༄༅། །སློབ་དཔོན་པདྨ་འབྱུང་གནས་འཚོལ་བ།(༡)

༄༅། །རིག་པའི་གནས་སྦྱངས་འཆད་རྩོད་རྩོམ་ལ་མཁས། །སྒོམ་པའི་རྩལ་ཐོབ་གྲུབ་པའི་ས་ལ་གཤེགས། །དུར་ཁྲོད་འདྲེ་བཏུལ་རྒྱ་བལ་བོད་ཀྱི་ཡུལ། །སྙན་པའི་གྲགས་འཛིན་མཚོ་སྐྱེས་རྡོ་རྗེར་འདུད། །དིང་སང་དུས་རབས་གསར་པའི་གླེང་སྟེགས་ཀྱི་སྟེང་དུ་རྣ་བས་ཐོས་ཚད་ཁ་ནས་སྒྲོག་པའི་ཁྲོད་དུ་བློ་གྲོས་ཁབ་མིག་ཙམ་ལས་མེད་པའི་སྤྱི་བརྟོལ་ཅན་འགའ་རེས་སློབ་དཔོན་པདྨ་འབྱུང་གནས་ལ་ལོག་པར་ལྟ་བ་དང་། སྒྲོ་བཏགས་པའི་སྒོ་ནས་སྐུར་འདེབས་ངན་སྨོད་ཡ་ང་བ་སྣ་ཚོགས་བྱེད་ཀྱིན་འདུག །འོན་ཀྱང་ཁོ་རང་གིས་ལས་ངན་བསགས་པ་ལས་བསྟན་པ་དང་། གང་ཟག་དམ་པ་དང་། ཡུལ་གྲུ་སྤྱི་གང་ལའང་ངན་ཤུགས་ཆེན་པོ་འཇོག་ནུས་པ་མ་ཡིན་ཏེ། རང་རེ་བོད་ཡུལ་དུ་བགྲང་བྱ་སྟོང་ཕྲག་ཙམ་གྱི་ཡུན་ལ་ཆོས་ལུགས་གྲུབ་མཐའི་སྨོད་རེས་དང་། གང་ཟག་དམ་པ་ལ་བསྟོད་སྨོད་སྣ་ཚོགས་པས་དུས་འདའ་བར་བགྱིས་པ་ལོ་རྒྱུས་ལ་ཕྱི་མིག་བལྟས་ན་ཤེས་ནུས་མོད་དེས་གནོད་པའི་ཤུགས་ཆེན་པོ་བཞག་སྟེ་སྐྱེས་བུ་དམ་པ་དམ་པ་མིན་པ་དང་། དེས་སྤེལ་བའི་བསྟན་པ་དེ་ཐར་འདོད་ཀྱི་འཇུག་ངོགས་དམ་པར་གྱུར་པའི་བསྟན་པ་མིན་པར་གྱུར་མི་འདུག་པའི་ཕྱིར། དེ་ལྟ་མོད་ཀྱང་ས་འབྲིའི་ཐབས་རྩོད་དང་། བཀའ་དགེའི་ཐོབ་རྩོད་དང་། རྙིང་མས་སྒོས་སྡུག་སོགས་གནོད་པའི་ལས་ཀྱང་མང་པོ་ཞིག་བྱུང་འདུག་ལ། དེ་ཡང་ཐོག་མར་ཁ་འགུལ་བ་ལས་བྱུང་བ་ཡིན་པ་ནི་སྨོས་མ་དགོས་ལ། ཁ་དེའི་རྒྱབ་ཏུ་སྨོད་ཡུལ་ལ་ཤིན་ཏུ་སྡང་བའི་གདུག་པའི་ཡིད་ཅིག་ཡོད་པ་ནི་སྨོས་མ་དགོས་ཏེ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། འཇིག་རྟེན་ནག་པོ་འབྱུང་བའི་ཕྱིར། །ཡིད་ནི་དུག་གི་རྩ་བ་ཡིན། །ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། །ཁ་ནི་སྡིག་པའི་སྒོ་ཉིད་དོ། །སེམས་ཀྱིས་སྣ་ཚོགས་སེམས་པར་བྱེད། །དེ་ནས་ཚིག་ཏུ་སྨྲ་བར་འགྱུར། །ངག་ཡིད་དག་གིས་སྡིག་བྱས་པ། །ལུས་སྐྱེས་སྡུག་བསྔལ་སྦྱིན་པར་བྱེད། །ཕན་དང་མི་ཕན་མ་བསམས་པར། །གླ་མེད་པས་ནི་སྡིག་བྱེད་པ། །དེས་ན་སྡུག་བསྔལ་སྣོད་འགྱུར་ཏེ། །ཉོན་མོངས་པ་དག་དེ་ལྟར་འགྱུར། །མཁས་པ་རྣམས་ཀྱི་མགོ་བོ་དག །ཡིད་ཀྱིས་གཅོད་པར་འདོད་པ་དེ། །བློ་གྲོས་ངན་པ་མི་ཤེས་པའི། །མགོ་ནི་འཁོར་ལོས་ཡང་དག་ཆོད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་མགོ་བོ་གཅོད་པར་འདོད་པ་དང་། དེའི་བསྟན་པ་ལ་འཕྱག་མས་ཡུག་ཡུག་བྱ་སྙམ་པའི་ཀུན་སློང་མེད་པའང་མིན་ཞེས་སྨྲ་མི་སྤོབས་པས། དེ་ཉིད་ལས། དཔལ་ལྡན་ཡིད་འདི་ཁོ་ནས་ནི། །ཆོས་དཀར་བདུད་རྩི་རྟེན་པ་ཡི། །སེམས་ཅན་བསོད་ནམས་བྱས་དགེ་རྣམས། །ལྷ་ཡི་འཇིག་རྟེན་རྣམས་སུ་ཁྲིད། །འདིར་ནི་སྙིང་གིས་ཀུན་བསམས་ནས། །ཚིག་ཏུ་རྗོད་པས་ལེགས་སྨྲས་པ། །དེ་ཕྱིར་དེ་ནི་ལུས་ཀྱིས་སུ། །བསོད་ནམས་མཛོད་ནི་ལེན་པར་འགྱུར། །མི་ཡིས་བློ་ནི་སྔོན་བཏང་སྟེ། །ལས་དགེ་མི་དགེ་རྣམས་ཕྱེ་ནས། །གལ་ཏེ་བསོད་ནམས་ཆེ་བྱེད་ན། །རྟག་ཏུ་རབ་ཏུ་ལྷ་དེར་འགྱུར། །སེམས་ཀྱིས་མི་དགེ་བ་ཡི་ལས། །རྟག་ཏུ་ཡོངས་སུ་སྤངས་ནས་ནི། །རབ་ཏུ་དགའ་བས་བསོད་ནམས་ཉིད། །མི་ཡིས་བྱ་སྟེ་སྡིག་པ་མིན། །ཚེ་རབས་བྱེ་བ་གྲངས་མེད་པར། །འཁོར་ལོས་སྒྱུར་སོགས་གོ་འཕང་གི། །ལྷ་མིའི་ནང་དུ་རྒྱལ་པོའི་དཔལ། །ཐམས་ཅད་ཐོབ་ནས་ཁྱོད་བཞིན་ནོ། །ཞེས་གསུངས་པ་ལྟར། རང་རེ་སློབ་དཔོན་ཆེན་པོ་པདྨ་ཀཱ་རའི་རྗེས་འཇུག་དག་གིས་ཡིད་ཆགས་སྡང་དུ་མ་སོང་བར་བློ་གཟུ་བོར་གནས་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་ཕན་པ་ལ་དགོངས་ཤིང་། རང་གཞན་གཉིས་ཀའི་ལོག་པའི་གཡང་ས་འགོག་པའི་ཀུན་སློང་རྣམ་པར་དག་པས་པདྨ་འབྱུང་གནས་ཀྱི་ཆེ་བའི་ཡོན་ཏན་དང་། རྨད་དུ་བྱུང་བའི་འཕྲིན་ལས་རྣམས་ཚུར་མཐོང་སོ་སོའི་སྐྱེ་བོའི་རྣམ་གཞག་དང་བསྟུན་ནས་གསལ་བར་བྱ་བ་ནི་སྐབས་སུ་བབས་པས། རང་སའི་བྲག་དང་། ཆུ་ཁུང་ནས་ཐོན་པའི་ལུང་ཁོ་ནས་ནི་སློབ་དཔོན་ཆེན་པོ་མི་ཡུལ་དུ་བྱོན་མྱོང་བའི་སྒྲུབ་བྱེད་ཚད་མ་ཙམ་ཡང་འོང་དཀའ་བས། ད་ནི་སྟོབས་ལྡན་གྱི་རིགས་པ་ཞིག་དང་། ཡིད་རྟོན་འཕེར་བའི་ལུང་གཉིས་ལ་བརྟེན་པ་ནི་གལ་ཆེ་བ་ཤེས་དགོས། དེ་ལ་ཐོག་མར་ཁ་ཅིག་པདྨ་འབྱུང་གནས་ཟེར་བའི་མི་ཞིག་རྒྱ་གར་དུ་མ་བྱོན་ལ། རྒྱ་གར་མཁས་པའི་གྲས་སུ་ཡང་མེད་དོ། །ཟེར། དེ་ནི་ཆེས་བླུན་པའི་གཏམ་ཞིག་ལགས་མོད། དེ་ཡང་སྣང་ཆུང་དུ་འཇོག་མི་རིགས་པས། དེ་ལ་དཔྱད་པའི་སྒོ་ཙམ་བཏོད་ན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཚན་ལ་ནི། པདྨ་འབྱུང་གནས་དང་། མཚོ་སྐྱེས་རྡོ་རྗེ་ཟེར་བ་ནི་བོད་ཡུལ་གྱི་མཁས་བླུན་གཉིས་ཀར་ཡོངས་གྲགས་དང་། མཁས་བླུན་གཉིས་ཀས་ཁས་ལེན་ལ། མཚན་དེ་ལྡན་གྱི་མཁས་པའི་དབང་པོ་ཞིག་འཕགས་ཡུལ་གྱི་མཁས་པའི་ཁྲོད་དུ་བྱུང་ཡོད་པ་ནི་བསྙོན་དུ་མེད་དེ། སྒྲུབ་བྱེད་ཀྱི་ལུང་རྣམ་དག་མཆིས་པའི་ཕྱིར། ཁོ་ན་རེ། ལུང་དེ་རྙིང་མའི་རྒྱུད་དུ་གྲགས་པ་དང་། རྙིང་མའི་གཏེར་ཆོས་སུ་འབོད་པ་དང་། ཡང་ན་རྙིང་མའི་བླ་མ་རེས་བྲིས་པ་ཡིན་ཕྱིན་ནི་ཁས་ལེན་མི་རིགས་སོ་ཞེ་ན། རང་བཞེད་ཀྱི་ལུང་གིས་གཞན་འདོད་དགག་མི་ནུས་པ་ནི་ལུང་རིགས་སྨྲ་བ་སྤྱིའི་སྲོལ་དང་བཞེད་པ་ཡིན་པ་བདེན་མོད། དེ་རིང་བདག་གིས་པདྨ་འབྱུང་གནས་དང་། མཚོ་སྐྱེས་རྡོ་རྗེ་ཟེར་བ་ཞིག་འཕགས་ཡུལ་གྱི་མཁས་པའི་ཁྲོད་དུ་བྱུང་ཡོད་པ་ནི་རྒྱ་གར་མཁས་པའི་བསྟན་བཅོས་ལ་བརྟེན་ནས་བསྒྲུབ་པར་བྱ་ཞིང་། དེ་ཡང་འགའ་རེ་ནི་བུ་སྟོན་སོགས་ཕྱིས་འགྱུར་གསར་མའི་མཁས་པས་ཁས་ལེན་པའི་ཕྱིས་འགྱུར་གྱི་འཕགས་ཡུལ་གྱི་བསྟན་བཅོས་རྣམ་པར་དག་པ་དག་གི་ལུང་གིས་བསྒྲུབ་པར་བྱའོ། །དེ་ཡང་རྒྱ་གར་ལྟ་བུའི་ཡུལ་གྲུ་གནམ་འདྲ་བ་ཞིག་ཏུ་མཁས་པ་ནམ་མཁའི་སྐར་ཚོགས་ས་ལ་བཀྲམ་པ་ལྟ་བུ་བྱོན་པའི་གྲས་སུ་མིང་གཅིག་པ་ཅན་ནམ་འདྲ་བ་ཅན་གྱི་མཁས་པ་དང་གང་ཟག་ཐ་དད་པ་ཅི་སྟེ་མེད་དེ། བོད་ཡུལ་གྱི་ལུང་ཁུག་ཆུང་ངུ་རེ་ལ་མིང་གཅིག་པའི་གང་ཟག་ཤིན་ཏུ་མང་པོ་ཡོད་པས་སོ་ཞེ་ན། དེ་ནི་ཤིན་ཏུ་བདེན། ཡུལ་ཆེན་པོར་ལྟ་ཞོག །ཡུལ་ཤིན་ཏུ་ཆུང་ངུའི་དགོན་གོག་བྱ་བྲུན་འདྲ་བ་རེར་ཡང་མིང་གཅིག་པའི་གང་ཟག་ཐ་དད་པ་དུ་མ་ཡོད་པས་མིང་འདྲ་བའམ་གཅིག་པ་ཙམ་གྱིས་གང་ཟག་གཅིག་ཏུ་སྒྲུབ་པ་ནི་ཆེས་གླེན་པའི་ངང་ཚུལ་ལས་མ་འདས་མོད། དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་དང་ནེ་པཱ་ལའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་མཁས་གྲུབ་ཀྱི་སྙན་གྲགས་ཆེ་བ་ནི། མཁན་ཆེན་བྷོ་དྷི་ས་ཏྭས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་སློབ་དཔོན་གདན་འདྲེན་དུ་སོང་ཞེས་བཀའ་བྱུང་བ་དང་། བསམ་ཡས་སུ་ནང་ཆོས་སྤེལ་བའི་སློབ་དཔོན་པཎྜི་ཏ་ཤིན་ཏུ་མང་པོ་ཞིག་སྔ་ཕྱིར་ཕེབས་མོད། དེ་དག་གི་ཁྲོད་དུ་པདྨ་འབྱུང་གནས་ལས་ལྷག་པའི་སྙན་གྲགས་དང་ཡོན་ཏན་ཆེ་བ་ཞིག་གླེང་རྒྱུ་རྙེད་མི་འདུག་པས་ཤེས་སོ། །དེས་ན་རྒྱ་གར་འཕགས་ཡུལ་དུ་བྱོན་པའི་པདྨ་འབྱུང་གནས་དང་། མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་པ་དེ་རང་ཅག་གི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དཔལ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སམ་མཚོ་སྐྱེས་རྡོ་རྗེ་ཡིན་པར་བསྒྲུབ་ན། དེ་མ་ཡིན་པའི་སྒྲུབ་བྱེད་ཆུ་ཐུབ་པ་མེད་ན་བདག་ཅག་རྒྱལ་བ་ཡིན་པ་ནི་རིགས་པ་སྨྲ་བ་ཡོངས་ཀྱིས་ཤེས་སོ། །འོ་ན། འཕགས་པའི་ཡུལ་དུ་མཚན་དེ་ལྡན་གྱི་སློབ་དཔོན་ཅིག་བྱུང་མྱོང་བའི་སྒྲུབ་བྱེད་ཀྱི་ལུང་ཡོད་ཟེར་བ་ནི་གང་། ལུང་འདྲེན་པའི་དུས་ལ་བབས་སོ་ཞེ་ན། དེ་ནི་འདི་ལྟ་སྟེ། དང་པོ་པདྨ་འབྱུང་གནས་ཀྱི་མཚན་ཅན་གྱི་སློབ་དཔོན་མཁས་པ་ཞིག་རྒྱ་གར་དུ་བྱོན་མྱོང་བ་གྲུབ་སྟེ། ༡.རྣམ་འཇོམས་གཟུངས་ཀྱི་རྣམ་བཤད་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་ལས། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའོ།། །།ཞེས་འབྱུང་བ་དང་། ༢.ཡང་ཁར་ས་པཱ་ཎའི་སྒྲུབ་ཐབས་ལས། དཔལ་ལྡན་འཇིག་རྟེན་མགོན་པོ་ཁར་ས་པཱ་ཎའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་ཆེན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།།  །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་དང་། ཆོས་འཁོར་ལོ་ཙཱ་བས་བསྒྱུར་བ་ལས། སླད་ཀྱིས་བཙུན་པ་རྒྱ་མཚོས་དག་པར་བཅོས་ཤིང་གཏན་ལ་ཕབ་པའོ།།  །།ཞེས་དང་། ༣.ཁོར་ཡུག་མངར་བའི་སྒྲུབ་ཐབས་ལས། ཁོར་ཡུག་མངར་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །ཞེས་དང་། ༤.ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་ལས། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་བ་རིས་བསྒྱུར་བའོ།། །།ཞེས་དང་། ༥.གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ལས། བདག་འདྲ་ཨུ་ཌྱན་པདྨ་རྒྱལ་པོ་ཡིས། །ཏིང་འཛིན་ཉམས་ལེན་དགོངས་པ་མཐར་ཕྱིན་ཀྱང་། །ཕྱི་རབས་ལམ་པ་རྣམས་ཀྱི་དོན་ཆེད་དུ། །རྒྱུད་ལུང་ཀུན་དང་མི་འགལ་མུན་སེལ་བའི། །སྒྲོན་མ་ཨ་མྲྀ་ཏ་ཡི་དོན་དུ་བརྩམས། །དགེ་བས་སེམས་ཅན་ཀུན་གྱིས་འཕགས་ཐོབ་བསྔོ། །གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་དང་། ༦.དམ་ཚིག་ལྔ་པ་ཞེས་པ་ལས། དམ་ཚིག་ལྔ་པ་ཞེས་བྱ་བ་སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ། །དཔལ་རིགས་པའི་འབྱུང་གནས་ཀྲ་མ་ཤཱི་ལིའི་གཙུག་ལག་ཁང་དུ་ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་དང་། ༧.མཆོག་ར་བ་སྙིང་པོ་རྩ་བའི་མན་ངག་ལས། མཆོག་ར་བ་སྙིང་པོ་རྩ་བའི་མན་ངག་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ།། །།ཞེས་དང་། ༨.རྡོ་རྗེ་རྣམ་པར་འཇོམས་པའི་ཐེམ་ཡིག་གསང་བ་ལས། ཐེམ་ཡིག་གསང་བ་ཞེས་བྱ་བ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་དང་། ༩.ཁར་ས་པ་ཎའི་སྒྲུབ་ཐབས་ལས།ཁར་ས་པ་ཎ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།པདྨ་འབྱུང་གནས་བློ་གྲོས་ཀྱི་ཞལ་སྔ་ནས་མཛད་པའོ།། །།པཎྜི་ཏ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །ཞེས་དང་།  ༡༠.ཀླུ་སྒྲུབ་ཀྱིས་མཛད་པའི་དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་པ་ལས། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བའི་རྒྱན། བླ་མའི་མན་ངག་རྒྱུད་མ་ཆད་པ། དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་བྱ་བའི་སྒྲུབ་ཐབས་ཆེན་པོ་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་རོ། །སླད་ཀྱིས་ཀྱང་པཎྜི་ཏས་རྒྱ་གར་ཕྱོགས་ནས་སྒྲ་རང་འགྱུར་དུ་བསྒྱུར་རོ། །བི་ལ་བཛྲ་ལས་བླ་མ་སྨན་བཙུན་ཁྲོས་པ་ལ་གནང་། དེས་དངོས་ལ་གནང་བ་ལགས་སོ།། །།ཞེས་དང་། ༡༡.པོ་ཏ་ལའི་ཁར་ས་པཱ་ཎིའི་སྒྲུབ་ཐབས་ལས། པོ་ཏ་ལའི་ཁར་ས་པཱ་ཎིའི་སྒྲུབ་ཐབས། སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་པའི་ཕྱིར། དེས་ན་གཞུང་དེ་དག་མཛད་པ་པོ་པདྨ་འབྱུང་གནས་ཡིན་པ་དངོས་སུ་གསལ་བ་དང་། བསྒྱུར་བའི་ཁུར་བཞེས་པའི་ལོ་ཙཱ་བ་དག་ཀྱང་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཚད་ལྡན་དང་། ཞུ་ཡུལ་གྱི་པཎྜི་ཏ་དག་ཀྱང་མཁས་པ་ཚད་ལྡན་དུ་ངེས་པའི་ཕྱིར་ན་མེད་པ་ཞིག་ལ་ཡོད་པ་སྐད་དུ་བཅོས་པ་ནི་གནས་མེད་དོ། །གཉིས་པ་མཚོ་སྐྱེས་རྡོ་རྗེའི་མཚན་ཅན་གྱི་སློབ་དཔོན་མཁས་པ་ཞིག་རྒྱ་གར་དུ་བྱོན་མྱོང་བ་གྲུབ་སྟེ། ༡.བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། ཟླ་བའི་རིགས་ལ་དངོས་གྲུབ་བརྙེས། །པདྨ་ནི་དང་ལྷན་ཅིག་བཞུགས། །མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ༢.དཔལ་ཀྱེ་རྡོ་རྗེའི་བྷ་ཌ་རཱ་གའི་བསྟོད་པ་ཞེས་བྱ་བ་ལས། རྗེ་བཙུན་དཔལ་ཀྱེ་རྡོ་རྗེའི་བྷ་ཌ་རཱ་གའི་བསྟོད་པ་ཉི་ཤུ་པ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །ཞེས་དང་། ༣.ཀྱེའི་རྡོ་རྗེའི་འགྲེལ་པ་པདྨ་ཅན་ལས། རྡོ་རྗེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཀྱེའི་རྡོ་རྗེའི་རྒྱུད་ལས་བརྟག་པ་དང་པོའི་བཤད་པ་རྫོགས་སོ།། །།ཞེས་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ། དཔལ་ཀྱེའི་རྡོ་རྗེའི་འགྲེལ་པ་པདྨ་ཅན་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཀྵི་ཏི་གརྦྷའི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དབེན་གནས་རྩེད་ཀྱི་སྟག་ལུང་དུ་སླད་ནས་ཡང་སྐད་གསར་ཆད་ཀྱིས་ཊཱི་ཀཱ་དང་གཏུགས་ཏེ་གཏན་ལ་ཕབ་པའོ།། །།ཞེས་དང་། ༤.ཨཽ་ཊྱཱན་གྱི་སློབ་དཔོན་ཟབ་པའི་རྡོ་རྗེས་མཛད་པའི་དཔལ་ཟབ་མོའི་དོན་གསལ་བ་རྨད་དུ་བྱུང་བ་ཆེན་པོ་ཞེས་བྱ་བ་པཎྜི་ཏ་ཤེས་རབ་གསང་བ་དང་། ལོ་ཙཱ་བ་གཡུང་དྲུང་སྙིང་པོས་བསྒྱུར་བ་ལས། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ནམ་མཁའ་ནི་རྣམ་པར་ཤེས་པ། ནམ་མཁའ་ཐིམ་པ་ནི་འབྱུང་བ་ཆེན་པོ་ལྔ་ལ་ཁྱབ་པར་གནས་པའོ། །ཞེས་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་སྲིད་པ་ནི་མཆོག་གི་དགའ་བའི་རང་བཞིན་ཤུ་ཀྲ། རིགས་ཞེས་བྱ་བ་ནི་རཀྟ། ཟླ་བ་བྱང་ཆུབ་ཀྱི་སེམས་ལ་རིགས་སྐྱེ་བ། ཉི་མ་ལ་རཀྟ་ཞེས་བྱ་བའི་དོན་ཏོ། །ཞེས་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ལུས་དང་ངག་དང་ཡིད་འབབ་པ་དེ་ནི་ནང་གི་དཀྱིལ་འཁོར་གྱི་རྣམ་པར་དག་པའོ། །ཞེས་དང་། དེའི་སྲོག་གཅོད་པ་ལས་ཡང་དག་པའི་རབ་མཆོག་གི་དགའ་བའི་ངོ་བོ་བསོད་ནམས་ཀྱི་འབྲས་བུ་རྙེད་ཅེས་ལུང་གི་གོ་རིམས་ཀྱིས་དཔལ་པདྨ་ཤྲཱི་ཀ་རའི་གཞུང་ངོ་། །ཞེས་དང་། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་གིས་ཕྱག་རྒྱའི་དངོས་གྲུབ་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཉེ་བར་བརྟགས་པའི་དོན་གྱི་ཕྱིར་རྣལ་འབྱོར་མ་འདུས་པའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ལས་ལེའུ་བཅུ་བཞི་པའི་བཤད་པའོ།། །།ཞེས་དང་། རྒྱུད་ཀྱི་མན་ངག་གི་གོ་རིམས་ཀྱི་མན་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་གཞུང་འདི་ལྟ་སྟེ། ཞེས་དང་། ༥.ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོས་མཛད་པའི་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་(ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དཔྱལ་ཆོས་ཀྱི་བཟང་པོས་དཔལ་བཀྲ་ཤིས་གསེར་སྡིངས་ཀྱི་གཙུག་ལག་ཁང་དུ་ལེགས་པར་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ། སླར་ཡང་དགེ་བའི་བཤེས་གཉེན་ར་ལུང་པ་ཆོས་གྲགས་དཔལ་བཟང་པོས། ཡང་ཡང་དུ་བསྐུལ་བའི་ངོར་དཔང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས་ལེགས་པར་བཅོས་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ།) དཔྱལ་ལོ་ཆོས་བཟང་དང་དཔང་ལོ་བློ་བརྟན་གྱི་འགྱུར་ལས། དཔལ་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱིས་ཀྱང་གསུངས་པ། གང་ཞིག་ཟླ་ཉི་སྦྱར་སར་གནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་པོ་རིག་མར་བཅས། །ཉིད་ཀྱི་སྦྱོར་བས་འཇིག་རྟེན་གསུམ་པོ་ནི། །རྒྱལ་བའི་དཀྱིལ་འཁོར་རྣམས་པ་འདི་སྤྲུལ་ནས། །འདི་ཀུན་མ་ལུས་པ་དང་རིག་མ་ཡང་། །བདག་ལ་བསྡུས་ནས་བདེ་བ་དམ་པ་སྩོལ། །ཤེས་རབ་ཆགས་རོ་བདུད་རྩི་གཉུག་མ་ཡི། །གནས་སུ་ཐིམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ༦.དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་ལས། དཔལ་ཀྱེ་རྡོ་རྗེའི་མར་མེའི་རྩེ་མོ་ལྟ་བུའི་གདམས་ངག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། བླ་མ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །།ཞེས་དང་། ༧.སྦྱིན་སྲེག་གི་ཆོ་ག་ལས། སྦྱིན་སྲེག་གི་ཆོ་ག་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། །།ཞེས་དང་། ༨.ཀྱེའི་རྡོ་རྗེའི་དཀྱིལ་འཁོར་གྱི་ལས་ཀྱི་རིམ་པ་ཞེས་པ་ལས། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ཞེས་དང་། ༩.སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་དཔལ་ས་ར་ཧའི་དོ་ཧ་མཛོད་ཀྱི་དཀའ་འགྲེལ་ལས། གལ་ཏེ་རེ་ཞིག་བླ་མའི་བཀའ་བདེན་པར་ཡིད་ཆེས་པ་དེའི་ཚེ། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གིས་ངས་འདིར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །ཞེས་དང་། ༡༠.མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བར་བཤད་པའི་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ་ལས། མཚོ་སྐྱེས་རྡོ་རྗེས་སྨྲས་པ། ལྟེ་བ་མཁའ་དབྱིངས་གྲུ་གསུམ་དུ། །རིག་པའི་ལྷ་མོའི་སྐུར་གསལ་ཏེ། །འོད་ཟེར་སྤྲོ་བསྡུས་འགྲོ་དོན་བྱེད། །སྐུ་གསུམ་གཞན་ནས་བཙལ་མི་དགོས། །གསུང་ངོ་། །ཞེས་དང་།  ༡༡.ཡང་རྗེ་དམ་པ་ལ་མཁའ་འགྲོ་མས་གཏད་པར་བཤད་པའི་ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་ངག་ལས། མཚོ་སྐྱེས་རྡོ་རྗེས་སྨྲས་པ།དཔེ་ཡི་ཡེ་ཤེས་མཚོན་དུ་མེད། །དོན་གྱི་ཡེ་ཤེས་སྒོམ་དུ་མེད། །ཐབས་ཀྱི་མན་ངག་སྨྲ་རུ་མེད། །བླ་མའི་དྲིན་ལན་འཁོར་ཐབས་མེད། །གསུང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་པདྨ་འབྱུང་གནས་དང་། མཚོ་སྐྱེས་རྡོ་རྗེ་ཞེས་པའི་མཚན་དངོས་སུ་ཐོན་པའི་སློབ་དཔོན་མཁས་པ་ཞིག་རྒྱ་གར་དུ་བྱུང་བ་ལུང་འདི་དག་གིས་གྲུབ་པ་རྩོད་པ་ཅི་ཡང་མེད་པ་གང་ཞིག །དེ་ནི་རང་ཅག་གི་སློབ་དཔོན་བཀའ་དྲིན་ཅན་པདྨ་སཾ་བྷ་ཝ་ཡིན་པ་ནི་མཚན་མཐུན་པས་སྒྲུབ་རུང་ལ། མ་ཡིན་ཞེས་པའི་སྒྲུབ་བྱེད་གཞན་ནི་སུས་ཀྱང་རྙེད་མི་ནུས་སོ། །བོད་ཀྱི་སྔོན་གཤེགས་པ་མང་པོས། ཀྱེ་རྡོ་རྗེའི་སྒྲུབ་ཐབས་སོགས་མཛད་པ་པོའི་མཚོ་སྐྱེས་རྡོ་རྗེ་དེ་པདྨ་འབྱུང་གནས་སམ་གུ་རུ་མཚོ་སྐྱེས་རྡོ་རྗེ་མ་ཡིན་པར་འདོད་པ་ནི་རྒྱུ་མཚན་ཏིལ་ཙམ་མེད་པའི་མཁྲེགས་འཛིན་ཙམ་ལས་ལུང་དང་རིགས་པ་ཡང་དག་གིས་སྒྲུབ་ཏུ་ཅི་ཡང་མེད་ཅིང་། ཡིད་ཆེས་པའི་ལུང་ལོ་རྒྱུས་ཡང་དག་དེ་བས་ཀྱང་སྨྲ་རུ་མེད་དོ། །གོང་དུ་དྲངས་ཟིན་པའི་སློབ་དཔོན་ཆེན་པོ་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་དཔལ་ས་ར་ཧའི་དོ་ཧ་མཛོད་ཀྱི་དཀའ་འགྲེལ་ལས། འོན་ཀྱང་། བླ་མ་མཆོག་གིས་གསུངས་པ་རྣམས། །ཐམས་ཅད་ལ་ནི་ཡིད་ཆེས་གྱིས། །མདའ་བསྣུན་ང་ཡི་ངག་གིས་བསྟན། །ཞེས་གསུངས་ཏེ། གལ་ཏེ་རེ་ཞིག་བླ་མའི་བཀའ་བདེན་པར་ཡིད་ཆེས་པ་དེའི་ཚེ། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གིས་ངས་འདིར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །གདོད་ནས་དག་པའི་ནམ་མཁའ་ལ། །ཞེས་དང་། འདི་ལྟ་བུ་ཡི་ཡིད་མེད་པ། །ཐུབ་པ་མདའ་བསྣུན་ང་ཡིས་རྟོགས། །ཞེས་གསུངས་ཏེ། འདི་ལྟ་བུ་ཡིད་མེད་པར་མཚོན་པའམ། ཡང་ན་ཡིད་མེད་པ་ཐུབ་པ་སྟེ། བཅོམ་ལྡན་འདས་སོ། །དེ་ནི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ཡིན་ཏེ། དེས་དོན་དམ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་གསུངས་པའོ། །ཞེས་གསུངས་པ་དེ་ལ་བོད་མང་པོས། མཚོ་སྐྱེས་རྡོ་རྗེ་ཞེས་པ་དཔལ་ལྡན་ས་ར་ཧའི་བླ་མ་ཡིན་པས་གུ་རུ་མཚོ་སྐྱེས་རྡོ་རྗེ་ནི་ཕྱིས་སུ་བྱོན་པ་དང་ས་ར་ཧ་ནི་དུས་ཚོད་སྔ་བས་དེའི་བླ་མ་མཚོ་སྐྱེས་རྡོ་རྗེ་ཟེར་བ་དེ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིན་པའི་གནས་མེད་དོ་ཟེར། བདག་གིས་དཔྱད་ན། དཀའ་འགྲེལ་ལས། བཅོམ་ལྡན་འདས་སོ། །དེ་ནི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ཡིན་ཏེ། ཞེས་པ་འདི་ཐུབ་པ་བཅོམ་ལྡན་འདས་ཞེས་པ་དེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་ཞེས་པ་ཡིན་པ་མདའ་བསྣུན་པ་ས་ར་ཧ་ང་གིས་རྟོགས་པ་ཡིན་ཞེས་པའི་དོན་ནི་མིན་པར། དཔལ་ས་ར་ཧས། འདི་ལྟ་བུ་ཡི་ཡིད་མེད་པ། །ཐུབ་པ་མདའ་བསྣུན་ང་ཡིས་རྟོགས། །ཞེས་པ་ནི། ཐུབ་པ་བཅོམ་ལྡན་འདས་ལ་ཟེར་ཞིང་། དེ་ཡང་བླ་མ་སངས་རྒྱས་སུ་བལྟ་བའི་དབང་དུ་བྱས་ན་དཀའ་འགྲེལ་རྩོམ་པ་པོ་གཉིས་སུ་མེད་པའི་རྡོ་རྗེ་རང་གི་བླ་མ་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ཞབས་ཡིན་ཏེ། ཞེས་འགྲེལ་བ་ཡིན་པར་གོར་མ་ཆག་སྟེ། གོང་དུ་དཀའ་འགྲེལ་ལས། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གིས་ངས་འདིར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །ཞེས་བཤད་པའི་ཕྱིར། དེ་ཡིན་ཏེ། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་གི་མཐུ་ལ་བརྟེན་ནས་གཉིས་སུ་མེད་པའི་རྡོ་རྗེ་ངས་འདིར་ས་ར་ཧས་ཤཱཀྱ་ཐུབ་པ་དང་གཉིས་སུ་མེད་པའི་རང་གི་བླ་མའི་གསུང་ལ་བརྟེན་ནས་མན་ངག་འདི་དོ་ཧའི་ངག་གིས་བསྟན་པ་ལྟར་དོ་ཧ་ཀོ་ཤའི་འགྲེལ་པ་བྱས་སོ། །ཞེས་གསུངས་པ་ཡིན་པའི་ཕྱིར། དེ་ཡང་ཡིན་ཏེ། གལ་ཏེ་ས་ར་ཧས། བླ་མ་མཚོ་སྐྱེས་རྡོ་རྗེ་མཆོག་གི་ཞབས་ཀྱི་གསུང་ལ་བརྟེན་ཟེར་བ་ཡིན་ན་དོ་ཧ་བྱས་སོ་ཞེས་བརྗོད་རིགས་ཀྱི་དོ་ཧ་ཀོ་ཤའི་འགྲེལ་བ་བྱས་སོ་ཞེས་འགྲེལ་བ་བྱས་པ་དམིགས་སུ་ཕྱེས་ནས་བརྗོད་མི་རིགས་པའི་ཕྱིར་རོ། །དེས་ན་གཉིས་སུ་མེད་པའི་རྡོ་རྗེ་ནི་མཚོ་སྐྱེས་རྡོ་རྗེའི་སློབ་མ་ཡིན་ནམ་སྙམ་མོ། །དེ་བཞིན་དུ་བོད་རྣམས་ཀྱིས་དཔལ་ས་ར་ཧ་དེ་འཕགས་པ་ཀླུ་སྒྲུབ་ཀྱི་བླ་མ་ཡིན་ཟེར་བ་དག་ན། གོང་དུ་སྨོས་ཟིན་གྱི་ཀླུ་སྒྲུབ་ཀྱིས་མཛད་པའི་དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་པ་དེ་པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་བ་ཡིན་པ་དངོས་སུ་གསལ་བས་གུ་རུ་པདྨ་འབྱུང་གནས་ཀླུ་སྒྲུབ་ཀྱི་རྗེས་སུ་བྱོན་པ་ནི་ལུང་དེ་དང་དུས་ཚོད་གྱི་གོ་རིམ་ཡོངས་གྲགས་ཀྱིས་ཤེས་ནུས་པས་ཁ་ཅིག་ལྟར་མཚོ་སྐྱེས་རྡོ་རྗེ་ས་ར་ཧའི་བླ་མ་ཡིན་འདུག་པས་གུ་རུ་པདྨ་འབྱུང་གནས་ནི་ཀླུ་སྒྲུབ་ཀྱི་བླ་མའོ་ཞེས་གླེན་གཏམ་མི་གྱེར་བ་གལ་ཆེའོ། །གཞན་ཡང་། ༡.ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ལས། སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་གྲུབ་པ་བརྙེས་པའི་སློབ་དཔོན་དཔལ་ཛཱ་ལནྡྷ་རི་ཞབས་ཀྱིས་མཛད་པ་འདི་ཡོངས་སུ་རྫོགས་སོ།། །།པཎྜི་ཏ་མཉྫུ་ཤྲཱི་ལ་མཉན་ནས། ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །ཞེས་དང་། དེ་ལས། དེ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དབྱེ་བ་རྣམས་འཕགས་པ་མཚོ་སྐྱེས་ཀྱི་ཞབས་ཀྱི་སྐུ་དྲིན་ལས་བརྗོད་པར་བྱ་སྟེ། ཞེས་དང་། ༢.དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། དེ་ལ་དཔལ་ལྡན་སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་མཛད་པའི་སྣ་ཚོགས་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བསྡུས་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ་དཔལ་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་མཛད་དོ། །ཞེས་དང་། ༣.སློབ་དཔོན་དཔལ་སྒྲ་གཅན་གསང་བའི་ཞབས་ཀྱིས་མཛད་པའི་དཔལ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། འདིར་ཛཱ་ལནྡྷ་རི་པའི་ཞབས་ཀྱིས་མཚོ་སྐྱེས་ཞབས་ཀྱི་རྣམ་པར་བཤད་པར། འདིས་དེའི་ས་བོན་གྱི་ཡི་གེ་དང་ཟླ་བ་དང་ཉི་མ་དག་ཀྱང་འདྲེས་པར་གྱུར་པ་ཞེས་པ་འདིས་ཡེ་ཤེས་གསུམ་པོ་མེད་པར་བསྟན་ཏོ། །ཞེས་དང་། ༤.གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལས།  གླུའི་དེ་ཁོ་ན་ཉིད་ཅེས་བྱ་བ་སློབ་དཔོན་མཁས་པ་དཔལ་མཚོ་སྐྱེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།།  །།རྒྱ་གར་གྱི་མཁན་པོ་རཏྣ་བཛྲ་དང་། དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། །ཞེས་དང་། ༥.དགྱེས་པའི་རྡོ་རྗེའི་མཎྜལ་གྱི་ཆོ་ག་ལས། དགྱེས་པའི་རྡོ་རྗེའི་མཎྜལ་གྱི་ཆོ་ག། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་རྫོགས་སོ།། །།ཞེས་དང་། ༦.སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ལོ་ཙཱ་བ་དགེ་སློང་བརྩོན་འགྲུས་སེང་གེའི་འགྱུར་ལས། དེ་སྐད་དུ་ཡང་སློབ་དཔོན་མཚོ་སྐྱེས་ཀྱིས་རྣམ་པར་བསྡུས་པ་ལས། དངོས་གྲུབ་ཐམས་ཅད་གཞིར་གྱུར་པ། །རྩ་བ་དང་ནི་ཡན་ལག་གོ། །རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་རྩ་བ་དུས་འདས་པ། །ལྕི་བ་ཞེས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཕྲ་མོའི་ཕྲ་བ་དཀྱིལ་འཁོར་གཅིག །ཉེས་པ་མེད་པ་གནང་ལ་སོགས། །ཞེས་བཤད་པའི་ཕྱིར་རིགས་གཉིས་སུ་ཤེས་པར་བྱའོ། །ཞེས་པའི་སྐབས་ཀྱི་མཚོ་སྐྱེས་ཞེས་པ་འདི་ཡང་མཚོ་སྐྱེས་རྡོ་རྗེའི་མཚན་བསྡུས་པ་ཡིན་ཞིང་། དེ་ཡང་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡིན་པར་གྲུབ་པས་འདིར་དྲངས་པའི་ལུང་དག་གིས་གཞུང་འདི་དག་གསུང་པ་པོ་དང་། འགའ་རེ་བསྒྱུར་པ་པོ་དེ་སློབ་དཔོན་པདྨ་འབྱུང་གནས་ཡིན་པ་གྲུབ་བྱེད་དུ་གྱུར་པ་ལས་དེ་ཡིན་པའི་གནོད་བྱེད་དུ་མི་འགྲོའོ། །ཡང་མཁས་པ་འགའ་རེས་རྒྱ་གར་དུ་བྱོན་པའི་གྲུབ་ཐོབ་པདྨ་བཛྲ་ཞེས་པ་དེ་ཡང་པདྨ་འབྱུང་གནས་ཡིན་པར་བཞེད་ལ། སློབ་དཔོན་ཆེན་པོའི་མཚན་གྱི་རྣམ་གྲངས་སུ་དེ་ལྟར་བྲིས་པ་ཡང་མང་ལ། དེ་འདྲའི་སློབ་དཔོན་ཞིག་འཕགས་ཡུལ་དུ་བྱོན་པ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས། ཁྱིམ་པའི་ལུས་ལ་ཐར་བུའི་རིགས། །ཤིང་ཐོག་ཟ་ཞིང་ལམ་མཆོག་བརྙེས། །པདྨ་བཛྲ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་ཀྱང་ཤེས་ནུས་པའི་ཕྱིར་རོ། །དེ་དག་ནི་བོད་ཡིག་གི་བསྟན་འགྱུར་ལས་བྱུང་བའི་འཕགས་ཡུལ་དུ་པདྨ་འབྱུང་གནས་དང་མཚོ་སྐྱེས་རྡོ་རྗེ་དངོས་སུ་བྱོན་པའི་བདེན་དཔང་གི་ལུང་བཏུས་ཙམ་སྟེ། འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཕྱིའི་རྣམ་པར་ཐར་བ་ཚུར་མཐོང་སྐྱེ་བོའི་སྣང་ངོའི་རྣམ་གཞག་དང་མཐུན་པར་འཚོལ་བའི་ཐོག་མའི་གོམ་པ་དང་པོའོ། །ད་ནི་རང་རང་གི་བླ་མས་བྲིས་པའི་བཀའ་བསྡུས་སུ་གྲགས་པའི་ཤོག་ལྷེ་རེ་ཟུང་ལ་དད་པས་ཐལ་མོ་སྦྱོར་བ་ཙམ་གྱིས་གུ་རུ་བཀའ་དྲིན་སྐྱོབ་མི་ནུས་པར་འཇིག་རྟེན་མི་གྲལ་དང་དམ་པའི་ལྷ་གྲལ་ནས་ཕུད་རྩིས་བྱེད་ཀྱིན་འདུག་པ་ལ་སེམས་ཁྲལ་ཆེན་པོས་ཁོང་གི་རྣམ་ཐར་དངོས་སུ་འཚོལ་བ་དང་། ཡིག་རིགས་གཞན་ཐོག་ནས་ཀྱང་འཚོལ་བའི་བརྩོན་པ་ལྷུར་ལེན་པར་བྱའོ། །དོན་གྱི་དམ་པའི་རྣམ་ཐར་རྒྱ་ཆེ་ཡང་། །དུས་དབང་དུས་ཀྱིས་བསྐལ་བས་ཡིག་རིས་སུ། །མཐོང་བ་དཀོན་ནོ་ཛནྟུ་ཕ་ལ་འདྲ།།མཁོ་དུས་མི་རྙེད་བཛྲ་ཧི་རར་མཚུངས། །ཕལ་བའི་ཆོས་དང་འཇིག་རྟེན་དཀར་ནག་ཟུང་། །གཅིག་བསྒྲིལ་ཐ་གུ་ཁྲ་བོའི་བྱུང་བ་ནི། །རྣམ་ཐར་སྒྲོ་བཏགས་གླེགས་བམ་རི་བརྩེགས་པ། །མཁོ་བའི་གནས་ཆུང་སུན་པ་སྐྱེ་བའི་རྒྱུ། །ཐོས་བསམ་རྩལ་ཞན་སྒོམ་པའི་ཟོལ་གར་མཁན། །ལྷ་དང་མཛེས་མས་ལུང་སྐལ་ཐོབ་བརྫུས་ཀྱིས། །ཅོལ་ཆུང་སྣང་བ་བྲིད་པའི་པུསྟི་ཡིས། །ཚུར་མཐོང་མི་ཡི་རྣམ་གཞག་སྐོང་ནུས་ཅི།།ཅི་ཡང་མིན་ཡང་ཅི་ཡང་ཡིན་དགོས་ཀྱིས། །འུད་ཤོབ་འཁར་རྔ་ལྡིར་བས་ཀུན་གྱི་ཡིད། །བཏང་སྙོམས་མལ་ལས་སློང་བའི་སྤྱི་བརྟོལ་མཁན། །སྨྲ་མེད་ལྕེ་ཡི་སྒྲོག་དེ་ལུང་རིགས་མཁོ། །ཞེས་རྗེས་དཀར་བན་རྒན་བྱ་རོག་གདོང་ཅན་ནས་བཏུས་ཤིང་བསྐུལ་བའོ། ། ། །

རྩོམ་སྒྲིག་པ། ཀློང་གསལ།

47.2K