ཏོན་མ་ཆད་པར་གྱིས་དང་ཁྱེད་ཀྱི་རྒྱུད་ནས་རིགས་རྒྱུད་བཟང་བོ་རྒྱུན་མི་ཆད་པར་འོང་ཞེས་ཞལ་སློབ་ཀྱང་གནང་། རྗེས་སུ་ཇང་ཡི་ཕུ་ཟེར་བའི་མཁར་ཆེན་དེ་ནས་ཁ་བྲལ་སྐབས་མི་དཔོན་འཁོར་གྱིས་སེམས་འཕྲེང་ནས་མཆི་མ་མང་དུ་ཤོར་བས་མཚོ་སྙིང་རིན་པོ་ཆེ་ཁོང་དཔོན་སློབ་རྣམས་ཀྱང་སེམས་སྐྱོ་བ་ཞིག་བྱུང་ཟེར། དེ་ནས་རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་རྟའི་ལོ་སྟེ་སྤྱི་ལོ་༡༨༡༠ལོའི་དགུན་ཁར་སླར་མཚོ་མཇུག་མཚེར་བ་རིར་བྱོན། དེ་དུས་ཞབས་དཀར་རིན་པོ་ཆེའི་སློབ་བུ་ཀུན་བཟང་རང་གྲོལ་མཚོ་ཁ་ནས་བྲག་དཀར་སྤྲེལ་རྫོང་དུ་ཞབས་དཀར་ཚང་མཇལ་བར་ཕེབས་པ་གཏམ་གསན་ནས་འཕྲིན་བསྐུར་བའི་ནང་དོན་འདི་ལྟར། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྤྲང་རི་འཛིན་རྣམས་ལ་བྱིན་གྱིས་རློབས། །ཞེས་པ་ནས། ལྷ་དང་བླ་མའི་ཐུགས་རྗེ་ཡིས།    །བདག་ཅག་དཔོན་སློབ་ཐམས་ཅད་ནི།  །རི་བོ་རྩེ་ལྔར་བདེ་བར་སླེབས། བསམ་པ་མཐའ་རུ་ཕྱིན་ནམ་སྙམ།       །ཁོ་བོའི་གོ་ཆ་འཛིན་ཚུལ་ནི། །གནས་དེར་རུས་གོང་བཞག་ན་རབ།   །མིན་ཀྱང་ལོ་ཤས་འདུག་ཐག་བཅད། །སྔོན་གྱིས་བསགས་པའི་ལས་དབང་གིས།  །འཕྲལ་རྐྱེན་ཉེ་གནས་ཤིག་ལ་ནི། །ས་ཆུ་མ་འཕྲོད་སྲོག་ལ་ཐུག   །སྙིང་རྗེས་མ་བཟོད་ཡོང་དགོས་ཤར། །རིན་ཆེན་རྣམ་གསུམ་བཀའ་དྲིན་གྱིས། །ལམ་ལ་བྱང་ཆུབ་སེམས་ལྡན་པའི། །རིགས་རྒྱུད་བཟང་པོའི་དཔོན་དང་ཕྲད།   །དྲིན་ཅན་དེ་ཡི་ཐུགས་རྗེ་ཡིས། །དཀའ་ལས་ངལ་དུབ་མེད་པར་སླེབས།  །དེང་དུས་མཚོ་མཇུག་རི་བོ་ན།  །བློ་ཕབ་བདེ་བར་གནས་པའི་སྐབས།     །ཨ་མའི་ན་བཟའ་གསོལ་ཙ་ན། །གནས་དེར་མཇལ་དུ་འགྲོ་འདོད་ཡོད།     །ཨ་མའི་ཕོ་བྲང་ཉམས་བདེ་ན།       །ཁོ་བོ་དེ་རུ་འདུག་འདོད་ཡོད།          །བུ་ཁྱོད་སེམས་ན་ཇི་ལྟར་མཆིས། །དངོས་མཇལ་བགྲོས་སོགས་ཐུབ་ན་རབ། །མིན་ཀྱང་གང་དགོངས་གསལ་བོར་སྨྲོས། །གཟིགས་རྟེན་སྟོང་བ་མིན་ཙམ་དུ། །ཀུན་བཟང་མེ་ཏོག་སྣ་ཚོགས་དང་། །བཀྲ་ཤིས་ལྷ་མཛེས་བཅས་ཏེ་ཕུལ། །ཅེས་གསལ་ལོ། །

དྲུག་པ། མཚོ་སྙིང་དུ་ལྷ་ཁང་ཐོག་མར་བཞེངས་པའི་སྐོར།

   དེ་ནས་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་དགུང་ལོ་ང་གཅིག་བཞེས་པ་ལྕགས་མོ་ལུག་གི་ལོའི་དགུན་ཁར་མཚོ་སྙིང་དུ་འོངས་པའི་མཇལ་བ་ཁ་ཤས་ཀྱི་ཁ་ནས་དྲིན་ཅན་རྩ་བའི་བླ་མ་རྗེ་འཇམ་དབྱངས་དགེ་འདུན་ཟླ་གྲགས་རིན་པོ་ཆེ་སྐུ་གཤེགས་པའི་གནས་ཚུལ་གསན་ནས་ཐུགས་ཕམ་ཆེན་པོས་མཆོད་འབུལ་དང་སྨོན་ལམ་ཤུགས་དྲགས་ཅི་གནང་དང་།     དེ་ནས་རེ་སྐོང་ཕྱོགས་ཀྱི་བླ་མ་དང་།   བཤད་སྒྲུབ་དགེ་འདུན་གྱི་སྡེ་རྣམས་དང་། ཉེ་འཁོར་གྱི་རི་དགོན་དང་། གདན་ས་ཆེན་པོ་སྐུ་འབུམ་དང་བླ་བྲང་བཀྲ་ཤིས་འཁྱིལ་རྣམས་ལ་ཐུགས་ཀྱི་དགོངས་པ་རྫོགས་ཕྱིར་བསྙེན་བཀུར་མཆོད་འབུལ་ལ་གསོལ་མཆོད་བསྐུར་བ་དང་། ར་ལུག་ཉིས་བརྒྱ་ལྷག་ཚེ་ཐར་དུ་བཏང་བ་སོགས་དགེ་བསགས་རྒྱ་ཆེན་པོ་བསྒྲུབས། ལོ་དེར་མདའ་བཞིའི་ཆན་ཧུ་དཔོན་པོས་སྔོན་ནས་ཡང་ཡང་ཨུ་ཚུགས་མཐར་སྐྱེལ་ཞུས་པ་བཞིན་ཁོའི་རུ་སྒར་དུ་ཕེབས།   དེ་གའི་དགོན་གྲོང་རྣམས་ལ་སྨྱུང་གནས་ཆོ་གའི་ལུང་བསྩལ་ནས་གནམ་གང་དང་། བཅོ་ལྔ།  ཚེས་བརྒྱད་བཅས་ལ་སྨྱུང་གནས་བསྲུང་བའི་རྒྱུན་བཙུགས། དེ་དུས་མདའ་བཞིའི་ཆན་ཧུ་ཚང་ལ་མཚོ་སྙིང་དུ་གནས་བཅུའི་ལྷ་ཁང་ཞིག་བཞེངས་རྒྱུའི་འདུན་པ་མཆིས་པའི་གནས་ཚུལ་བཤད་དེ། ཤིང་ཆ་ཉོ་རྒྱུའི་ཐད་ཁྱེད་ཚང་གིས་རོགས་སྐྱོར་བྱེད་དགོས་ཞེས་སྔོན་གྱི་ཤྭ་གཉིས་ཀྱི་རྭ་ཅོ་སྤྲད་ནས་འདི་བཙོང་སྟེ་དེའི་ཡོན་གྱིས་ཤིང་ཆ་ཉོ་བར་གྱིས་ཞེས་གསུངས། དེ་དག་གི་གནས་བབ་རྟོགས་བརྗོད་དད་པའི་རོལ་མཚོ་ལས་འདི་ལྟར་གསལ་ཏེ། སྤྱིར་ན་བླ་མཚོར་སྣང་བའི་རྟེན་འབྲེལ་དང་། །སྒོས་སུ་ཤྭ་གཉིས་དྲིན་ལན་འཇལ་བའི་ཕྱིར། །མཚོ་སྙིང་དབུས་སུ་གནས་བཅུའི་ལྷ་ཁང་ཞིག   ། བཞེངས་རྒྱུའི་སྟ་གོན་མངོན་དུ་ཕྱོགས་པའི་ཚེ། །དད་སྟོབས་ལྡན་པའི་མདའ་བཞིའི་ཆན་ཧུ་ལ། །སྔོན་གྱི་ཤ་རྭ་སྤྲད་དེ་འདི་ཉིད་ནི། །བཙོང་བའི་རིན་འབབ་ཤིང་ནགས་ཉོ་བར་གྱིས། །གལ་ཏེ་མ་འདང་ཕྱིར་ན་སྐུ་ཉིད་ནས།     །ཕྱག་རྐྱོང་རམ་འདེགས་བྱེད་རྒྱུ་མ་བརྗེད་ཅིག   ། ཅེས་གསུངས་པ་ལྟར་རོ།   །ཞབས་དྲུང་བླ་རྒན་གྱི་ཉེ་གནས་ཤིང་བཟོ་ཚེ་བརྟན་རྒྱལ་གྱིས་ལྷ་ཁང་བཞེངས་ཤིང་།   རྡོ་སྦོས་ལྷ་བཟོས་གནས་བརྟན་བཅུ་དྲུག་གི་ལྷ་སྐུ་བཞེངས་པ་སོགས་བསྡོམས་པས་ལོ་གསུམ་ལ་བཞེངས་པར་གསལ། རྟོགས་བརྗོད་དད་པའི་རོལ་མཚོ་ལས། ཞབས་དྲུང་བླ་རྒན་ཉེ་གནས་ཤིང་བཟོ་བ།      །ཚེ་བརྟན་རྒྱལ་གྱིས་ལྷ་ཁང་རྟེན་བཞེངས་བྱས།  །རྡོ་སྦོས་ལྷ་བཟོས་བྲིས་འབུར་བཞེངས་པ་དང་།   །ཚེ་འབུམ་མཁར་གྱིས་མ་ཎི་བརྐོ་བ་སོགས། །ལོ་གསུམ་རིང་ལ་ལྷ་ཁང་སྐུ་རྟེན་བཅས། །ཡོངས་སུ་བཞེངས་གྲུབ་བྱུང་བར་རབ་གནས་དང་། །རྟེན་འབྲེལ་བཟང་ཞེས་དགྱེས་སྟོན་ཆེན་པོ་མཛད། །ཅེས་པ་དང་།         འདིའི་ལོ་གསུམ་ནི་ཧ་ལམ་སྤྱི་ལོ་༡༨༡༢ནས་༡༨༡༤བར་ཡིན་ནམ་སྙམ། དེའི་སྐབས་ཡས་མས་ཤིག་ལ་སྔོན་གྱི་སྦྱིན་བདག་ཐར་ཤུལ་རྡོ་རྗེ་རབ་བརྟན་ཚང་ལ་ཕེབས་ནས་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ཁྲི་ས་མ་བཀོད་ཀྱི་བྱིས་པ་དེར་ཚེ་དབང་ཞིག་བསྐུར་ནས་ཕྱིར་མཚོ་སྙིང་དུ་ཕེབས། ཡང་སྐབས་ཤིག་ལ། སྦྱིན་པ་རྒྱ་མཚོ་ཟེར་བ་ཞབས་དཀར་རིན་པོ་ཆེའི་སློབ་མའང་ཡིན་ལ། མཚོ་སྙིང་རིན་པོ་ཆེ་ལའང་ཆོས་འབྲེལ་ཟབ་ཅིང་དད་པ་རྩེ་གཅིག་ཏུ་མཆིས་པ་དེ་མཚོ་སྙིང་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ནས།       ད་ང་གསར་རྙིང་གཉིས་ཀྱི་ལྷ་ཚོགས་ཡོངས་རྫོགས་ཚང་བའི་ཚོགས་ཞིང་ཐང་ག་ཞིག་བཞེངས་འདོད་ཡོད་པས་དེ་ཇི་ལྟར་བཞེངས་དགོས་པའི་ཐུགས་བཀོད་ཅིག་བླ་མ་རིན་པོ་ཆེ་ནས་སྩོལ་ཅེས་ཞུས་པས།  ཁོང་གི་ཞལ་ནས།  ཁྱེད་རང་སྨྱུང་གནས་མང་དུ་བསྲུང་བ་ཡིན་ཕྱིན།    ཚོགས་ཞིང་བཞེངས་ན་དབུས་སུ་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱོགས་བཅུའི་གཙོ་སྐུར་ཕྱག་སྟོང་སྤྱན་སྟོང་དང་། དེའི་གཡས་ཀྱི་ཀླད་དུ་ཆོས་སྐུ་ཀུན་ཏུ་བཟང་བོ་ལ་རྡོ་རྗེ་ཆོས་དང་དགའ་རབ་རྡོ་རྗེ། ཤྲཱི་སེང་སོགས་ཀྱིས་བསྐོར་བའི་ཞོལ་མཁན་སློབ་ཆོས་གསུམ་དང་།  རྗེ་འབངས་ཉེར་ལྔ།   རོང་ཀློང་གཉིས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་དང་།  དེའི་མཚམས་སུ་བླ་མ་ཆོས་རྒྱལ་དང་ཞབས་དཀར་རིན་པོ་ཆེ་ཚོགས་དྲུག་རང་གྲོལ་རྣམ་པ་གཉིས་ཞོག        དེའི་གཡོན་གྱི་ཀླད་ལ་སྟོན་པ་སངས་རྒྱས་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བའི་ཞོལ་ཇོ་རྔོག་འབྲོམ་གསུམ་དང་།  རྗེ་ཡབ་སྲས་གསུམ།  གཙང་བ་བདུན་བརྒྱུད།  པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་བ། ཀློང་བརྡོལ་བླ་མ་དང་རྗེ་དགེ་འདུན་ཟླ་གྲགས་སོགས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་བཞིན་དང་། ཀློང་བརྡོལ་བླ་མ་དང་རྗེ་དགེ་འདུན་ཟླ་གྲགས་གཉིས་ཀྱི་མཚམས་སུ་དད་པས་འདང་ན་ང་ཞོག་དང་རྟེན་འབྲེལ་གྱི་གནད་ཆེ།  རྫོགས་ཆེན་བླ་བརྒྱུད་ཀྱི་གཤམ་དུ་མ་གཟའ་དམ་གསུམ་དང་།   བླ་རིམ་བླ་བརྒྱུད་ཀྱི་གཤམ་དུ་མགོན་ཆོས་ལྔ་བོ་དང་། དེ་དག་གི་གཤམ་གྱི་དཀྱིལ་དུ་ཨ་མྱེས་རྨ་ཆེན་ཞོག་གསུངས་པས། སློབ་བུ་སྦྱིན་པ་རྒྱ་མཚོས་འགའ་རེས་ཨ་མྱེས་རྨ་ཆེན་ཚོགས་ཞིང་གི་གྲས་སུ་བཞག་མི་ཆོག་པར་བཤད་པས་སྐྱོན་མེད་དམ་ཟེར་བ་ལ། ཁོང་གིས། འདི་ལ་ཆོག་མི་ཆོག་གི་རྩོད་གཞི་ཡོད་ཀྱང་།  བདག་གི་བླ་མ་རིན་པོ་ཆེ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་གྱི་ཕྱག་སྲོལ་ལ་བཞག་ཆོག་པས་དེ་ཡང་ཞོག་དང་གནད་ཆེ་གསུངས།  མེ་གླང་ལོར་ཇ་སག་རྡོ་རྗེ་དབང་རྒྱལ་གྱིས་ཞུས་པ་བཞིན་ཕེབས། གྲིར་ཤི་བས་བུད་མེད་ཅིག་གིས་འདྲེར་སྐྱེས་ཏེ་ཡུལ་དེ་གའི་ཕོ་མོ་རྣམས་ལ་གནོད་པ་བགྱིས་པ་བཏུལ།  ཇ་སག་གི་བུ་རི་ཁྲོད་འགྲིམས་ན་བསྟན་དོན་འཕེལ་ཞེས་ལུང་བསྟན་གནང་།    བེ་ལའི་རབ་འབྱམས་པས་གདན་དྲངས་པ་ལྟར་སྟོང་སྐོར་དགོན་དུ་ཕེབས་ནས་དེ་གའི་གཞི་བྱེས་ཀྱི་བླ་སློབ་རྣམས་ལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་། རིགས་གསུམ་སྤྱི་སྒྲུབ།  མགོན་ཆོས་ལྷ་མོ་གསུམ་གྱི་རྗེས་གནང། རྒྱལ་དབང་གི་སྨྱུང་གནས་ཆོ་གའི་ལུང་བཅས་ཀྱི་ཆོས་སྦྱིན་སྩལ།  སྔ་ཕྱི་གང་རུང་ཞིག་ལ་གཡོན་རུར་ཇུ་ནང་ངག་དབང་སྙན་གྲགས་དང་།   ནོ་ཡོན་ཆོས་རྗེ།    ཅུང་གར་དགེ་བཤེས་སོགས་གསན་མཁན་མང་བོར་ཚེ་དཔག་མེད་ལྷ་དགུ་དང་། རྡོ  ་རྗེ་མི་འཁྲུགས་པ་ལྷ་དགུ།    རྟ་མགྲིན་གསང་སྒྲུབ་ཀྱི་དབང་དང་། ཐུགས་རྗེ་ཆེན་པོའི་རྗེས་གནང་།  སྨྱུང་གནས་ཆོ་གའི་ལུང་བཅས་སྩལ་ཞིང་།  དེ་དག་གི་སྐབས་སུ་སེར་སྐྱ་ཕོ་མོ་ཐམས་ཅད་ལ་སྨྱུང་གནས་མང་དུ་བསྲུང་དུ་བཅུག་པས་བླ་མ་སྨྱུང་གནས་པར་གྲགས། ཡང་སྐབས་ཤིག་ལ་ཕག་སྐོར་དགེ་བཤེས་ཟླ་བ་རྒྱལ་མཚན་ཟེར་བ་དེ་སྐུ་མདུན་དུ་ཕེབས་ནས་ཁྱེད་ཀྱི་བླ་མ་རྗེ་དགེ་འདུན་ཟླ་གྲགས་ཚང་ནི། དགེ་ལུགས་ཤ་སེར་རུས་སེར་དུ་གྲགས་ཀྱང་། ཁྱེད་ཀྱི་སློབ་མ་ཞབས་དཀར་ཚང་ནི་རྙིང་མ་ཤ་དམར་རུས་དམར་ཞིག་ཡིན་ཚོད་འདུག་ཅེས་པ་ལས་འཕྲོས་ཏེ། རྙིང་མ་རྒྱུད་འབུམ་རྒྱལ་བའི་བཀའ་མ་ཡིན་པ་སོགས་གྲུབ་མཐའི་ཕྱོགས་འཛིན་གྱི་སྐད་ཆ་ཅི་རིགས་ཤིག་གླེང་བྱུང་བ་ལ། ཁོང་གི་ཞལ་ནས། ཁྱེད་རང་སྐུ་འབུམ་དང་དབུས་ཀྱི་སེ་ར་གཉི་ཀར་དཔེ་ཆ་བལྟས་ནས་དགེ་བཤེས་ཀྱི་མཚན་བཏགས་བླངས་པའི་དཔེ་ཆ་བ་རེད། དེ་འདྲ་གསུང་མི་ཉན། སློབ་མ་རྣམས་ལ་བག་ཆགས་ཐེབས་འགྲོ། རྙིང་མ་རྒྱུད་འབུམ་བཀའ་འགྱུར་གྱི་དཀར་ཆག་བཅས་སུ་མི་བཞུགས་པའི་རྒྱུ་མཚན་ནི། བཀའ་འགྱུར་གྱི་དཀར་ཆག་ཐོག་མ་ལྡན་དཀར་མ་སོགས་སྒྲིག་སྐབས་གསང་སྔགས་ནང་རྒྱུད་རྣམས་བཀའ་གཉན་པས་འདིར་མ་བཀོད་ཅེས་སྔ་འགྱུར་རྙིང་མའི་རྒྱུད་རྣམས་བཀའ་འགྱུར་སྡེབས་སུ་མ་བཞུགས་པས། རྒྱལ་བའི་བཀའ་མ་རེད་ཟེར་མཁན་བྱུང་། ཞེས་པ་ན། དགེ་བཤེས་པས། འོ་ན་མདོ་རྒྱུད་གཞན་ཐམས་ཅད་ཀྱི་འགོར་འདི་སྐད་ཐོས་པ་དང་རྒྱ་གར་སྐད་དུ་བྱ་བ་ཡོད་པ་གསང་སྙིང་དུ་གསུངས་པས།    སྙིང་མའི་རྒྱུད་འབུམ་དུ་མེད་པ་འདིས་ཀྱང་རྒྱལ་བའི་བཀའ་མིན་པ་ཤེས་ནུས་ཟེར་བ་ལ། ཞལ་ནས། དེ་ནི་སྤྱི་ལ་དགོངས་པ་རེད།  དེ་འདྲ་མིན་ཚེ་འོད་དཔག་མེད་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་དང་།   དགའ་བོ་མངལ་འཇུག་གི་མདོ་སོགས་ཀྱང་རྒྱལ་བའི་བཀའ་མིན་དགོས་ཏེ། འགོར་རྒྱ་གར་སྐད་མ་སྨོས་པའི་ཕྱིར། བདེ་མཆོག་རྩ་རྒྱུད་ཀྱང་སངས་རྒྱས་ཀྱི་གསུང་མིན་དགོས་པར་འགྱུར་ཏེ། དེ་ནས་གསང་བ་བཤད་པར་བྱ། ཞེས་གསུངས་པ་ལས་འདི་སྐད་ཐོས་བྱ་བ་མ་བྱུང་བའི་ཕྱིར། ཞེས་པ་ནས། ཉིད་སེ་ར་ལ་བཞུགས་སྐབས་རྟེན་གཙོ་རྟ་མགྲིན་ཡང་གསང་དང་ཕུར་བ་གཉིས་མཇལ་ལོས་མྱོང་། དེའི་ཆོས་སྐོར་རྡོ་རྗེ་ཆོས་ནས་སློབ་དཔོན་པདྨ་འབྱུང་གནས་དང་།   དེས་ཁྲི་སྲོང་ལྡེ་བཙན་དང་ངན་ལམ་རྒྱལ་བ་མཆོག་དབྱངས་སོགས་བརྒྱུད་དེ་སེར་བྱེས་གྲྭ་ཚང་འདེབས་པ་པོ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་ཡབ་བར་དུ་བྱུང་ཞིང་།   ཀུན་མཁྱེན་ནས་རྗེ་བླ་མར་མཇལ་བའི་སྐབས་ཤིག་ན།  བདག་གིས་ཡི་དམ་འདི་རྒྱུན་མཐུད་དེ་བསྟེན་ན་ལེགས་སམ་ཞེས་ཞུས་པར། རྗེ་རིན་པོ་ཆེས་ཡི་དམ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་ཡི་དམ་ནང་ནས་ཤིན་ཏུ་གསང་བ་ཞིག་ཡིན་པས་བསྟེན་ན་མཆོག་ཏུ་ལེགས།   མ་འོངས་པར་ཁྱོད་ཀྱི་རྗེས་འཇུག་རྣམས་ཀྱང་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཉན་བྱེད་པའི་གྲྭ་ཚང་ཞིག་ཡོང་བ་ཡོད་ཅེས་ལུང་བསྟན་པའི་ཡི་དམ་འདིའི་ཆོས་སྐོར་ཡང་རྙིང་མའི་རྒྱུད་འབུམ་ལ་ཐུག་པ་དང་།   ཕུར་པའང་རྙིང་མའི་བླ་མ་གྲུབ་ཆེན་འདའ་འཕྱར་བ་ལ་ཐུག་པ་རེད།              གལ་ཏེ་རྙིང་རྒྱུད་མ་དག་པར་འདོད་ན་འདི་རྣམས་ཀྱང་མ་དག    རྒྱལ་བའི་གསུང་ཡིན་ཚད་རྒྱ་གར་སྐད་ནས་བྱུང་བ་ཡང་མིན་ཏེ། ཇོ་བོ་རྗེས་བསམ་ཡས་སུ་བཞུགས་པའི་རྒྱ་གཞུང་གླེགས་བམ་གཟིགས་རྗེས། བོད་ལ་གསང་སྔགས་དར་བ་ཞིག་རྒྱ་གར་དུ་ཡང་མ་དར་བར་སྣང་། འདི་རྣམས་ཨུ་རྒྱན་ནས་གདན་དྲངས་པ་རེད་འདུག་ཅེས་གསུངས་པ་ལས་ཀྱང་ཤེས་ཐུབ། རྗེ་བླ་མས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ། ཞེས་པ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གྭའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་།   །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་།   །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་པ་ལྟར།      གསར་རྙིང་གི་རྩོད་པ་མི་བྱེད་པར་གྲུབ་མཐའ་རང་རང་གི་ཆོས་བརྒྱུད་དེ་སོ་སོས་གཙང་མར་རྒྱུན་འཛིན་བྱེད་ཐུབ་ན་བསྟན་པ་སྤྱི་ལ་ཕན་ཐོགས་པ་སོགས་ཀྱིས་དྲངས་ཏེ་འཕྲོས་མོལ་བྱས་པར། དགེ་བཤེས་པས། མཚོ་སྙིང་རིན་པོ་ཆེ་ཚེ་གང་བོར་མཚམས་ལ་བཞུགས་ནས་སྒྲུབ་པ་ཉམས་ལེན་བྱས་པ་རེད་བསམ་པ་ལས་མདོ་སྔགས་རིག་གནས་ཀུན་ལ་འདི་འདྲའི་ལྟ་རྒྱ་ཆེ་བ་རེད་མ་འདོད་ཅེས་གུས་གུས་ཞུམ་ཞུམ་བྱེད་དོ། །ཡང་ཉིན་ཞིག་ལ། མཚོ་མོའི་ནང་ནས་རོལ་སྙན་སྣ་ཚོགས་ཀྱི་སྒྲ་མི་འདྲ་བ་གྲག་འོང་བས།    སྒོ་མེ་ལྷ་རམས་པས་མཚོ་སྙིང་རིན་པོ་ཆེ་ལ་རྒྱུ་མཚན་ཞུས་པ་ན། ཁོང་གི་ཞལ་ནས། ལར་འཇིག་རྟེན་ཐུན་མོང་གི་བཤད་ཕྱོགས་སུ། ཁྲི་གཤོག་རྒྱལ་མོ་འདི་སྨན་ཨ་ནེ་གོང་མ་རྒྱལ་མོའི་བླ་མཚོ་དང་།      རྨེ་རུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ་འདི་ལྷ་ཆེན་ཚངས་པ་དཀར་མོའི་བླ་རི་ཡིན་པས།     ལོ་རེའི་ཟླ་བ་བརྒྱད་པའི་ཚེས་གཅིག་ནས་བཅོ་ལྔའི་བར་ཁོང་རྣམ་པ་གཉིས་ལྷན་འཛོམས་ཀྱི་དུས་ཡིན་ཞིང་། དུས་སྐབས་དེར་རྨེ་རུ་གངས་དཀར་བག་ཧ་ཆུའི་ཚུལ་གྱིས་ཕེབས་འོང་བ་རེད།     བག་ཧ་ནི་གཡག་དར་མའི་མིང་དང་།  ལོ་ལོན་ལ་བག་རྡི་དང་། ཆུང་བ་ལ་བག་ཐུག་ཅེས་ཟེར། ལྷ་ཆེན་ཚངས་པ་འདི་ལ་ཞི་རྒྱས་དབང་དྲག་གི་རྣམ་པ་བཞི་ཡོད་པས།  དབང་གི་ལྷ་ཆེན་འདིའི་ཆིབས་པ་གཡག་དཀར་པོ་ཡིན་པ་སོགས་བཤད་རྒྱུན་མང་ངོ་ཞེས་གསུངས། སྟོང་སྐོར་སྤྲུལ་སྐུ་གློ་བུར་དུ་དགོངས་པ་རྫོགས་པ་ལ་ཐུགས་ཕམ་ངང་དགོངས་རྫོགས་སྨོན་ལམ་བཏབ་པ་སོགས་བྱེད་ཅིང་།    ཞལ་ནས། སྟོང་སྐོར་སྤྲུལ་སྐུ་འདི་བསྟན་པ་སྤྱི་ལ་ཕན་པའི་སྐྱེས་བུ་དམ་པ་ཡིན་པས། ཡང་སྲིད་ཕྱི་མ་འདི་གལ་ཆེ་བྱས་ནས་ཐུགས་སྨོན་རྒྱ་ཆེར་མཛད་ཅིང་། ཡང་སྐབས་ཤིག་ལ་མཚོ་སྙིང་གི་གནས་བཅུ་ལྷ་ཁང་དུ་བཞུགས་སུ་གསོལ་བའི་གསུང་གི་རྟེན་ལ་རྗེའི་ལམ་སྔགས་གཉིས་དང་།  མི་ལའི་མགུར་འབུམ་དང་། སྐལ་ལྡན་མགུར་འབུམ།       གསེར་བྲིས་ཀྱི་ཏིང་འཕགས་སྐལ་གསུམ་དང་། དགའ་ལྡན་ལྷ་བརྒྱ་མའི་ཞིང་བཀོད་ཀྱི་ཐང་ག   ཐང་སྟོང་རྒྱལ་པོའི་ཐང་ག་སོགས་བཞེངས་སྐྲུན་མཛད།  ཕྱིས་ཤིག་ལ་ད་འདི་ཡང་ཇ་སག་གི་བུ་ལ་སྤྲོད་ཅིག་ཅེས་གླ་ཤིང་གི་ཕོར་བ་ཞིག་ཡོད་པ་དེ་ཡང་བྱིན་ཏེ་གཞན་གྱི་བསམ་པ་རྫོགས་པའི་ཆེད་ཡིན་གསུངས་སོ། །

བདུན་པ། གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ནས་ཡང་སྲིད་བཙལ་བའི་སྐོར།

       ཉིན་ཞིག་ལ་ཉེ་གནས་སློབ་བུ་རྣམས་ལ།   ད་ང་ཡུན་རིང་ཨེ་འདུག་མི་ཤེས། ངས་ཁྱེད་རྣམས་ཀྱི་བློ་དང་འཚམ་པའི་ཆོས་ནི་བཤད་ཟིན་པས།  མན་ངག་གི་གདམས་པ་དག་མ་བརྗེད་པར་བསྒོམ་ལ་བརྩོན།  ང་བཞིན་བླ་མ་ལ་མོས་གུས། འཁོར་བ་ལ་ཞེན་ལོག   སེམས་ཅན་ལ་སྙིང་རྗེ། མཆེད་གྲོགས་ལ་དག་སྣང་།       ཉམས་ལེན་ལ་བརྩོན་འགྲུས་བྱོས་གསུངས་ནས་ཉེ་གནས་བློ་བཟང་དོན་གྲུབ་ལ་དངུལ་གྱི་གའུ་ཆུང་ཆུང་ཞིག་ཡོད་པ་དེ་དང་ཕྲུག་གཟན་གཉིས་གནང་ཞིང་།  སློབ་བུ་ཐུབ་བསྟན་རྒྱ་མཚོ་ལ་བཀའ་གདམས་ཕ་ཆོས་དང་བུ་ཆོས་ཀྱི་གླེགས་བམ་དང་།  ལྷ་རམས་པ་ལ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཐང་ག་ཞིག་གནང་བའི་རྗེས་སུ།   མདའ་བཞིའི་ཆན་ཧུ་འདི་ང་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད་པས་ཁོ་ལ་ངའི་ཐབ་ཀ་འདི་དང་མཚོ་བདག་མས་ཕུལ་བའི་ནོར་བུ་བསམ་འཕེལ་གཉིས་འཕྲོད་དུ་ཆུགས་དང་། མ་འོངས་པ་ན་ཁོའི་རྒྱུད་པས་འཁོར་ལོས་བསྒྱུར་བས་རྒྱལ་པོ་བཞིན་དབང་བསྒྱུར་བའི་རྟེན་འབྲེལ་ཡོད་ཅེས་གསུངས་ནས་མཉམ་བཞག་གི་ཐུགས་དམ་ལ་བཞུགས་པའི་ངང་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །ཁོང་སྐུ་གཤེགས་པའི་ལོ་གང་ཡིན་མི་གསལ་ཡང་།   རྟོགས་བརྗོད་དད་པའི་རོལ་མཚོ་ལས། སྟོང་སྐོར་སྤྲུལ་སྐུ་གློ་བུར་ཞིང་གཞན་དུ། །གཏད་པ་ཐོས་པས་ཐུགས་ཕམ་ཆེན་པོའི་ངང་། །ཞེས་པའི་གསུང་སྒྲོས་ལ་བརྟགས་ན་སྤྱི་ལོ་༡༨༡༩ལོར་ཁོང་ད་དུང་བཞུགས་ཡོད་པ་གསལ་ཡང་། འོན་ཏེ་རྟོགས་བརྗོད་དུ་དྲངས་པའི་ལོ་ཚིགས་འགའ་རེར་ནང་འགལ་མཆིས་པས་མཐའ་གཅིག་ཏུ་དཔྱད་བཟོད་དཀའ་བ་སོགས་རེ་ཞིག་བཏང་སྙོམས་སུ་བཞག་གོ། གོང་དུ་བཤད་པ་བཞིན་ཞབས་དཀར་རིན་པོ་ཆེའི་རྣམ་ཐར་དུ་རབ་བྱུང་བཅུ་བཞི་བའི་ས་བྱིའི་ལོར་ཁོང་སྐུ་གཤེགས་ཟིན་པ་བཤད་ཡོད་པས་འདས་ལོ་རགས་རྩིས་ཙམ་ཞིག་ཤེས་ཐུབ།     ཁོང་སྐུ་གཤེགས་རྗེས་སྐུ་རུས་དང་རིང་བསྲེལ་རྣམས་ཆ་གསུམ་ལ་བགོས་ཏེ། ཆ་གཅིག་སློབ་བུ་ཚོས་དངུལ་གྱི་སྐུ་གདུང་ཁྲུ་གསུམ་པ་ཞིག་བཞེངས་ཏེ་མཚོ་སྙིང་གི་གནས་བཅུ་ལྷ་ཁང་དུ་བཞུགས་པ་བསྒྱུར་བཀོད་མ་བྱས་སྔོན་བར་དུ་བཞུགས་ཡོད་པར་གསལ།   ཆ་གཅིག་ནི། མདའ་བཞིའི་ཆན་ཧུས་གདན་དྲངས་ཏེ་རང་ཁྱིམ་དུ་སྐུ་གདུང་བཞེངས་ཤིང་། ཕྱིས་སུ་ཁོང་གི་སྐུ་གདུང་དང་ཐབ་ཀ   ནོར་བུ་གསུམ་ཉིན་གཅིག་ལ་མཇལ་བའི་རྟེན་མཇལ་ཉིན་ཚུགས་ཡོད་པར་བཤད། ཆ་གཅིག་ནི། འཁྲུངས་ཡུལ་དུ་འཁྱེར་བ་དགོན་གྲོང་གང་དུ་བཞུགས་པ་མ་ངེས་སོ།       །དེ་ཡང་མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེས་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་ཚུལ་གལ་ཆེ་བར་དགོངས་ནས་མདོ་དབུས་གཉིས་སུ་བླ་མ་བཅུ་ལྷག་བསྟེན་ཚུལ་ནི།   ཨ་མདོ་ན་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྗེ་འཇམ་དབྱངས་དགེ་འདུན་ཟླ་གྲགས་དང་། ཨ་རིག་དགེ་བཤེས་ཆེན་མོ། ཤར་སྤྲུལ་བའི་སྐུ། དྲུང་ཆེན་བློ་བཟང་རྒྱ་མཚོ།  ཨ་ཁྱུང་དགེ་བཤེས། བིས་པ་མི་ཕམ་ཟླ་བ།  སྒོ་དམར་ལྷ་རམས་པ་དགེ་འདུན་བློ་བཟང་།  དར་ཧན་རབ་འབྱམས་པ་སོགས་དང་། དབུས་སུ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། པཎ་ཆེན་བསྟན་པའི་ཉི་མ། དཀའ་ཆེན་ཡེ་ཤེས་རྒྱལ་མཚན། ཀློང་བརྡོལ་བླ་མ། སྒོ་མང་མཁན་པོ་བློ་བཟང་ཆོས་དར་སོགས་མཁས་གྲུབ་གཉིས་འཛོམ་གྱི་སྐྱེས་ཆེན་དམ་པ་མང་པོ་གཙུག་གིས་བཀུར་ཏེ།   སངས་རྒྱས་དངོས་སུ་གཟིགས་པའི་མོས་གུས་དྲག་པོས་ཅི་གསུངས་གདམས་ངག་གི་མཐིལ་དུ་བསྒོམས་ནས་བཀའ་བཞིན་དུ་བསྒྲུབས་པ་བཅས་དང་།    ཁོང་གི་ལེགས་གསུང་མྱང་བའི་ཐུགས་སྲས་བགྲང་ལས་འདས་པ་ཞིག་ཡོད་ཀྱང་དེ་དག་ལས་ཀུན་གྱི་གཙོ་བོར་གྱུར་བ་ནི།   སྐྱབས་མགོན་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ།   ཨ་ལག་ཤ་བསྟན་དར་ལྷ་རམས་པ།  སྟོང་སྐོར་རིན་པོ་ཆེ། སྣ་ཚོགས་ཀུན་བཟང་རང་གྲོལ། བླ་མ་མཚོ་ཁ་པ། སུ་རིག་རྒྱུད་པ་སྐུ་སྐྱེས།  ཇུ་ནང་ངག་དབང་སྙན་གྲགས།   ནོ་ཡོན་ཆོས་རྗེ། རྐང་ཚ་བླ་མ། སྒོ་མེ་ལྷ་རམས་པ། འཇིགས་མེད་བེ་ལའི་རབ་འབྱམས་པ། ཨ་རིག་འཇིགས་མེད་སོགས་དང་།  བླ་སློབ་གཉི་ཀར་གཏོགས་པ་ཡང་ཡབ་རྗེ་གསེར་ཁང་པ། ཨ་ལག་ཤ་བསྟན་དར་ལྷ་རམས་པ་བཅས་དང་།  མི་དབང་མདའ་བཞིའི་ཆན་ཧུ་དང་།  ཨེར་ཁེ་པེ་ལི།   ཅུང་པེ་སེ་སོགས་བོད་སོག་རྒྱ་གསུམ་གྱི་མི་དཔོན་ཡང་མི་ཉུང་བ་ཞིག་ཡོད་དོ། །
       མཚོ་སྙིང་རིན་པོ་ཆེ་སྐུ་གཤེགས་རྗེས་མདའ་བཞིའི་ཆན་ཧུ་སོགས་ཀྱིས་ཡབ་རྗེ་གསར་ཁང་བ་དང་ཆུ་བཟང་རིན་པོ་ཆེ་སོགས་ལ་ཞུས་ནས་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་དང་སྨོན་ལམ་མཆོད་འབུལ་བྱས་ནས་མི་རིང་བར་ཡང་སྲིད་བཙལ་ཏེ་མདའ་བཞིའི་སྒར་དུ་གདན་དྲངས་ཤིང་། མཚན་ལ་མ་ཕྱག་སྤྲུལ་སྐུ་ཟེར་ཞིང་།   ཕྱིས་སུ་ཞྭ་དམར་པཎ་ཊི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་བླ་མར་བསྟེན་པའི་ལོ་རྒྱུས་དྲུང་ཆེན་གྲགས་པ་རྒྱ་མཚོས་བརྩམས་པའི་ཞྭ་དམར་རིན་པོ་ཆེའི་རྣམ་ཐར་དུ་གསལ་ལོ། འོན་ཏེ། དེ་ཉིད་ལས་མ་ཕྱག་སྤྲུལ་སྐུ་ཆེ་ཆུང་གཉིས་ཞེས་བཤད་པས། མཚོ་སྙིང་རིན་པོ་ཆེའི་སྤྲུལ་སྐུ་ཆེ་ཆུང་གཉིས་ལས་གང་ཡིན་གསལ་བོར་མ་ངེས་སོ། །

མཇུག་གི་གཏམ།

     མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་གཟི་ཡི་དོ་ཤལ་ཞེས་བྱ་བ་འདི་འབྲི་སྐབས་ཀྱི་དཔྱད་གཞིའི་ས་བོན་དང་ཡིག་ཚང་ཁག་ནི།     ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྣམ་ཐར་ལས་སྐུ་ཚེ་སྟོད་ཀྱི་མཛད་པ་ཅུང་ཟད་ཚིགས་སུ་བཅད་པ་བཞུགས་སོ་བྱ་བ་དེ་དང་། ཞབས་དཀར་རིན་པོ་ཆེའི་རྣམ་ཐར་སྟོད་སྨད་གཉིས།  འཇིགས་མེད་བེ་ལའི་རབ་འབྱམས་པས་བརྩམས་པའི་མཚོ་སྙིང་བླ་མ་བསྟན་འཛིན་ཉི་མ་རིན་པོ་ཆེའི་རྟོགས་བརྗོད་དད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ཞེས་པ་དང་། རྗེ་འཇིགས་མེད་བསམ་གཏན་གྱིས་མཛད་པའི་ཡབ་རྗེ་གསེར་ཁང་བའི་རྣམ་ཐར་དང་།  བློ་བཟང་བསྟན་པ་རྒྱ་མཚོ་དང་དགེ་འདུན་བསྟན་པ་དར་རྒྱས་གཉིས་ཀྱིས་བརྩམས་པའི་རྗེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར། བིས་པ་མི་ཕམ་ཟླ་བས་མཛད་པའི་རྗེ་དགེ་འདུན་ཟླ་གྲགས་རིན་པོ་ཆེའི་རྣམ་ཐར་གསེར་གྱི་སྒོ་མང་།    སྟོང་སྐོར་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་། མདོ་སྨད་ཆོས་འབྱུང་། དགེ་བཤེས་བློ་བཟང་དགེ་འདུན་གྱིས་བརྩམས་པའི་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་དཀར་ཆག   དྲུང་ཆེན་གྲགས་པ་རྒྱ་མཚོས་བརྩམས་པའི་རྗེ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་སོགས་ཕན་ཚུན་གུང་བསྒྲིགས་ཏེ་ངག་རྒྱུན་ཁུངས་བཙན་པོ་ཡིན་ནམ་སྙམ་པ་རྣམས་ཟུར་གྱིས་བརྒྱན་པའོ།    ། སྤྱིར་རྣམ་ཐར་འདི་འབྲི་མགོ་བརྩམས་དུས་སེམས་ལ་མཚོ་སྔོན་པོ་མདའ་བཞི་སྒར་ཐོག་ཕྱོགས་དང་། མཚོ་སྙིང་བཅས་སུ་དངོས་སུ་བསྐྱོད་དེ་ལོ་རྒྱུས་རྩད་གཅོད་བྱས་པའི་རྗེས་སུ་མཇུག་རྫོགས་རྒྱུའི་འཆར་གཞི་ཡོད་ཀྱང་།   དུས་ཚོད་ཀྱི་དབང་གིས་ད་ལྟའི་བར་འགྲོ་མ་ཐུབ་པར་ལུས་པས་བློ་འགྱོད་སྐྱེས། གལ་ཏེ་ཕྱིས་སུ་འགྲོ་རྒྱུའི་གོ་སྐབས་བྱུང་ཚེ། དེའི་སྐོར་ཁ་སྐོང་བྱ་རྩིས་ཡོད། དེ་ལྟར་རྣམ་ཐར་འདི་འབྲི་བ་བོ་ནི། མཚོ་སྙིང་སྨྱུང་གནས་པ་བསྟན་འཛིན་ཉི་མ་རིན་པོ་ཆེ་གང་ཉིད་དང་ཕ་ཡུལ་གཅིག་པ་ཚངས་དབང་དགེ་འདུན་བསྟན་པ་ཞེས་འབོད་པ་དེས་རང་ལོ་བཞི་བཅུའི་སྟེང་བྲིས་པ་དགེའོ། །

སྨྲས་པ།

  འཇིག་རྟེན་ཡོད་ཚད་ཟོང་ཟོག་རྩོལ་བའི་དུས།  །རིག་གཞུང་མ་དོར་ད་དུང་སྔོན་བྱོན་གྱི། །བླ་མའི་རྣམ་ཐར་རྩོམ་ལ་རིངས་པ་ཅན།   །གླེན་པའི་བུ་ཆུང་འདི་ཡང་དོན་ཆུང་མིན། །བདག་ལ་རྣམ་ཐར་འབྲི་རྒྱུའི་ཆུ་ཚད་དེ། །ཡོད་པ་མིན་ཡང་མཁས་རྣམས་ཁེངས་སྐྱུངས་ཀྱིས། །བག་ལ་བཞུགས་པའི་ངང་ཚུལ་འདི་མཐོང་བས།    །ཁོ་བོའི་བགོ་སྐལ་ཉིད་དུ་བསམས་ཏེ་བྲིས། །མདོར་ན་འདིར་བྲིས་བདེན་པའི་ཤུགས་འབྱུང་དང་། །མཚོ་སྙིང་བླ་མའི་བྱིན་རླབས་ཐུགས་རྗེ་ཡིས།        །འདིས་ཀྱང་གངས་ལྗོངས་ལུགས་གཉིས་འཕེལ་བའི་རྒྱུར། །གྱུར་ཏེ་སྐྱེ་བོ་ཀུན་ལ་ཕན་གྱུར་ཅིག   །

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

   ཚངས་དབང་དགེ་འདུན་བསྟན་པ། ༡༩༦༩ལོར་མཚོ་སྔོན་རེབ་གོང་སྒོ་དམར་དུ་སྐྱེས། རི་མོ་པ། གནའ་དཔྱོད་པ། གཟིའི་ཆེད་ལས་མཁས་པ་ཡིན་པ་མ་ཟད། འཇིག་རྟེན་འདིར་གཟི་ལམ་ཐོག་མར་རྙེད་མཁན་ཡང་ཡིན།   ད་ལྟ་བོད་ལྗོངས་གཟི་ལམ་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་འགན་གཙོ་པ།      ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་རྒྱུན་ལས་པ།   མཚོ་སྔོན་བོད་རིག་པའི་རྟེན་རྫས་བཤམས་སྟོན་ཁང་གི་གདན་ཞུའི་རིགས་གཅིག་མཁས་པ།   ཟི་ཁྲོན་གསེར་རྟའི་མཐོ་སྒང་དབང་བོ་སྐྱོན་ཅན་ཉི་འོད་ལག་རྩལ་སློབ་གྲྭའི་སློབ་གཙོ་གཞོན་པ། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན། །

47.2K