༄༅། །གནུབས་ཆེན་གྱི་རྣམ་ཐར་དང་འབྲེལ་བའི་ཧྭ་ཤང་སྐོར་གྱི་དཔྱད་རྩོམ།

རྭ་བློ་གྲོས་དྲི་མེད།

དེའང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཉིད་སྐུ་མ་འཁྲུངས་པའི་སྔོན་དུ་ཕ་མེས་ཀྱི་དུར་ས་སྒྲགས་ཀྱི་རི་བོ་ཆེར་ཙནྡན་གྱི་ལྗོན་པ་སྐྱེས་པ་སོགས་ངོ་མཚར་བའི་ལྟས་དུ་མར་བྱུང་བ་ན། མངོན་ཤེས་ཀྱི་གཟིགས་པ་མངའ་བའི་རྒྱ་ནག་ཧྭ་ཤང་གིས་བརྟགས་ཏེ། ཁྱིམ་རྒྱུད་དེར་མི་རིང་པར་སྐྱེས་བུ་ཁྱད་པར་ཅན་ཞིག་འཁྲུངས་པའི་སྔ་ལྟས་ཡིན་པས་དེ་ཉིད་འཚོ་ཞིང་གསོ་བའི་ཆོ་ག་འདི་ལྟར་གྱིས་ཞེས་སྔོན་ནས་ལུང་བསྟན་པ་བཞིན་ཡབ་ཡུམ་གཉིས་ཀས་ཀྱང་དོན་དག་རྣམས་ལེགས་པར་བསྒྲུབས། གནུབས་ཆེན་འདིའི་འཁྲུངས་འདས་ལོ་ཚིགས་དང་དགུང་གྲངས་མང་ཉུང་གི་འདོད་ཚུལ་ནི། ཕྱི་ལོ་༨༣༢ལོ་སྟེ་ཆུ་བྱི་ལོར་འཁྲུངས་ནས། ༩༤༢ཆུ་སྟག་དང་། ༩༤༣ཆུ་ཡོས། ༩༤༤ལོ་སྟེ་ཤིང་འབྲུག་ལོ་གང་རུང་དུ་གཤེགས་པར་འདོད་པ་དག་གིས་དགུང་ལོ་བརྒྱ་དང་བཅུ། བརྒྱ་དང་བཅུ་གཉིས། བརྒྱ་དང་བཅུ་གསུམ་དུ་འདོད་མཁན་བྱུང་ཡོད་པ་རེད། ཡང་༨༢༦ལོ་སྟེ། མེ་ཕོ་རྟའི་ལོར་སྐུ་འཁྲུངས་ནས། ༩༥༦མེ་འབྲུག་ལོར་གཤེགས་པར་འདོད་པ་དང་། ཡང་འགའ་ཞིག་གིས་བཤད་ན། ༨༣༢ལོ་སྟེ། ཆུ་བྱི་ལོར་འཁྲུངས་ཏེ་དགུང་ལོ་བརྒྱ་དང་སུམ་ཅུར་བཞུགས་པར་འདོད་པ་རེད། དེང་སང་ཁ་ཅིག་གིས་འཁྲུངས་ལོ་༧༨༤ལོ་སྟེ། ཤིང་བྱི་ནས། གྲོངས་ལོ་༨༦༦ཤིང་བྱ་ལོའི་བར་ཏེ། དགུང་ལོ་བརྒྱ་ཅུ་རྩ་གཉིས་ལ་བཞུགས་པར་སྨྲ་བ་བཅས་འདོད་ཚུལ་སྣ་ཚོགས་ཡོད་མོད་ཀྱང་། འདིར་ནི་གནུབས་ཆེན་གྱི་རང་རྣམ་བཀའ་ཤོག་ཆེན་མོ་ལས། དེ་ནས་ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ར་ཟླ་བ་ལ། །བདག་ཉིད་མ་ཡིས་རུམ་ནས་བཙས་སོ་སྐད། །ཅེས་འཁྲུངས་ལོ་ཤིང་བྱི་ཡིན་པ་ཉིད་ཀྱིས་གསལ་བོར་བསྟན་ཡོད་པ་ལྟར། ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་མཚོ་གཉིས་ཀྱིས་སྲས་སུ། ཕྱི་ལོ་༧༨༤ལོ་སྟེ། ཤིང་ཕོ་བྱི་བའི་ལོའི་དཔྱིད་ཟླ་དང་པོའི་ནང་དུ། དབུ་རུའི་སྒྲགས་ཀྱི་ཕུར་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་ཧྲིལ་པོ་བརྒྱ་དང་བཅུ་གཉིས་སམ་ལོ་ངོ་བརྒྱ་དང་བཅུ་གསུམ་དུ་བཞུགས་ནས། མཐར་༨༩༦ལོ་སྟེ་མེ་འབྲུག་ལོར། དགོངས་པ་ཆོས་དབྱིངས་སུ་བསྡུས་པ་ནི་མཁས་པ་མང་ཕྱོགས་ཀྱི་འདོད་ཚུལ་ཡིན་པས་འདི་བཞིན་ཅུང་ཟད་འཐད་པ་འདྲ་ཡང་ད་དུང་དཔྱད་དགོས། ཡང་ཁོང་ཉིད་ཀྱི་རང་རྩོམ་ལས། གནུབས་ཀྱི་སངས་རྒྱས་ངས། །ལོ་བརྒྱ་དང་སུམ་ཅུ་ལོན། །ཞེས་གསུངས་པ་ཙམ་ལ་བརྟེན་ནས། ཁ་ཅིག་གིས་གནུབས་ཆེན་ཉིད་དགུང་ལོ་བརྒྱ་དང་སུམ་ཅུ་ལོན་པར་བཤད་པའང་མ་ངེས་ཏེ། དབུས་གཙང་ཕྱོགས་ཀྱི་ཡུལ་ལུང་དུ་མ་ཞིག་ན། གནའ་བོའི་མི་འགའ་རེས་བརྒྱ་དང་བཅུ་གསུམ་གྱི་གྲངས་ཚད་ལ་བརྒྱ་དང་གསུམ་བཅུའམ་གསུམ་དང་བཅུ་ཞེས་གོ་ཟློག་བྱས་ཏེ་བརྩི་སྲོལ་ཡོད་པར་མ་ཟད། གནུབས་ཆེན་གྱི་ངོ་སྤྲོད་རེ་ཟུང་ལས། དགུང་ལོ་བརྒྱ་ཅུ་རྩ་གཉིས་ལ་སྐུ་གྲོངས་པར་བཤད་པའང་དགུང་ལོ་ཧྲིལ་པོ་བརྒྱ་དང་བཅུ་གཉིས་ལ་སྐུ་གཤེགས་པའི་ཚིག་ཟུར་ཉམས་ནས་དཔེ་ངན་རྒྱུན་འབྱམས་སུ་སོང་བ་ཡིན་སྲིད། འོན་ཀྱང་གོང་དུ་བཤད་པ་བཞིན་གནུབས་ཆེན་གྱི་འཁྲུངས་འདས་ལོ་ཚིགས་ལ་འདོད་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བའི་རྒྱུ་མཚན་ནི། ཅིག་ཐང་ན་ཚེ་ཡི་རིག་འཛིན་བརྙེས་པའི་སྐུ་ལ་སོ་སྐྱེ་ཕལ་བས་ལག་འཇལ་བྱས་པའམ་འཕགས་པའི་ལམ་ལ་འཇིག་རྟེན་མཐུན་སྣང་གི་རྒྱས་འགེབས་བྱས་ཏེ། དམིགས་བསལ་གྱི་ཆོས་ཉིད་འགའ་ཞིག་སྤྱིར་བཏང་བའི་བློ་ཡུལ་དུ་མ་ཤོང་བ་ཡིན་སྲིད། ཁྱད་པར་དུ་བོད་ཀྱི་རྒྱལ་རབས་ལོ་ཚིགས་དང་བསྟན་སྣུབས་ཀྱི་དུས་རིམ་སོགས་ངེས་བརྟན་མེད་པའི་དབང་གིས། ལ་ལས་གཟུ་ལུམ་རིས་གཅོད་བྱས་ཏེ་གནུབས་ཆེན་རིན་པོ་ཆེའི་རང་རྣམ་བཀའ་རྩོམ་རྣམས་ལས་གསལ་བའི་ལོ་ཚིགས་དག་ཀྱང་སོམ་ཉིའི་གནས་སུ་བསྐྱལ་ཡོད་པ་རེད། གནུབས་ཆེན་འདི་ལ་སྐུ་ཚེ་སྔ་མའི་འདུལ་ཞིང་གི་ལྷག་མ་ལུས་ཡོད་པ་དང་། སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་རང་གི་རྩ་བའི་བླ་མ་གཉགས་ཛྙཱ་ན་ཀུ་མ་རའི་སྐུ་དགྲ་བཏུལ་བའི་ཤ་མཁོན་ཡོད་པ་ཡིན་ལ། གནུབས་ཆེན་ནི་སོག་པོ་དཔལ་གྱི་ཡེ་ཤེས་ཀྱི་ཐུགས་སྲས་ཡིན་པའི་རྒྱུ་མཚན་དང་། དེ་བཞིན་བོད་ཀྱི་རྒྱལ་ཁྲིམས་ཞིག་ཅིང་ཕྱོགས་རིས་འཁྲུག་རྩོད་བྱུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན། བར་སྐབས་ཤིག་ནས་ཡུལ་པའི་ཁེངས་ལོག་སྔ་ཕྱི་བར་གསུམ་རིམ་བཞིན་བྱུང་སྟེ་གནུབས་ཆེན་ཡབ་སྲས་ལ་འོ་བརྒྱལ་ཆེན་པོ་འཕྲད་པར་གསུངས། ཡང་ཆོས་འབྱུང་ལོ་རྒྱུས་དུ་མ་ལས། བོད་རྒྱལ་གླང་དར་མས་བསྟན་པ་བསྣུབས་པའི་ཚེ་ན། གནུབས་ཆེན་གྱི་ནུས་པའི་མཐུ་དང་རྫུ་འཕྲུལ་བཙན་པོ་གླང་དར་མ་ལ་ངོམ་པར་བྱས་པས་དགེ་འདུན་སྔགས་པ་རྣམས་ལ་མི་བསྡོ་བར་ཁས་བླངས་མོད། སླར་ཡང་བསྟན་བསྣུབས་ཀྱི་བྱ་བ་ཐུགས་ཀྱིས་མ་བཟོད་པར་དྲག་སྔགས་བྱས་ནས་མངོན་སྤྱོད་ཀྱི་ཐུགས་རྗེས་མཚམས་སྦྱར་བར་དགོངས་ཏེ། བལ་པོར་ཕྱིན་ནས་སློབ་དཔོན་བ་སུ་དྷ་རའི་མདུན། དྲག་སྔགས་སྤུ་གྲི་རེག་ཆོད་མང་པོ་མནོས་པ་ཚགས་སུ་བཙུད་ནས་ཚུར་བྱོན་དུས། རྒྱལ་པོ་སྡིག་ཅན་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་པས་དྲག་སྔགས་རྣམས་གཞན་ལ་འཆོལ་གྱིས་དོགས་ནས་གཏེར་དུ་སྦས་པར་བཤད། དེར་བརྟེན། གནུབས་ཆེན་རིན་པོ་ཆེ་ནི་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་བཟུང་སྟེ། རྒྱལ་སྲས་དཔལ་འཁོར་བཙན་ཡབ་སྲས་ཀྱི་བར་དུ་བཞུགས་པའི་གསུངས་རྒྱུན་ཡོད་པ་རེད།

ཁྱད་པར་དུ་གངས་རིའི་ཁྲོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་འགོས་ལོ་ཆེན་པོའི་དེབ་སྔོན་དུའང་། གནུབས་ཆེན་གྱི་དབོན་རྒྱུད་ལྷ་རྗེ་ཧཱུྃ་ཆུང་གི་མདུན་ནས། རྗེ་བཙུན་མི་ལ་རས་པས་མཐུ་བསླབས་པ་དང་། ཟུར་ཆེན་ཤཱཀྱ་འབྱུང་གནས་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་གཉིས་ཀྱི་བར་ལ་མི་ཐོག་གཅིག་གི་སྔ་ཕྱིའི་ཁྱད་པར་ཙམ་ལས་མེད་ཚུལ་དང་། མངའ་བདག་དཔལ་འཁོར་བཙན་གྱི་སྲས་རྒྱལ་བུ་ཁྲི་བཀྲ་ཤིས་བརྩེགས་པའི་སྐབས་སུའང་གནུབས་ཆེན་གྱི་མཛད་པ་འཕྲིན་ལས་ཆེས་ཆེར་རྒྱས་པའི་སྒང་ཡིན་པར་གསུངས་པ་བཅས། བཤད་སྲོལ་རྒྱུ་མཚན་ཐམས་ཅད་ལ་བརྟག་ཅིང་དཔྱད་ན། གནུབས་ཆེན་ཁོང་ཉིད་སྐུ་ཚེ་དགུང་ལོ་ཡུན་རིང་ཞིག་ལ་བཞུགས་ཡོད་པ་གསལ་བོར་ཤེས་ཐུབ། དེར་མ་ཟད། མི་འགའ་ཞིག་གིས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པའི་པཎ་ཆེན་བི་མ་མི་ཏྲ་སྔ་ཕྱི་གཉིས་བོད་ལ་བྱོན་མྱོང་བར་བཤད་ནས་ལོ་རྒྱུས་སྨྲ་བའི་མཁས་བླུན་མང་པོ་ཞིག་འཁྲུལ་པར་འཕྱན་བཞིན་ཡོད་པ་ལྟར། འདིར་ཡང་ཆོས་འབྱུང་རེ་ཟུང་ལས་སྒྲགས་པ་སངས་རྒྱས་ཡེ་ཤེས་དང་། སྣུབས་སངས་རྒྱས་ཡེ་ཤེས་ཀྱི་མིང་ཅན་སྔ་ཕྱི་གཉིས་ཡོད་པར་གསུངས་པའང་དོན་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཉིད་ཕལ་བའི་མི་ཚེ་ཐུང་ཐུང་གཉིས་ཙམ་བཞུགས་པའི་བདེན་རྟགས་ཉིད་དུ་གྱུར་ཡོད་པ་རེད། དེས་ན་ཁོང་ཉིད་ཆུང་དུས་ཀྱི་སྐྱ་མིང་རྡོ་རྗེ་ཁྲི་གཙུག་དང་། ཆོས་མིང་སངས་རྒྱས་ཡེ་ཤེས་དང་། རྡོ་རྗེ་ཡང་དབང་གཏེར། ཕྱིས་སུ་གནུབས་ཆེན་ཚང་ཞེས་ཡོངས་སུ་གྲགས། དགུང་ལོ་བདུན་གྱི་དུས་འོ་བྲན་དཔལ་གྱི་གཞོན་ནུ་ལས་བོད་ཡིག་འབྲི་ཀློག་སྦྱངས། དགུང་ལོ་དགུ་པར་མཁན་ཆེན་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། སྔ་ཕྱིར་རྒྱ་གར་དང་བལ་བོད། བྲུ་ཤ་སོགས་སུ་ཕར་ཚུར་ཕེབས་བཞུད་མང་པོ་མཛད། སོག་པོ་དཔལ་གྱི་ཡེ་ཤེས་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་སོགས་གསན། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མདུན་སྔ་ཕྱི་གཉིས་ལ་བཅར་ཏེ། སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བ་ཞུས་པར་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བབས། འདི་དུས་སློབ་དཔོན་ཆེན་པོ་ཉིད་བསམ་ཡས་མཆིམས་ཕུ་སོགས་དབེན་ཁྲོད་རྣམས་སུ་བཞུགས་པའི་སྐབས་དང་། ཁྲ་འབྲུག་སོགས་སུ་ཕེབས་ཏེ་འདུས་པའི་འཁོར་སློབ་ཐེངས་རྗེས་མ་འཚོགས་པའི་དུས་སུ་ཡིན་པ་འདྲ། དེ་ནས་སློབ་དཔོན་རིན་པོ་ཉིད་སྲིན་ཡུལ་དུ་བྱོན་ཁར་བོད་ནས་ཕེབས་ཏེ་བལ་ཡུལ་དུ་རེ་ཞིག་བཞུགས་པའི་དུས་ན། སྐབས་དེར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཡང་དེའི་ཉེ་འཁོར་ན་ཡོད་པས། སླར་ཡང་སློབ་དཔོན་གྱི་མདུན་ནས་སྨིན་གྲོལ་གདམས་པ་མང་པོ་གསན་བཞེས་མཛད་པ་ཡིན་འདུག །མདོར་ན་མཁན་ཆེན་བྷོ་དྷི་ས་ཏྭ་དང་། བལ་པོའི་བ་སུ་དྷ་ར། ཨོ་རྒྱན་པདྨ་འབྱུང་གནས། སློབ་དཔོན་ཤྲཱི་སེངྷ། སློབ་དཔོན་ཀཱ་མ་ལ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། དྷ་ན་སཾ་སྐྲྀ་ཏ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། ཆེ་བཙན་སྐྱེས། པཎ་ཆེན་བི་མ་ལ་མི་ཏྲ། སློབ་དཔོན་ཧཱུྃ་ཆེན་ཀ་ར། རོམ་བུ་གུ་ཧྱེ་དེ་ཝ་ཙནྟྲ། སོཀྱ་དེ་ཝ། ཤིཎཾ་གརྦྷ། དྷརྨ་བོ་དྷི། གཙུག་ལག་དཔལ་དགེ། གཉག་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས་སོགས་ཀྱི་གཙོས། རྒྱ་གར་དང་། བལ་པོ། བོད། བྲུ་ཤ་སོགས་ཀྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན། དེ་ལས་ཀྱང་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་བཅུ་གཅིག་དང་། ཁྱད་པར་དུ་ཐུན་མོང་མ་ཡིན་པའི་མཁས་གྲུབ་ཆེན་པོ་བཞི་བསྟེན་པར་གསུངས། ཁ་ཅིག་གིས་བཤད་ན། སྔ་སོར་མཁན་སློབ་ཆོས་གསུམ་གདན་གྲྭལ་འཛོམས་པའི་དུས་སྐབས་སུ་གནུབས་ཆེན་ཉིད་ལོ་ཙཱ་བ་ཆེན་པོའི་གྲལ་དུ་ཚུད་དེ་ཆོས་མང་པོ་བསྒྱུར་མྱོང་བར་བཤད་ཀྱང་། སྐབས་དེ་དུས་གནུབས་ཆེན་ཉིད་དགུང་ལོ་ཧ་ཅང་གཞོན་པས་ཡིག་བསྒྱུར་གྱི་ཕྱག་ལས་མཛད་པའི་གདན་གྲྭལ་ཟིན་མེད་ཀྱང་། གང་ལྟར་གནུབས་ཆེན་འདི་ཉིད་ཆུང་དུས་ནས་ཡུལ་ལུང་སོ་སོར་ཕྱིན་ཏེ། རིས་མེད་ཀྱི་མཁས་པ་རྣམས་ལས་བོད་ཡིག་དང་། ལེགས་སྦྱར། རྒྱ་ནག་གི་སྐད། བྲུ་ཤའི་སྐད་ཡིག་བཅས་ལ་སྦྱང་བ་མཛད་ཅིང་མདོ་རྒྱུད་མན་ངག་རྒྱ་མཚོར་ཐོས་བསམ་སྒོམ་པ་མཐར་སོན། ཕྱིས་སུ་དཔལ་གྱི་བསམ་ཡས་སྒྲ་བསྒྱུར་གླིང་དུ་ལོ་ཙཱ་བའི་གྲྭར་བཞུགས་ཏེ། རང་ཉིད་ཀྱི་བཀའ་རྩོམ་རྣམས་ཕབ་འབྲི་དང་། འདུས་མདོ་གཤིན་རྗེ་གཤེད་སྐོར་སོགས་སྔགས་ཀྱི་གཞུང་ལུགས་ཆེ་ཕྲ་མང་པོ་བསྒྱུར་བའི་ཚུལ་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེ་ལས་ཀྱང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་རྫོགས་པ་ཆེན་པོའི་བསྟན་བཅོས་བསམ་གཏན་མིག་སྒྲོན་ཞེས་བྱ་བ་འདི་ནི་མདོ་སྔགས་ཐེག་པ་སོ་སོའི་ཁྱད་པར་འབྱེད་པའི་མིག་ཟུང་ལྟ་བུ་དང་། རྒྱ་དཀར་ནག་བོད་གསུམ་གྱི་ལྟ་གྲུབ་སྒོམ་ལུང་སྣ་ཚོགས་གསལ་བྱེད་ཀྱི་སྒྲོན་མེ་ལྟ་བུ་ཞིག་ཡིན་མོད། དེང་སང་ནི་ཆོས་ལུགས་གྲུབ་མཐའི་ཆགས་སྡང་ཅན་ཁ་ཅིག་གིས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་མཚན་གྱི་རྣམ་གྲངས་ཙམ་ཡང་མི་ཤེས་བཞིན་དུ། དམ་པ་དེས་མཛད་པའི་གནས་ལུགས་མཛོད་རྩ་འགྲེལ་གྱི་དགོངས་པ་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་ལ་ཆེད་དུ་སྦྱར་ཏེ་བྲི་ཁུལ་བྱས་ཡོད་པ་དང་། དེ་བཞིན་རིག་འཛིན་སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་གྱི་ཡ་གྱལ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་བསམ་གཏན་མིག་སྒྲོན་གྱི་བརྗོད་བྱ་རྣམས་ཧྭ་ཤང་མ་ཧཱ་ཡ་ནའི་དགོངས་པ་དང་གཅིག་ཏུ་སྨྲ་བའི་ལོག་རྩོམ་དུ་མ་ཞིག་སྤེལ་བ་མཐོང་མོད། དོན་དངོས་གནས་ཧྭ་རྫོགས་གཉིས་ཀྱི་ལྟ་སྒོམ་འགལ་འབྲེལ་གང་ལྟར་ཡིན་སོགས་ལ་དཔྱད་ཞིབ་གསལ་བོར་བྱ་བར་འདོད་ན། སྤྱིར་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ལ་རྒྱུས་མངའ་ཡོད་དགོས་པ་དང་། བྱེ་བྲག་ཏུ་རྒྱ་ནག་བསམ་གཏན་ཆོས་ལུགས་ཀྱི་ལྟ་སྒོམ་དང་ཧྭ་ཤང་གི་བརྒྱུད་རིམ་ལའང་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ། ཁྱད་པར་དུ་བསམ་གཏན་མིག་སྒྲོན་གྱི་ཚིག་དོན་མཐར་ཆགས་སུ་བཀྲལ་ཐུབ་དགོས་པ་ནི་མ་མཐའི་ཚད་གཞི་ཡིན་པར་ངེས། ཡང་མཁས་རློམ་ལ་ལ་ཞིག་གིས་ལོག་རྩོམ་བྲིས་པ་དག་ལ་དཔྱད་ན། གནུབས་ཆེན་གྱིས་བསམ་གཏན་མིག་སྒྲོན་འདི་དགོས་པ་ཅིའི་ཕྱིར་བརྩམས་པ་ཡིན་དང་། གཞུང་དེའི་ལེའུ་བདུན་པའི་བརྗོད་བྱའི་གཙོ་བོ་རྫོགས་ཆེན་སྡེ་གསུམ་གྱི་ནང་ཚན་གང་ལ་གཏོགས་པ་ཡིན་ཙམ་ཡང་མ་ཤེས་པར་བབ་ཅོལ་དུ་བྲིས་པའི་ཡིག་ཉོག་ཕལ་ཆེར་ཞིག་ནི་དཔྱད་རིན་མེད་པ་ཤ་སྟག་ཡིན་པར་མངོན། དེའང་སྤྱིར་རྫོགས་པ་ཆེན་པོ་ཟེར་བ་འདི་ལ་ཕྱི་སེམས་སྡེ་དང་། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་དང་གསུམ། སེམས་སྡེ་ལའང་དབྱེ་བ་བདུན། ཀློང་སྡེ་ལ་རྩ་བའི་ཆ་ནས་གསུམ་དང་ནང་གསེས་ཀྱི་ཀློང་དགུ་ཡོད། མན་ངག་སྡེ་ལའང་སྙན་བརྒྱུད་དང་བཤད་བརྒྱུད་གཉིས། ཕྱི་མ་ལའང་ཕྱི་སྐོར་དང་། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་བཅས་བཞི་ཡོད། དེ་དག་གི་ཁྱད་པར་ཡང་སེམས་ཀློང་གཉིས་དང་མན་ངག་སྡེ་གསུམ་གྱིས་ལྟ་བ་གཏན་ལ་དབབ་ཚུལ་དང་སྒོམ་པས་ཉམས་སུ་ལེན་ཚུལ་སོགས་ཅུང་ཟད་མི་འདྲ་བ་སྟེ། མན་ངག་སྡེ་ནི་སེམས་ཀློང་གཉིས་ལ་ལྟོས་ན་གནད་རྣམ་པ་ལྔ་ཡིས་འཕགས་ཚུལ་གསུངས་ཡོད་པ་དང་། མན་ངག་སྡེའི་སྙན་བརྒྱུད་ལྟར་ནའང་སྣང་བ་ཡུལ་གྱི་བློ་ཅན་ལ་ལྟོས་ན། རིག་པ་རང་སྣང་གི་བློ་ཅན་གནད་རྣམ་པ་བདུན་གྱི་སྒོ་ནས་ཁྱད་པར་ཡོད་པ་དང་། བཤད་བརྒྱུད་ཀྱི་སྐོར་ཚོ་བཞིའི་དང་པོ་གསུམ་ལ་ལྟོས་ན། ཡང་གསང་བླ་མེད་ཀྱི་ཆོས་སྡེ་ནི་ཁྱད་པར་བདུན་གྱི་འཕགས་ཚུལ་གསུངས་ཡོད། དེས་ན་རྫོགས་ཆེན་སྡེ་གསུམ་ཀློང་དགུའི་རྒྱུད་ལུང་མན་ངག་སྤྱི་དང་། ཁྱད་པར་དུ་ཀུན་མཁྱེན་ཆེན་པོ་སྔ་ཕྱི་གཉིས་ཀྱི་བཀའ་འབུམ། འཇམ་མགོན་བླ་མ་མི་ཕམ་པའི་གཉུག་སེམས་སྐོར་གསུམ་སོགས་ལ་ཐོས་བསམ་རྒྱ་ཆེར་བྱས་ཏེ་སྒོམ་པའི་ཉམས་མྱོང་ཡང་ཅི་རིགས་ཡོད་དགོས་པ་རེད། ཐ་ནའང་རྫོགས་པ་ཆེན་པོའི་ཁྲེགས་ཆོད་དང་ཐོད་རྒལ་གྱི་སྒོམ་པ་ཉམས་སུ་ལེན་ཚུལ་དང་། ལུགས་འདིའི་ལྟ་གྲུབ་ལ་སྒྲོ་འདོགས་གཅོད་པར་འདོད་ན་ཆོས་དབྱིངས་མཛོད་འགྲེལ་ལས་གསུངས་པའི་ཤན་འབྱེད་བཅུ་བཞི་དང་། ཐེག་མཆོག་མཛོད་དུ་ཡོད་པའི་ཤན་འབྱེད་བཅུ་དྲུག་གི་ཚིག་དོན་རྣམས་མ་ཤེས་ཐབས་མེད་དུ་གྱུར་ཡོད། ཟབ་གནད་འདི་དག་དཔྱིས་ཕྱིན་པ་ཞིག་མཐོང་ཐོས་རྟོགས་གསུམ་མེད་པའི་དབང་གིས་རྫོགས་པ་ཆེན་པོའི་ལྟ་སྒོམ་འདི་གཞན་གྱི་ཅིག་དང་འདྲ་བར་སྨྲ་བ་སོགས་མ་རྟོགས་པའམ་ལོག་པར་སྨྲ་བའི་སྒྲོ་འདོགས་ཅི་རིགས་ཤིག་འབྱུང་བཞིན་ཡོད་པ་རེད། ཡང་ཁ་ཅིག །རྒྱའི་ཧྭ་ཤང་མ་ཧཱ་དེ་བ་དང་། ཧྭ་ཤང་མ་ཞང་མ་ཀོའམ་ཧྭ་ཤང་མ་ཧཱ་ཡ་ན། ཧྭ་ཤང་མེ་མགོ་སོགས་རྒྱ་ནག་ནས་བོད་དུ་ཐོན་པའི་ཧྭ་ཤང་རྣམས་ཡིན་ཁྱབ་མཉམ་གྱིས་ལྟ་ལོག་པ་ཉིད་དུ་སྨྲ་བ་དང་། ཡང་ན་ཧྭ་ཤང་དེ་ཐམས་ཅད་ཀྱང་རྒྱའི་བླ་རྒན་གཅིག་ཁོ་ན་ལ་ངོས་འཛིན་པ་སོགས་བྱུང་བ་ནི་གནའ་དེང་གི་ཆོས་འབྱུང་ལོ་རྒྱུས་ལ་ཞིབ་འཇུག་མ་བྱས་པའི་སྐྱོན་ཡིན་པར་མངོན། སྤྱིར་ཧྭ་ཤང་ཟེར་བ་འདི་རྒྱ་ནག་གི་སྐད་དུ་དགེ་སློང་བཙུན་པ་ལ་ཟེར་བ་དང་། མ་ཧཱ་ཡ་ན་ཞེས་པ་ལེགས་སྦྱར་གྱི་སྐད་དུ་ཐེག་པ་ཆེན་པོའི་དོན་ཡིན་པས་ཐེག་པ་ཆེན་པོའི་ཆོས་སྨྲ་བའི་བཙུན་པ་ཞིག་གི་མཚན་ལ་གོ་དགོས་པ་རེད། དེས་ན་བོད་ཡུལ་དུའང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་བཟུང་སྟེ། ལྷག་པར་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་སྐབས་རྒྱ་ནག་ནས་ཧྭ་ཤང་དུ་མ་ཞིག་སྔ་ཕྱིར་བོད་ལ་ཕེབས་བཞུགས་བྱས་མྱོང་ཡོད། དེའང་སྔ་སོར་དུས་རབས་བདུན་པ་ནས་རྒྱ་དཀར་ནག་བོད་གསུམ་གྱི་སྲིད་འབྱོར་རིག་གསུམ་ཧ་ཅང་འཕེལ་རྒྱས་སུ་ཕྱིན་པར་མ་ཟད། མི་རིགས་ཕན་ཚུན་བར་གཉེན་སྒྲིག་དང་དགེ་སློབ་ཀྱི་འབྲེལ་ལམ་ཟབ་མོ་ཚུགས་མྱོང་བ་ཡིན་ལ། ཁྱད་པར་དུ་ནང་བསྟན་གཙོ་བོར་གྱུར་པའི་གཙུག་ལག་རིག་གཞུང་སྣ་མང་བསྒྱུར་ཞུས་དང་གཏན་འབེབས། འཆད་ཉན་སྒོམ་སྒྲུབ་བྱེད་པའི་བསྟི་གནས་རྒྱལ་སྤྱིའི་ནང་བསྟན་སློབ་གླིང་ཆེན་མོ་དཔལ་གྱི་བསམ་ཡས་བཞེངས་ཏེ། མཁན་སློབ་ཆོས་གསུམ་དང་རྒྱ་དཀར་ནག་བོད་གསུམ་གྱི་ལོ་པཎ་མཁས་གྲུབ་མང་པོ་གདན་གྲལ་ལྷན་ཅིག་ཏུ་འཛོམས་པའི་སྐབས་སུ། རྒྱ་གར་གྱི་ཡུལ་ནས་བྲམ་ཟེའི་དགེ་སློང་སུམ་ཅུ་དང་། རྒྱ་ནག་ཐང་ཆེན་པོའི་རྒྱལ་ཁབ་ནས་རྒྱའི་དགེ་སློང་མ་ཧཱ་ཡ་ན་དང་འཁོར་སློབ་མི་གསུམ་བཅས་གདན་དྲངས། དེ་དུས་རྒྱ་ནག་གི་ཧྭ་ཤང་མ་ཞང་མ་ཀོའམ་ཧྭ་ཤང་མ་ཧཱ་ཡ་ནའི་བདག་རྐྱེན་ལ་བརྟེན་ནས། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། འབའ་སངས་ཤིས། བྲན་ཀ་ལེགས་ཀོང་། ལྷ་ལུང་ཀླུ་གོང་། འགོ་གོང་དབུལ་གོང་གསུམ་གྱི་ལོ་ཙཱ་བ་བྱས་ཏེ། འདུལ་བ་ལུང་དང་། ཕལ་བོ་ཆེ། མྱ་ངན་ལས་འདས་པ་སོགས་ཆོས་མང་པོ་བསྒྱུར། ད་དུང་སྐབས་དེར་བསམ་ཡས་ཀྱི་ཁོར་ཡུག་ན་བསམ་གཏན་ཆོས་ལུགས་པའི་སྒོམ་གྲྭ་དང་སྡེ་ཚན་ལོགས་སུ་ཡོད་པའི་མིང་ལ་མི་གཡོ་བསམ་གཏན་གླིང་ཞེས་བཏགས་ཡོད་པ་རེད། དེར་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་བཞུགས་པའི་སྐབས་བསམ་གཏན་གྱི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཇེ་མང་དུ་ཕྱིན་པ་ཡིན་ལ། ལོ་ཙཱ་བ་ཀ་ཅོག་ཞང་གསུམ་གྱི་ཡ་གྱལ། ལོ་ཆེན་སྐ་བ་དཔལ་བརྩེགས་སོགས་ཀྱིས་ཀྱང་བསམ་གཏན་ཅིག་ཅར་བའི་སྒོམ་ལུང་བརྩམས་འདུག་པ་སོགས་ལ་དཔྱད་ན། ཁོང་གི་ཤུགས་རྐྱེན་ནི་སྐབས་དེར་བོད་ཀྱི་རྒྱལ་བློན་ཆོས་འབངས་ཐམས་ཅད་ལ་ཁྱབ་ཡོད་པ་རེད། དེ་ནས་རྒྱ་ནག་མཁན་པོ་ཧྭ་ཤང་ཉིད་ལྷ་ས་དང་། ཁྲ་འབྲུག །བསམ་ཡས་སོགས་ཡུལ་ལུང་མང་པོར་ཕེབས་ཏེ་དད་ལྡན་གདུལ་བྱ་རྣམས་ལ་བསམ་གཏན་གྱི་ཆོས་སྒོ་གསུངས་པས། རྒྱལ་པོའི་བཙུན་མོ་འབྲོ་བཟའ་བྱང་ཆུབ་ཉིད་ལ་ཉམས་རྟོགས་ཤར་ནས་སྐྲ་བྲེགས་ཏེ་ཆོས་གོས་གྱོན། བོད་ཀྱི་མཐོ་རིམ་མི་སྣ་དུ་མས་རྒྱབ་སྐྱོར་སོགས་ཐབས་ལ་མཁས་པའི་དབང་གིས་ཧྭ་ཤང་ལ་འཁོར་སློབ་སྔར་བས་ཇེ་རྒྱས་སུ་གྱུར། དེའང་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་བཞུགས་སྐོར་ནི་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ་མདོ་སྡེ་རྣམས་བསྒྱུར་བའི་དུས་སྐབས་ཡིན་མོད། ཕྱིས་སུ་སྤྲེལ་ལོའི་མགོ་ནས་བཟུང་སྟེ། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྙན་ལམ་དུ། རྒྱ་གར་ནས་བྱོན་པའི་བྲམ་ཟེའི་དགེ་སློང་འགའ་ཞིག་གིས་སྨྲས་པ། རྒྱའི་དགེ་སློང་གིས་བསླབ་པའི་བསམ་གཏན་ཅིག་ཅར་པའི་ཆོས་འདི་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ཆོས་མ་ཡིན་པས། ད་ནས་བཟུང་སྟེ་མཚམས་འཇོག་པར་འཚལ་ཞེས་དབྱེན་དཀྲུག་ལྟ་བུ་ཕུལ་པ་ན། ཆོས་རྒྱལ་ཆེན་པོས་ཧྭ་ཤང་མ་ཧཱ་ཡ་ན་ལ་དེ་བཞིན་སྨྲས་པར། ཧྭ་ཤང་མ་ཧཱ་ཡ་ནས་ཞལ་འཛུམ་སྟེ་འདི་སྐད་དུ། ཡ་མཚར་ཆེ་བ་ལ། ཡུལ་འདིའི་སྐྱེ་འགྲོ་རྣམས་ཐེག་པ་ཆེན་པོའི་རིགས་སུ་གྱུར་པ་མ་ཡིན་ནམ། ཡང་ན་ཁོང་ཚོའི་སྙིང་ལ་བདུད་སྡེ་ཞུགས་ཏེ་ཁྱེད་ཀྱི་སེམས་ཁམས་དཀྲུགས་པ་ཡིན། ཁོ་བོས་བསྟན་པའི་ཆོས་དེ་སངས་རྒྱས་ཀྱི་དགོངས་པ་དང་མི་མཐུན་པར་སྨྲ་བ་དེ་དག་རང་ཉིད་ཀྱིས་རང་ཉིད་བརླག་པར་རྩོམ་པ་མ་ཡིན་ནམ། ཁོ་བོ་ཅག་གི་ཆོས་ལུགས་ཕྱོགས་གཉིས་རྩོད་ཅིང་བསྡུར་ལ། བདེན་རྫུན་གྱི་ཤན་དབྱེ་བར་བྱའོ། །ཆོས་ཀྱི་རྔ་ཆེན་བརྡུང་སྟེ་གནམ་གཡོ་བར་བྱེད་པ་དང་། ཆོས་ཀྱི་དུང་འབུད་དེ་རི་བོ་ཉིལ་བར་བྱེད་དོ། །གལ་ཏེ་བདག་གིས་བསྟན་པའི་ཆོས་དེ་གནས་ལུགས་ཀྱིས་དབེན་ན། བཙུན་པ་ང་རང་ལྷ་བཙན་པོ་ཁྱེད་ཀྱི་མདུན་དུ་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ་ཞེས་བརྗོད་པ་རེད། དེ་ནས་ཆོས་རྒྱལ་མཆོག་གིས་ཀྱང་ཕྱོགས་གཉིས་ཀྱིས་ཆོས་རྩོད་བྱེད་ཆོག་པར་བཀའ་བསྩལ་པ་ན། རྒྱ་གར་གྱི་བྲམ་ཟེའི་དགེ་སློང་རྣམས་ཀྱིས་མདོ་ལུང་གི་བརྟེན་ཁུངས་ཡུན་རིང་པོར་ནན་ཏན་གྱིས་བཙལ་ཞིང་དྲི་བ་མང་པོ་བསྒྲིགས་ཏེ། ཧྭ་ཤང་གི་འདོད་གཞུང་ལ་ཆེད་དུ་ནོར་འཁྲུལ་བཙལ་བར་བཤད། རྒྱའི་ཧྭ་ཤང་མ་ཧཱ་ཡ་ནས་དྲི་བ་གང་ཡོད་ལ་ལུང་རིགས་ཀྱི་དོན་དང་མཐུན་པའི་ལན་བཏབ་སྟེ་བདེན་རྫུན་གྱི་ཁྱད་པར་གསལ་བར་ཕྱེས། བོད་ཀྱི་བཙུན་པ་མང་པོས་བསམ་གཏན་ཆོས་ལུགས་ཀྱི་བདེན་དོན་རྟོགས་ནས་མགྲིན་དབྱས་གཅིག་གིས། ཕྱིན་ཆད་བསམ་གཏན་གྱི་ཆོས་སྤེལ་མ་ཆོག་ན། ངེད་ཅག་གི་ཆོས་གོས་ཕུད་ནས་འཆི་བ་ལས་མེད་ཅེས་བཤད། ཕག་གི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་སྔ་ནས། རྒྱའི་ཧྭ་ཤང་མ་ཧ་ཡ་ནས་བསྟན་པའི་ཆོས་སྒོ་དེ་སངས་རྒྱས་ཀྱིས་གསུངས་པའི་ངེས་དོན་གྱི་མདོ་སྡེ་རྣམས་དང་མཐུན་ཞིང་ཡང་དག་པ་ཡིན་པས། དེང་ནས་བཟུང་སྟེ་ཆོས་སྒོ་དེ་དང་བསྟུན་ནས་ཉམས་སུ་ལེན་པར་གྱིས་ཞེས་བཀའ་བསྒྲགས་སོ། །འོན་ཀྱང་སྐབས་དེར་རྒྱ་གར་ནས་ཕེབས་པའི་བྲམ་ཟེའི་དགེ་སློང་རྣམས་ལའང་གཞུང་འབངས་གཉིས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་དང་འཁོར་སློབ་མང་པོ་ཡོད་པས་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ལ་སྔར་དང་ཅུང་ཟད་མི་འདྲ་བར་སྡང་ཞུགས་ཇེ་ཆེར་སོང་ཡོད་པ་དང་། བོད་བློན་འགའ་རེ་དང་བསླུ་བྲིད་ཀྱི་སྒོ་ནས་ཚོགས་པ་བསྒྲིགས། ད་དུང་བོད་བཙུན་མྱང་ཤ་མི་དང་སྙ་བྱེ་མ་ལ་ཞེས་པ་སོགས་ཀྱིས་བསམ་གཏན་གྱི་སྒོམ་ཚུལ་ཤེས་པས། རང་ལུས་ཕུང་པོ་འདུས་བྱས་ཡིན་པར་གཟིགས་ཤིང་ཆོས་ཀྱི་ཕྱིར་དུ་ལུས་ཕུང་བློས་བཏང་སྟེ། མགོ་ལ་མེ་བཏང་བ་དང་ལུས་ཕུང་གྲིས་གཏུབས་ནས་འདི་སྐད་དུ། ངན་གྲོགས་བསྒྲིགས་ཤིང་བསམ་གཏན་གྱི་ཆོས་ལ་དམའ་ཕབ་པ་བཟོད་པར་མི་ནུས་སོ་ཞེས་བཤད་ནས་ཤི་བ་ཡིན་འདུག དེ་ལྟར་ཕྱི་ནང་གི་རྩོད་གཞི་འགལ་རྐྱེན་སྣ་ཚོགས་བྱུང་བར་བརྟེན། ཧྭ་ཤང་མ་ཧཱ་ཡ་ན་དང་འཁོར་སློབ་གསུམ་བཅས་རེ་ཞིག་ཏུན་ཧོང་ཕྱོགས་སུ་བྱོན་ནས་མཛད་འཕྲིན་བསྐྱངས། དེའི་རྗེས་ནས་ཀྱང་བོད་དུ་མངོན་ལྐོག་ཅི་རིགས་པར་རྒྱ་ནག་གི་བསམ་གཏན་གྱི་ལྟ་སྒོམ་ཉམས་སུ་ལེན་མཁན་བོད་བཙུན་དུ་མ་དང་རྒྱ་རིགས་ཀྱི་ཧྭ་ཤང་འགའ་ཞིག་ཡོད་པར་མ་ཟད། སྔར་གྱི་ཧྭ་ཤང་གི་སློབ་བརྒྱུད་རྣམས་ཀྱིས་ཆོས་ལུགས་གྲུབ་མཐའི་ཞེ་མཁོན་འདོར་མ་ནུས་པར་སླར་ཡང་ཉོག་དྲ་མང་པོ་བསླངས། ཁྱད་པར་དུ་རྒྱའི་ཧྭ་ཤང་ཞིག་བྲག་དམར་དུ་མཆིས་པ་ལ། དེས་ལུས་ངག་གི་ཆོས་བྱ་མི་དགོས། ལུས་ངག་གི་དགེ་བས་སངས་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་སངས་རྒྱ་ཟེར་ནས་བསྒོམ་བསླབས་པས། བོད་ཀྱི་བནྡེ་ཕལ་ཆེར་གྱིས་ཁོའི་ཆོས་བསླབས་ཏེ་བསམ་ཡས་ལ་མཆོད་པ་འཕྲོ་བཅད། བཻ་རོ་ཙ་ན་དང་། སྦ་རཏྣ་ཡེ་ཤེས་དབང་པོ། དཔལ་དབྱངས་ལ་སོགས་པ་ཉུང་ཤོས་ཀྱིས་བོ་དྷི་ས་ཏྭའི་ཆོས་བསླབས། དེར་ལྟ་བ་མ་མཐུན་པར་འཁྲུག་རྩོད་རྒྱ་ཆེར་བྱས་པ་སྟེ། སྔར་གྱི་ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མ་ཞིག་གི་མགོ་ལ་མེ་བཏང་བ་དང་། རང་ཤ་གཏུབས་ཏེ་ལུས་ཕུང་མེད་པར་བཟོས་པ་ལ་དགོས་འབྲས་གང་ཡང་མེད་པ་དང་། རྒྱ་ནག་ཧྭ་ཤང་གི་ཆོས་ལུགས་འདི་ལ་གནས་ལུགས་མེད་པའི་རྒྱུ་མཚན་སོགས་སླར་ཡང་བཙན་པོའི་སྙན་དུ་ཞུས། ༼སྐབས་འདི་དུས་ཀྱི་བཙན་པོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན་ནམ། ཡང་ན་རྒྱལ་སྲས་ཞིག་ཡིན་སོགས་ད་དུང་དཔྱད་དགོས།༽གང་ལྟར་རྒྱལ་པོས་བནྡེ་སྟོན་རྩེན་གཉིས་ཀྱི་རྩོད་པ་འདུམ་འགྲིག་གི་ཆེད་དུ། བསམ་ཡས་ནས་མཁན་པོ་ཡེ་ཤེས་དབང་པོ་འབོད་དུ་བཏང་སྟེ་སྤྱན་དྲངས། ཡེ་ཤེས་དབང་པོ་ལ་མཁན་ཆེན་བོ་དྷི་ས་ཏྭས་འདའ་ཁར་ལུང་བསྟན་ཞལ་ཆེམས་གསུངས་ཡོད་པ་ལྟར། བལ་ཡུལ་དུ་སློབ་དཔོན་ཀཱ་མ་ལ་ཤཱི་ལ་གདན་འདྲེན་པར་ཕོ་ཉ་བཏང་། སྟོན་མིན་པའི་ཧྭ་ཤང་དཔོན་གཡོག་རྣམས་ཀྱིས་ཟླ་བ་དུ་མའི་རིང་ལ་བསམ་ཡས་ཀྱི་མི་གཡོ་བསམ་གཏན་གླིང་གི་སྒོ་བཅད་ཅིང་ཤེས་རབ་འབུམ་བླངས་ཏེ་ཤག་བསླབས། འོན་ཀྱང་འདི་ནས་ཅིས་ཀྱང་ཤེས་དགོས་པ་ཞིག་ལ། སྐབས་འདིའི་སྟོན་མིན་པའི་སློབ་དཔོན་ཧྭ་ཤང་ནི་ཐེག་པ་ཆེན་པོའི་རྣལ་འབྱོར་པར་ཁས་འཆེ་བའམ་ཁོ་རང་ཡང་མ་ཧཱ་ཡ་ན་ཉིད་ཡིན་ཞེས་སྙེམས་སེམས་འཆང་བ་ཙམ་མ་གཏོགས། འདི་ནི་ཐོས་བསམ་གྱི་ཤེས་རབ་རྒྱ་ཆུང་ཞིང་རང་མཐོང་ཆེན་པོའི་སྒོ་ནས་གང་བྱུང་མང་བྱུང་བྱེད་མཁན་ཞིག་ཡིན་པ་ནི་ཁོ་རང་གི་སྐད་ཆ་དང་མཛད་སྤྱོད་ལས་རྗེས་སུ་དཔག་ན་ཤེས་ཐུབ།

དེར་མ་ཟད། མཁན་ཆེན་གྱིས་རྦ་ཡེ་ཤེས་དབང་པོ་ལ་ལུང་བསྟན་ཞལ་ཆེམས་གནང་ཚུལ་ལ་དཔྱད་ནའང་། སྐབས་འདིའི་ཧྭ་ཤང་ནི་སྔར་མདོ་སྡེ་སོགས་བསྒྱུར་བའི་དུས་ཀྱི་མཁས་པ་དེ་མ་ཡིན་པར་ཧྭ་ཤང་མ་ཧཱ་ཡ་ན་ཉིད་དུ་ཁས་འཆེ་བའི་བླ་བཙོང་ཞིག་ཡིན་པ་ནི་སྐབས་དེའི་ཡུལ་དུས་གནས་སྟངས་དང་། བོད་ཀྱི་ཆོས་འབྱུང་རྒྱལ་རབས་ཐམས་ཅད་ཕན་ཚུན་བསྒྲིགས་ཏེ་དཔྱད་ན་གོ་རྒྱུ་ཧ་ཅང་ཡོད། དེ་ནས་སློབ་དཔོན་ཀཱ་མ་ལ་ཤཱི་ལ་ཉིད་བོད་ཀྱི་བསམ་ཡས་སུ་བྱོན་པ་དང་། བྱང་ཆུབ་གླིང་དུ་སེངྒེའི་ཁྲི་བཅས་ཏེ་བཙན་པོ་གུང་ལ་བཞུགས། ཧྭ་ཤང་གཡས་སུ་སེངྒེའི་ཁྲི་ལ་བཞག་པ་དང་། དེའི་གཞུག་ལ་ཇོ་མོ་བྱང་ཆུབ་དང་། བསྲུ་ཡང་དག །བནྡེ་ལངྐ་སོགས་སྟོན་མིན་གྱི་སློབ་མ་མང་སྟེ་གྲལ་རིང་པོར་བྱུང་ཡོད། གཡོན་དུ་ཀཱ་མ་ལ་ཤཱི་ལ་སེངྒེའི་ཁྲི་ལ་བཞག །དེའི་རྗེས་ལ་བཻ་རོ་ཙ་ན་དང་། རྦ་དཔལ་དབྱངས། རྦ་རཏྣ་ལ་སོགས་དགེ་སློང་ཉུང་ཤས་ལས་མ་བྱུང་བར་བརྩེན་མིན་གྱི་སློབ་མ་རྣམས་བཞུགས་སུ་གསོལ། བཙན་པོས་མཁན་པོ་གཉིས་དང་། སྟོན་བརྩེན་མིན་གྱི་བནྡེ་ཀུན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་ལག་ཏུ་ཕུལ་ནས། གང་རྒྱལ་བ་ལ་བཏུད་དེ་ཕམ་པའི་ཆོས་ལུགས་བོར་དགོས་པའི་སྔོན་བརྡ་སོགས་བཀའ་བསྩལ་ཏེ། རྒྱ་དཀར་ནག་གི་ཆོས་ལུགས་ཕྱོགས་གཉིས་ཀྱི་བདེན་རྫུན་ཁྱད་པར་གཏན་ཚིག་གང་ཟབ་ཀྱིས་ཤགས་འགྱེད་ཅིང་རྩོད་དུ་བཅུག་པ་རེད། སྐབས་དེར་གཉེན་དཔལ་དབྱངས་ནི་བསམ་ཡས་ཀྱི་མཁན་པོ་ལས་ཐོག་པ་ཡིན་པའི་དབང་གིས་བཙན་པོའི་དགོངས་བཞེད་དང་མཐུན་པར་སློབ་དཔོན་ཀཱ་མ་ལ་ཤཱི་ལའི་ཕྱོགས་སུ་བཞུགས་པ་ཙམ་ལས་དོན་དུ་གཙོ་བོ་རྒྱ་ནག་གི་ཆོས་བརྒྱུད་ལ་ཐུགས་དགྱེས་བཞིན་ཡོད་པས། གསུང་བཤད་ཀྱང་གང་གི་ཕྱོགས་སུའང་མ་ལྷུང་པ་ཞིག་མཛད་ཡོད། ཅིག་ཤོས་རྦ་ཡེ་ཤེས་དབང་པོ་ནི་དང་པོ་ནས་མཁན་ཆེན་ཞི་བ་འཚོའི་རྗེས་འཇུག་ཡིན་པས་ན་གསུང་བཤད་ཀྱང་རྒྱ་གར་གྱི་ཕྱོགས་བཟུང་ཡོད་པར་མངོན། འོན་ཀྱང་རྦ་བཞེད་ཞབས་བཏགས་མར་ཡེ་ཤེས་དབང་པོའི་གསུང་བཤད་དེ་བཞིན་དཔལ་དབྱངས་ཀྱི་གསུང་བཤད་ལྟར་ཡིག་ནོར་བྱུང་འདུག །གང་ལྟར་རང་རེའི་ཡིག་ཆ་ཐམས་ཅད་ཀྱི་ནང་དུ། བསམ་ཡས་སུ་རྒྱ་དཀར་ནག་གི་སློབ་དཔོན་གཉིས་ཀྱིས་ཆོས་རྩོད་མཛད་དེ་རྒྱ་ནག་ཧྭ་ཤང་ཕམ་པར་བྲིས་ཡོད་པ་ལྟར། འདིའི་ཧྭ་ཤང་ནི་ཉེ་སྔོན་གྱི་ཧྭ་ཤང་མ་ཧཱ་ཡ་ན་ལ་ལྟོས་ན། ཐོས་བསམ་སྒོམ་པའི་ཉམས་མྱོང་དང་འཆད་རྩོད་རྩོམ་པའི་སྤོབས་པ་སོགས་གང་ཅིའི་ཐད་ནས་མཁས་བླུན་གྱི་ཁྱད་པར་ཆེན་པོ་ཡོད་པ་སྨོས་ཅི་དགོས། མཐར་སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤཱི་ལས་ལུང་དང་རིགས་པའི་རྣོ་དབལ་གྱིས་ཧྭ་ཤང་འཁོར་བཅས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད། དེ་ནས་རྒྱལ་པོས་བཀའ་བསྩལ་པ། དེ་ལྟར་ན་སློབ་དཔོན་ཀཱ་མ་ལ་ཤཱི་ལའི་མགུལ་དུ་མེ་ཏོག་གི་ཕྲེང་བ་ཕུལ་ལ་བཟོད་པར་གསོལ་ཏེ། རྒྱ་ནག་གི་ཆོས་ལུགས་བོར་ལ་ལུང་རིགས་དང་མི་འགལ་བ་རྒྱ་གར་གྱི་ཆོས་ལུགས་བཞིན་དུ་གྱིས་ཤིག །སླད་ཕྱིན་ཆད་རྒྱ་ནག་གི་ཆོས་ལུགས་འདི་བྱེད་པ་བྱུང་ན་ཆད་པ་གཅོད་རྒྱུ་ཡིན་ཞེས་བོད་ཁམས་ཀུན་ཏུ་ཁྲིམས་བཅས་ཏེ་རྒྱ་ནག་གི་བསམ་གཏན་ཆོས་ལུགས་ཀྱི་དཔེ་ཆ་རྣམས་འཕྲལ་དུ་བསྡུས། དེ་ཕྱིན་ཆད་ནས་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་སློབ་དཔོན་བཻ་རོ་ཙ་ན་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་རྣམ་གཉིས་ལྟ་བུའི་མི་རིགས་གཞན་གྱི་སྐད་ཡིག་རིག་གཞུང་སྣ་མང་ལ་མཁྱེན་རྒྱ་ཆེ་ཞིང་གཟུངས་སྤོབས་ཀྱི་བློ་དང་ལྡན་པ་འགའ་རེས་ཧྭ་ཤང་མ་ཧཱ་ཡ་ནའི་བཀའ་རྩོམ་ཐར་ཐོར་དང་སྒོམ་ལུང་སོ་སོའི་དཔྱད་གཞིའི་རྒྱུ་ཆ་ཅི་རིགས་ཤིག་ཐུགས་ལ་བཟུང་ཡོད་པ་ཙམ་ལས། བོད་ནང་ཁུལ་ནས་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་སློབ་བརྒྱུད་དང་བཅས་པའི་གསུང་རྩོམ་དཔེ་གཞི་རྣམས་སུས་ཀྱང་རྙེད་དཀའ་བ་ཞིག་ཏུ་གྱུར་སོང་བ་རེད། དེར་མ་ཟད། དུས་དེ་ནས་བཟུང་སྟེ་བོད་ཀྱི་རྒྱལ་བློན་ཆོས་འབངས་ཐམས་ཅད་ཀྱིས་ནོར་བ་ཐམས་ཅད་ཧྭ་ཤང་གི་ལེ་ལན་དུ་བརྩི་བ་དང་། སྔ་ཕྱིར་བྱོན་པའི་ཧྭ་ཤང་ཡོད་དོ་ཅོག་ལྟ་ལོག་པར་བགྲངས་ཏེ། གསེར་གན་གཉིས་ལྷན་བསྲེས་དང་། ཁྱི་སྐྱག་སྤོ་ཐོ་གཉིས་ལྷན་དོར་བྱེད། ཟེར་བའི་དཔེ་ལྟར། ཧྭ་ཤང་ཞེས་པའི་མིང་ཙམ་གླེང་ནའང་འཕྱ་སྨོད་བྱེད་སྲོལ་ཆགས་ཡོད། རྒྱུ་མཚན་དེར་བརྟེན། བོད་དུ་ཐོན་པའི་ཧྭ་ཤང་ཐམས་ཅད་ཀྱི་ནང་ནས། ཐེངས་དང་པོར་ཧྭ་ཤང་མ་ཧཱ་ཡ་ནའི་རྩོད་ཟླ་དེ་སློབ་དཔོན་ཀཱ་མ་ལ་ཤཱི་ལ་མ་ཡིན་ཞིང་རྒྱ་གར་གྱི་བྲམ་ཟེའི་དགེ་སློང་རྣམས་ལ་ཆོས་རྩོད་མཛད་དུས་རྒྱ་ནག་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། ཐེངས་གཉིས་པར་ཧྭ་ཤང་མ་ཧཱ་ཡ་ན་ཉིད་དུ་ཁས་འཆེ་བའི་ཧྭ་ཤང་དེའི་རྩོད་ཟླ་ནི་སློབ་དཔོན་ཀཱ་མ་ལ་ཤཱི་ལ་ཉིད་ཡིན་ཞིང་། དེ་དུས་རྒྱ་དཀར་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་སྟེ་ཅིག་ཤོས་ཕམ་པར་གྱུར་ཡོད། དེ་བཞིན་དུ་ཐེངས་དང་པོར་རྩོད་པ་ལས་རྒྱལ་བའི་ཧྭ་ཤང་དེ་རྒྱ་ནག་ཕྱོགས་ལ་མ་ཕྱིན་པར་ཏུན་ཧོང་དུ་ཕེབས་པར་བཤད་པ་དང་། ཐེངས་གཉིས་པར་རྩོད་པ་ལས་ཕམ་པའི་ཧྭ་ཤང་དེ་སླར་རྒྱ་ནག་ཏུ་སོང་བ་འདྲ། ད་དུང་རྩོད་པ་མཛད་ཡུལ་གྱི་ས་གནས་ཡང་མི་གཅིག་པ་སྟེ། ཐེངས་དང་པོར་རྩོད་པ་མཛད་པའི་ས་གནས་ནི་བསམ་ཡས་མ་ཡིན་པར་ལྷ་ས་ཡིན་པ་དང་། ཐེངས་གཉིས་པར་རྩོད་པ་མཛད་པའི་གནས་ནི་བསམ་ཡས་ཡིན་པར་མངོན། དེ་ལྟར་སྔ་སོར་བོད་དུ་སྟོན་རྩེན་གྱི་རྩོད་པའམ་ཅིག་ཅར་པ་དང་རིམ་གྱིས་པའི་རྩོད་པ་སྟེ་རྒྱ་དཀར་ནག་གི་ཆོས་བརྒྱུད་གཉིས་ཀྱི་སློབ་དཔོན་རྣམས་ལྟ་གྲུབ་བགྲོ་གླེང་དང་ཕན་ཚུན་རྩོད་པ་མཛད་དུས། སྔ་ཕྱིར་ཧྭ་ཤང་མཁས་བླུན་གཉིས་ཡོད་ཚུལ་སོགས་སུ་ཞིག་གིས་བཤད་ཅིང་གང་ལས་མཐོང་བ་ཡིན་ཞེ་ན། འདིར་མཚན་གྱི་ཆ་ཤས་ཙམ་ནས་ཀྱང་ཤིན་ཏུ་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་ཅུང་ཟད་སྨོས་ན། ཆོས་རྗེ་བླ་མ་༧ཡིད་བཞིན་ནོར་བུ་མཆོག་གིས་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། ངེས་ཤེས་སྒྲོན་མེ། གྲུབ་མཐའ་རིན་པོ་ཆེའི་མཛོད་སོགས་ཀྱི་འཆད་ཁྲིད་གནང་བའི་སྐབས་ཀྱི་གསུངས་རྒྱུན་འགའ་ཞིག་དང་། སྐད་གཉིས་སྨྲ་བའི་ལོ་ཆེན་བཻ་རོ་ཙ་ན་དང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་རྩོམ་རྣམས་ལས་ཆེས་རིན་ཐང་ཆེ་བའི་དཔྱད་གཞི་དུ་མ་ཞིག་བླངས་པ་ཡིན་ལ། ཁྱད་པར་དུ་འདིའི་སྒྲུབ་བྱེད་གཙོ་བོ་ནི་ཉི་ཧོང་གི་མཁས་པ་( 上 山大 峻 ) ཨུ་ཡེ་ཡ་མས་ཟེར་བའམ་ལྦུ་ཡ་མ་དྷ་ཤུན་ཟེར་བ་ཞིག་གིས་བྲིས་པ། 曇曠 と敦煌 の仏教学)UEY AMA Daishun上 山 大 峻 :Donko to Tonko no Bukkyogaku曇曠 と敦煌の仏教学T’at’ an- K’uangand Buddhist Studies at Tunhuang), Ioho_Gakuho, No 35(1964, Mar ) ,pp.141-214.བྷོ་ཁཱ་དང་ཏོང་ཁའི་ནང་ཆོས་ཞེས་པའི་ཞིབ་དཔྱོད་ཀྱི་ཡིག་ཆ་བོད་འགྱུར་བྱས་པ་ལས། རྩོད་པ་ཐེངས་གཉིས་བྱུང་ཡོད། རྩོད་ཐེངས་དང་པོ་ལྷ་སར་བརྩད་ནས་སྐབས་དེར་རྒྱ་ནག་གི་བསམ་གཏན་ཆོས་བརྒྱུད་པ་རྣམས་རྒྱལ། གཉིས་པ་བསམ་ཡས་སུ་བརྩད་དེ་སྐབས་དེར་རྒྱ་གར་གྱི་ཕྱོགས་གཏོགས་པ་རྣམས་རྒྱལ། ཞེས་དང་། ལྷ་སའི་རྩོད་པ་ནི་༼སྤྲེལ་གྱི་ལོ་སྟེ་༽ཕྱི་ལོ་༧༨༠–༧༨༢ བར་དང་། ༼རིགས་པ་ཡང་དག་པར་ངེས་པ་ཞེས་བྱ་བ་ནི་༽རྩོད་པ་དེའི་བརྗོད་དོན་ཡིན། སློབ་དཔོན་པདྨའི་ངང་ཚུལ་ལ་རྩོད་པ་དེ་ནི་དེའི་རྗེས་ཀྱི་རྩོད་པ་ཡིན། དུས་ཚོད་ཀྱང་ཧ་ལམ་ཕྱི་ལོ་༧༩༢–༡༩༤བར་བྱུང་བ་ཡིན་པར་འདོད་ཅེས་བཤད་ཡོད། ༼འདི་ཡང་སྤྲེལ་གྱི་ལོ་ཞིག་ལ་ཁེལ་ཡོད་པ་འདྲ་བས་དཔྱད་འཚལ།༽ དེ་བཞིན་དུ་རྒྱ་ནག་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ནས་མཛད་པའི་ཅིག་ཆར་འཇུག་པ་ཐེག་པ་ཆེན་པོའི་རིགས་པ་ཡང་དག་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས་དེའི་མགོ་བརྗོད་དེ་ཁོང་གི་སློབ་མའི་གཙོ་བོ་ཝང་ཞི་(王锡)ཟེར་བ་ཞིག་གིས་བྲིས་པ་ལས་ཀྱང་། (天竺国请婆罗门僧等三十人,于大唐国请汉僧大禅师摩诃衍等三人)རྒྱ་གར་ནས་བྲམ་ཟེའི་དགེ་སློང་སུམ་ཅུ་དང་། ཐང་ཆེན་པོའི་རྒྱལ་ཁབ་ནས་རྒྱའི་དགེ་སློང་མ་ཧཱ་ཡ་ན་དང་འཁོར་སློབ་མི་གསུམ་བཅས་སྤྱན་དྲངས། ༼ཧྭ་ཤང་གི་འཁོར་སློབ་གསུམ་པོ་འདི་དག་ཡིན་ནམ་དཔྱད། ( 良琇 )( 文素 ) (王锡)༽དེ་དག་ཀྱང་ཡུལ་དབུས་ལྷ་སར་གདན་འཛོམས་ནས་ཕན་ཚུན་ལ་རང་རང་སོ་སོའི་ཆོས་གསུངས་ཚུལ་དང་། སྐབས་དེའི་ཆོས་རྩོད་ཀྱི་ལས་རིམ་ཕལ་ཆེར་ཞིག་བྲིས་པ་ལས་ཀྱང་ཧྭ་ཤང་མ་ཧཱ་ཡ་ན་ལ་རྒྱལ་ཁ་ཐོབ་ཚུལ་བཤད་འདུག །ད་དུང་ཧྭ་ཤང་མ་ཧཱ་ཡ་ནའི་ཞལ་རྒྱུན་རྣམས་ཡི་གེར་བྲིས་པ་ཕྱིས་ཏུན་ཧོང་ལས་བྱུང་བ་ཐམས་ཅད་ཀྱི་ནང་དུའང་། སློབ་དཔོན་ཀཱ་མ་ལ་ཤཱི་ལ་དང་རྩོད་པ་མཛད་པའི་སྐོར་ཚིག་གཅིག་ཡོད་པ་མ་རེད། དེང་སང་ཁ་ཅིག་གིས་རིགས་པ་ཡང་དག་པར་ངེས་པ་ཞེས་བྱ་བ་བོད་འགྱུར་གྱི་ནང་དུ། རང་གི་ཞེ་འདོད་ཆེད་དུ་བསྲེས་པའང་ཡོད་དེ། རྒྱ་ཡིག་གི་མ་རྩོམ་ལས། 令于婆罗门法师 边 听。ཡོད་པ་དེ་བོད་སྐད་དུ་བྲམ་ཟེའི་སློབ་དཔོན་གྱི་མདུན་ནས་ཉོན་ཅིག་ཅེས་པ་ཡིན་མོད། བྲམ་ཟེའི་མཁན་པོ་ཀཱ་མ་ལ་ཤཱི་ལའི་མདུན་ནས་ཉོན་ཅིག་ཅེས་གསར་སྣོན་བྱས་པ་ནི་རང་འདོད་དང་གཡོ་སྒྱུའི་གོམས་གཤིས་མངོན་པ་ཙམ་ལས་སྙིང་པོ་གང་ཡང་མ་མཐོང་། ཧྭ་ཤང་མ་ཧཱ་ཡ་ན་འདི་ཉིད་ཕྱི་ལོ་༧༨༠ནས། ༨༠༥ལོར། གང་རུང་ཞིག་ཏུ་བོད་ལ་ཕེབས་ཡོད་པ་དང་། མཐར་༡༨༨ལོར་ཙམ་ནས་ཡུལ་དབུས་ལྷ་ས་ནས་ཕེབས་ཐོན་བགྱིས་པ་ཡིན་ནམ་དཔྱད། གང་ལྟར་གོང་གསལ་ཡུལ་དུས་གནས་སྟངས་སོགས་ཧ་ཅང་ཁ་གསལ་བའི་དཔྱད་གཞིའི་ཡིག་ཆ་རྣམས་ཕན་ཚུན་གཤིབ་བསྡུར་བྱས་ན། བོད་དུ་རྒྱ་དཀར་ནག་གི་ཆོས་བརྒྱུད་གཉིས་མ་འགྲིག་པར་རྩོད་པ་མཛད་མཁན་ཧྭ་ཤང་མ་ཧཱ་ཡ་ནའི་མཚན་ཅན་གཉིས་སྔ་ཕྱིར་ཐོན་མྱོང་བ་ཧ་ལམ་ཤེས་ཐུབ།

འོན་ཀྱང་ཐེངས་རྗེས་མར་རྩོད་པ་བྱེད་མཁན་ཧྭ་ཤང་མ་ཧཱ་ཡ་ན་ཉིད་དུ་ཁས་འཆེ་བའི་ཧྭ་ཤང་དེ་འདྲ་ཞིག་ཡོད་མྱོང་ཡོད་ན། དེའི་འཁྲུངས་ཡུལ་དང་སློབ་སྦྱོང་གི་བརྒྱུད་རིམ། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་རྒྱ་བོད་ཀྱི་ཡིག་ཆ་རྣམས་ལས་མི་གསལ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། ཐོག་མར་བོད་དུ་ཐོན་པའི་ཧྭ་ཤང་རྣམས་ཀྱི་ཆོས་བརྒྱུད་རྒྱ་ནག་དང་བོད་ཡུལ་གཉིས་ཆར་ནས་ཡུན་རིང་པོར་གནས་ཐུབ་མེད་པ་དང་། བར་དུ་སྐབས་དེའི་ཆོས་དཔོན་ཟུང་འབྲེལ་གྱིས་བཀག་རྒྱ་བྱས་པའི་དབང་གིས་ཧྭ་ཤང་གི་མཛད་འཕྲིན་ལམ་ལྷོང་མ་བྱུང་བར་རྒྱུན་སྐྱོང་ལ་བར་གཅོད་དུ་གྱུར་པ་དང་། མཐར་ཧྭ་ཤང་གི་འཁོར་སློབ་རྣམས་ཀྱང་འཕེལ་རྒྱས་སུ་མ་ཕྱིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོས་གནོན་ཤུགས་ཐེབས་ཡོད་པ་སྨོས་ཅི་དགོས། འོན་ཀྱང་ལོ་རྒྱུས་ཀྱི་ས་བོན་འདི་དག་ལ་བརྟེན་པ་ཙམ་གྱིས་ཀྱང་། བོད་ཀྱི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་དང་། ས་པཎ་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཙོང་ཁ་པ་བློ་བཟང་གྲགས་པ། འབྲུག་པདྨ་དཀར་པོ། རོང་སྟོན་ཤེས་བྱ་ཀུན་གཟིགས། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་བོད་ཀྱི་མཁས་མང་ཕལ་ཆེར་ཞིག་གིས་རྒྱའི་ཧྭ་ཤང་མ་ཧཱ་ཡ་ནའི་ཆོས་ལུགས་ལ་དགག་པ་ནན་པོ་མཛད་ཡོད་པ་དང་། ཡང་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ་སོགས་བོད་ཀྱི་མཁས་ཆེན་ཉུང་ཤོས་ཀྱིས་བཞེད་པ་ལྟར་ན། ཧྭ་ཤང་མ་ཧཱ་ཡ་ན་སྔ་མ་དེའི་བརྒྱུད་རིམ་དང་བསམ་གཏན་ཆོས་ལུགས་སྤྱིའི་རང་ལྡོག་ལ་གདེང་འཇོག་མཛད་པའི་དགོས་པ་དང་དགོངས་གཞི་ཐམས་ཅད་འགལ་མེད་དུ་ཤེས་ཐུབ་པར་མ་ཟད། ལ་ལས་བོད་དུ་བྱོན་པའི་ཧྭ་ཤང་མ་ཧཱ་ཡ་ན་དང་རྒྱའི་སློབ་དཔོན་ཧུའི་ནིང་གཉིས་གཅིག་ཡིན་པར་འདོད་པ་དང་། ཡང་ཁ་ཅིག་གིས་སློབ་དཔོན་ཀཱ་མ་ལ་ཤཱི་ལ་དང་། རྒྱ་ནག་ཧྭ་ཤང་གཉིས་ཆོས་རྩོད་ཅིག་རྩ་བ་ནས་བྱེད་མྱོང་མེད་ཀྱང་ཕྱིས་སུ་བོད་ཀྱི་མཁས་པ་དུ་མས་ཆོས་ལུགས་གྲུབ་མཐའ་ཕན་ཚུན་ལ་དགག་སྒྲུབ་བྱེད་ཆེད་རྟོག་བཟོ་བྱས་པ་རེད་ཅེས་དང་། ཡང་ཁ་ཅིག་གིས་དེ་གཉིས་དངོས་སུ་རྩོད་པ་བྱས་མྱོང་མེད་ཀྱང་ཕན་ཚུན་བར་རྩོད་ཡིག་བསྐུར་བ་ཡིན་ཞེས་པ་ལ་སོགས་པའི་ཐེ་ཚོམ་དང་སྒྲོ་འདོགས་ཀྱི་འགག་འཕྲང་ཐམས་ཅད་སེལ་བར་བྱེད་ནུས་པ་རེད།

༼དེ་ནས་སྐབས་དོན་བསམ་གཏན་མིག་སྒྲོན་དང་འབྲེལ་བའི་སྐོར་ནས་ཡང་བསྐྱར་ཅུང་ཟད་ཞུ་རྒྱུ་ཡིན།༽དེང་སང་ཁ་ཅིག་གིས། ཧྭ་ཤང་གི་ལྟ་སྒོམ་འགྲེལ་བའི་གཞུང་བསམ་གཏན་མིག་སྒྲོན་ལ་དཔྱད་པ་ཞེས་བྲིས་ཡོད་པ་དང་། ཡང་འདི་སྐད་དུ། ཀཱ་མ་ལ་ཤཱི་ལས་རིམ་པར་བསླབ་པ་ལ་སོགས་པ་དག་ཐེ་ཚོམ་ཆོད་པར་བྱས་ཏེ། ཕྱིས་སློབ་དཔོན་ལ་མི་སྙེག་པར་བྱ་བ་དང་། སྔགས་ནང་པ་ལ་ཐབས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་གྱི་མན་ངག་དང་། གདམས་ངག་ཐིག་ལེ་ལ་སོགས་ཏེ་སྟེང་སྒོའི་མན་ངག་དང་། ལྷག་པའི་རྣལ་འབྱོར་དག་ལ་ནི། ཅི་ལ་ཡང་བྱ་བ་མེད་པའི་མན་ངག་སྙན་ཁུང་བརྒྱུད་པ་ཐོབ་པར་བྱ་བ་གསུངས་པ་ལ་བལྟས་ན། གོང་ནས་བརྒྱུད་པའི་མན་ངག་རྣམས་ཇི་ལྟ་བ་བཞིན་ཐོབ་པར་བྱས་ནས། ད་གཟོད་མཐར་ཐུག་པའི་ཚེ་ཅི་ཡང་ཡིད་ལ་བྱ་བ་མེད་པའི་ལྟ་སྒོམ་ལ་གཞོལ་དགོས་པའི་ངག་ལ་གཏུགས་ཡོད་པ་གསལ་ཞེས་བྲིས་ཏེ་དཔྱད་པ་གནད་དུ་མ་སོང་བའམ་ཞིབ་ཆ་མ་བྱས་པའི་གཏམ་ཉོག་མང་པོ་སྤེལ་འདུག །སྤྱིར་ན་བསམ་གཏན་མིག་སྒྲོན་ནི་མདོ་སྔགས་ཐེག་པ་སྤྱིའི་ལྟ་གྲུབ་སྒོམ་ལུང་སྣ་ཚོགས་སྟོན་པའི་གཞུང་ཞིག་ཡིན་པར་མ་ཟད། ལེའུ་བདུན་པ་ནི་རྫོགས་ཆེན་སེམས་སྡེའི་རྒྱུད་ལུང་རྣམས་གཙོ་བོར་བཟུང་སྟེ་སྐབས་དོན་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་འབྲས་རྣམས་གསུངས་འདུག །འོན་ཀྱང་རྫོགས་ཆེན་མན་ངག་སྡེའི་ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི་སྐོར་ནི་སྐབས་དེར་ཡོངས་སུ་མ་གྲགས་པའམ་ཤིན་ཏུ་བཀའ་རྒྱ་མཛད་བཞིན་ཡོད་པ་གཞུང་འདི་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ། བསམ་གཏན་མིག་སྒྲོན་འདི་བརྩམས་པའི་དམིགས་འབེན་གཙོ་བོ་ནི་རྫོགས་པ་ཆེན་པོའི་ལྟ་སྒོམ་དང་རྒྱ་ནག་ཧྭ་ཤང་གི་དགོངས་པ་མཐུན་པར་སྟོན་པའི་ཆེད་དུ་སྦྱར་བ་མ་ཡིན་པར། མདོ་དང་སྔགས་བླ་མེད་ཀྱི་ལྟ་སྒོམ། རྒྱའི་བསམ་གཏན་གྱི་ཆོས་ལུགས་སྟོན་མིན་དང་བཅས་པ་དེ་དག་ཐམས་ཅད་ལས་ཀྱང་ཁྱད་དུ་འཕགས་པ་ནི་རྫོགས་པ་ཆེན་པོ་ཡིན་པར་སྟོན་འདོད་པ་དང་། དེའི་འཇོག་སྒོམ་བཤད་པའི་སྐབས་སུ་བཞག་ཐབས་ཙམ་གྱི་སྐོར་ནི་སྟོན་མིན་པའི་ལུགས་དང་གསུང་སྟངས་འདྲ་བའམ་ཆོས་སྐད་མཐུན་པ་དག་ལ་བརྟེན་ནས། དབང་པོ་རྟུལ་པོ་རྣམས་གེགས་དང་གོལ་སར་འཕྱན་ཏེ་དོགས་པ་སྣ་ཚོགས་འབྱུང་སྲིད་པས་དེ་དག་སྒྲ་མཐུན་དོན་འཕགས་སྟོན་པའི་ཆེད་དུ་གཞུང་འདི་མཛད་པ་ཡིན་པར་ཧ་ཅང་གསལ་འདུག །དེའང་གཞུང་རང་ཉིད་ལས་འདི་སྐད་དུ། འདིར་ལྷུན་གྱིས་རྫོགས་པའི་གོལ་ས་ཤེས་པར་བྱ་བའི་ཕྱིར། གཞུང་བཞི་བཀོད་པའི་ཞེས་དང་། སྐབས་འདིར་སྟོན་མིན་དང་རྫོགས་ཆེན་ཆ་འདྲ་བ་གོལ་དུ་དོགས་པའི་ཕྱིར་རྒྱས་པར་བཀོད་དོ། ཞེས་སོགས་གསུངས་ཡོད་པར་མ་ཟད། གཞུང་འདིའི་ལེའུ་བདུན་པའི་ནང་དུ། འཕགས་བོད་མཁས་གྲུབ་རྣམས་ཀྱི་ལྟ་བའི་བཞེད་སྲོལ་རྣམས་འགལ་མེད་གནད་གཅིག་ཏུ་དྲིལ་ནས་གཞི་ཇི་བཞིན་པའི་ལྟ་བ་བཤད་པ་ལས། དེ་ལྟ་བུའི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གསང་བ་སྔགས་ཀྱི་ངོ་བོ་ཇི་བཞིན་པ་ཁོ་ན་ཉིད་ནི་ལྟ་བའི་མཆོག་སྟེ། དེའི་དོན་རྒྱས་པར་བསྟན་པའི་ཕྱིར་གཏན་ཚིགས་ཀྱང་འདིར་བསྟན་པར་བྱ་སྟེ་ཞེས་དང་། ད་དུང་དེའི་སྐབས་སུ་ལྟ་བའི་ངོ་བོ་ཐ་སྙད་བརྒྱད་དང་ལྔ་བཅུ་ལས་གྲོལ་ཚུལ་དང་མཚན་ཉིད་བཅུ་བཞི་དང་སོ་བརྒྱད་ལྡན་པར་བསྟན་ཡོད། དེ་བཞིན་དུ་རྫོགས་པ་ཆེན་པོའི་སྒོམ་པའི་གེགས་དང་གོལ་ས་མང་པོ་རྒྱས་པར་བཤད་ཅིང་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངང་ལ་སོ་སོ་རང་གིས་རིག་པའི་ལྟ་བ་མི་གསལ་བ་མེད་ཅིང་རིག་པའི་ཡེ་ཤེས་ལ་གསལ་བས་མེད་པ་མུར་ཐུག་པའི་གོལ་ས་བསལ། དྲན་བྱུང་ཅི་ཡང་མེད་པར་བླུན་ན་འདུ་ཤེས་མེད་པའི་གོལ་བ་སྟེ། དེ་ནི་ཡེ་ཤེས་ཆེན་པོ་ཕྱོགས་མེད་པར་རང་གསལ་བར་རྟོགས་པས་གསལ་ལོ་ཞེས་དང་། དེ་བཞིན་སྤྱོད་པའི་ངོས་ནས་ཀྱང་རང་གཞན་གྱི་རྟོགས་པའི་ལྟ་བ་ཡང་དག་པ་ཡིན་མིན་དང་སྒོམ་པ་གནད་དུ་སྨིན་ཡོད་མེད་ཀྱི་ཚད་ཐིག་འཇལ་བྱེད་ནི་རྣལ་འབྱོར་བའི་སྤྱོད་པ་ལ་རག་པར་ལས་དགོངས་ཏེ། བསྒྲལ་འདྲེན་གྱི་རྟོགས་གོམས་ཚད་དུ་ཕྱིན་ཀྱང་ལས་རྒྱུ་འབྲས་ལ་བརྩི་སྲུང་དང་གནས་འདྲེན་སྡིག་སྦྱོང་སོགས་རྒྱུན་དུ་མཛད་སྲོལ་ཡོད་པ་རེད། ཁྱད་པར་དུ་བསམ་གཏན་མིག་སྒྲོན་གྱི་ལེའུ་བདུན་པ་རྫོགས་ཆེན་པོའི་གཞུང་རྒྱས་པར་བསྟན་པ་ལས། སྤྱོད་པ་གོལ་བ་ནི་དུས་དེང་སང་གི་སྔགས་པ་ཐོས་པ་རྒྱ་ཆེན་པོ་དང་བྲལ་བས་གདེངས་མ་ཆུད་ཅིང་ལྟ་བ་ཁ་ལ་ཁྱེར་ནས། ཀུན་ཏུ་བཟང་པོ་ཡིན་ཞེས་ཟེར་ཞིང་འདོད་སྦྱར་གསོད་གཅོད་དང་། རྩིང་ཆོས་ཕཊ་ཧྲལ་འདྲལ་གྱི་སྤྱོད་པ་བྱེད་པ་ནི་དམྱལ་བའི་གཏིང་རྡོ་བྱེད་དོ། །ཅེས་དང་། གདེང་ཡོད་ཀྱང་སྡིག་ལ་ཤིན་ཏུ་འཛེམ་པར་བྱས་ན་ཚུལ་དང་ལྡན་ཏེ། རྩེ་མོ་བྱུང་རྒྱལ་ལས། སྡིག་འཛེམ་ཆེར་སྐྱེས་བསོད་ནམས་ཁྲི་ཕྲག་ཡས། །ཞེས་དང་། སྤྱོད་པ་འདི་ལྟ་བུ་ལ་མོས་པའི་ཡོན་ཏན་ཡང་། ཆོས་གཞུང་ལས། གང་ཞིག་རྟོག་པ་དང་མི་ལྡན་ཡང་། །གཞུང་དུ་སྤྱོད་པ་རྣམས་མོས་པའི་སྟོབས་ཀྱིས་ཐུགས་རྗེའི་བྱིན་རླབས་རང་སྣང་སྟེ། གསེར་ལ་ནག་ཚུར་བཏང་བ་ལྟར་དོན་མ་ནོར། གཞུང་མ་ཉམས། བྱས་པ་ཆུད་མ་ཟོས་པས། ཡིད་ཀྱི་ཏིང་འཛིན་གསལ་བྱས་ཏེ། །བླ་མ་མཁས་པའི་མན་ངག་གིས། །ཡང་དག་བདུད་རྩིར་བྱིན་རླབས་ནས། །གཉིས་སུ་མེད་པར་སངས་རྒྱས་སོ། །ཞེས་དང་། ཡོངས་སྤྱི་རུ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོམ་ཆེན་གྱིས་ཇི་ལྟ་བ་ལྟ་བའི་གདེང་ཆུད་ཀྱང་། དེ་བཞིན་དུ་མ་མཐོང་བ་དྲང་ཞིང་ཚུལ་དང་ལྡན་པར་བྱ་བའི་ཕྱིར་འདི་ལྟར་མཛད་འཚལ་ཞེས་གསུངས་པ་སོགས་ལ་བརྟག་ཅིང་དཔྱད་ན། རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་གལ་ཆེན་གཙིགས་འཛིན་དགོས་པར་ནན་ཏན་གྱིས་ཡང་དང་བསྐྱར་དུ་གསུངས་ཡོད་པ་རེད། ལར་ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་ལུགས་ལའང་། འཇོག་སྒོམ་གྱི་སྐབས་སུ་རྣམ་རྟོག་གིས་དཔྱད་རྩོལ་གཙོ་བོ་མི་བྱེད་པར་སྒོ་གསུམ་གློད་ལ་འཇོག་དགོས་པ་དང་། དམིགས་གཏད་ཀྱི་འཛིན་པ་ཐམས་ཅད་བྲལ་བའམ་ཡིད་ལ་མི་བྱེད་ཅེས་པའི་ཆོས་སྐད་འདི་དག་ནི་དེ་བཞིན་གཤེགས་པའི་བཀའ་མདོ་སྡེ་ཟབ་མོ་རྣམས་དང་། གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ། འཕགས་ཡུལ་གྲུབ་ཆེན་རྣམས་ཀྱི་དོ་ཧ། དབུ་མའི་རིགས་ཚོགས་དང་བྱམས་ཆོས་སྡེ་ལྔ་སོགས་མདོ་སྔགས་བསྟན་བཅོས་དང་བཅས་པ་རྣམས་ལས་རྒྱ་ཆེར་གསུངས་ཡོད་པ་ལྟ་བུ་རེད། འོན་ཀྱང་རྟོག་གེ་པ་ཁ་ཅིག་གི་བསམ་པར། ཀུན་མཁྱེན་ཀློང་ཆེན་པ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་རྣམ་གཉིས་ཀྱིས་ནི་རྒྱ་ནག་ཧྭ་ཤང་ལ་ཆེད་དུ་བསྟོད་བཀུར་བསྔགས་བརྗོད་བྱས་ཡོད་པ་དང་། དེའི་ཆོས་ལུགས་ཀྱི་ནང་ཚན་འཇོག་སྒོམ་བྱེད་སྟངས་སོགས་ཆ་ཤས་ཙམ་རེ་དོན་ལ་གནས་པར་ཞལ་བཞེས་གནང་ཡོད་པས་ཁོང་རྣམ་གཉིས་ཀྱི་དགོངས་པའམ་ཞེ་འདོད་དེའང་རྒྱའི་ཧྭ་ཤང་དེ་དག་གི་ཆོས་ལུགས་གྲུབ་མཐའ་དང་གཅིག་ཡིན་པར་ཁས་ལེན་དགོས་སྙམ་པ་ཡོད་སྲིད། འོ་ན་རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོས་ཞལ་སྔ་ནས་ཀྱང་། བོན་པོའི་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་། ཀརྨ་པ་རོལ་པའི་རྡོ་རྗེ། ཉ་དབོན་ཀུན་དགའ་དཔལ། རེད་མདའ་བ་གཞོན་ནུ་བློ་གྲོས། རྫོགས་ཆེན་གྱི་རྣལ་འབྱོར་པ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་བཅས་ལ་བསྟོད་བཀུར་བསྔགས་བརྗོད་བྱས་པ་ཙམ་དུ་མ་ཟད། དེ་དག་རྩ་བའི་བླ་མར་བསྟེན་ནས་ཐེག་པ་ཆེན་པོའི་ཟབ་ཆོས་མང་པོ་གསན་བཞེས་མཛད་མྱོང་ཡོད་པ་དང་། མཁས་གྲུབ་དེ་དག་གི་དོན་གྱི་དགོངས་བཅུད་མཐའ་དག་ཉིད་ཀྱི་བཀའ་རྩོམ་ལེགས་བཤད་རྣམས་ཀྱི་ནང་དུ་བསྡུས་ཡོད་པས། རྗེ་བདག་ཉིད་ཆེན་པོ་ལའང་རང་ལུགས་ཀྱི་ལྟ་གྲུབ་འཛིན་མཚམས་འདི་ཡིན་ཞེས་མཛུབ་མོ་བཙུགས་ས་མེད་པར་གཡུང་དྲུང་བོན་པོ་དང་། བཀའ་བརྒྱུད་པའམ་ས་སྐྱ་པ། ཡང་ན་རྫོགས་ཆེན་པ་ཡིན་ཞེས་སྨྲ་དགོས་པར་འགྱུར། མདོར་ན་བསམ་གཏན་མིག་སྒྲོན་གྱི་ལེའུ་བཞི་པའི་ནང་དུ། རྒྱའི་ཧྭ་ཤང་རྣམས་ཀྱི་སྒོམ་ལུང་གི་འདོད་གཞུང་དུ་མ་ཞིག་བཀོད་ཡོད་པ་ཙམ་མ་གཏོགས་བསམ་གཏན་མིག་སྒྲོན་གྱི་ཐོག་མཐའ་བར་གསུམ་ཀུན་ན་ཧྭ་རྫོགས་གཉིས་དགོངས་དོན་མཐུན་པར་སྨྲ་བའི་ཚིག་གཅིག་ཀྱང་གསུངས་མེད་པར་འདོད། དེར་མ་ཟད། བསམ་གཏན་མིག་སྒྲོན་གྱི་ལེའུ་དྲུག་པའི་མཐའ་མཇུག་ཏུ། སྟོན་མིན་ཅིག་ཅར་པའི་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་རྣམས་དང་། སྔ་འགྱུར་ནང་རྒྱུད་ཀྱི་བརྗོད་དོན་གསང་སྔགས་ཀྱི་དེ་བཞིན་ཉིད་མི་འདྲ་བའི་ཁྱད་པར་བཅུ་གཉིས་གསུངས་ཡོད་པ་དང་། ལེའུ་བདུན་པའི་མཐའ་མཇུག་ཏུའང་ཐེག་པ་སོ་སོའི་ལྟ་བའི་ཁྱད་པར་ཤན་ཕྱེད་པ་དག་ལ་ཞིབ་པར་ལྟོས་དང་། གནུབས་ཆེན་གྱིས་བསམ་གཏན་མིག་སྒྲོན་མཛད་པའི་དགོངས་བཞེད་གང་ལྟར་ཡིན་ཕྱོགས་མགོ་ཙམ་རེ་ཤེས་ཐུབ་རྒྱུ་རེད། རྒྱུ་མཚན་དེས་ནས་ཁྱེད་ཅག་སུ་ཞིག་གིས་ཀྱང་བསམ་གཏན་མིག་སྒྲོན་འདི་དཔྱད་གཞིར་བཟུང་སྟེ་རྒྱ་དཀར་ནག་བོད་གསུམ་གྱི་ལྟ་གྲུབ་བགྲོ་གླེང་བྱ་བར་འདོད་ན། ཐོག་མར་བསྟན་བཅོས་ཆེན་པོ་འདིའི་དཀྱུས་ཀྱི་ས་བཅད་བསྡུས་དོན་ལ་བརྟེན་ནས་ལེའུ་སོ་སོའི་བསྟན་དོན་རགས་རིམ་ཙམ་ཡིད་ལ་ངེས་དགོས་པ་དང་། དེ་ནས་ཚིག་གི་འབྲུ་གནོན་པའི་སྒོ་ནས་རིམ་པར་དོན་གྱི་ཟབ་གནད་དཀྲོལ་བར་བྱས་ཏེ་གནུབས་ཆེན་གྱི་དགོངས་པའི་མཐིལ་གང་ཡིན་པ་དེ་ཞིབ་པར་འཚོལ་བསྙེགས་བྱས་པའི་འཕྲོ་ནས། ད་གཟོད་ལུང་རིགས་དང་མཐུན་པའི་དགག་སྒྲུབ་ཀྱིས་དཔྱད་རྩོམ་དང་འགྲེལ་བཤད་ཅི་རིགས་བྲིས་ཏེ་སྤེལ་ན་ཚུལ་དང་མཐུན་པར་ངེས།

མཇུག་མཐར་ཆེད་དུ་ཞུ་རྒྱུར། དམན་པ་བདག་ནི་སྐྱེས་སྦྱང་གི་ཤེས་རབ་མངའ་བའི་ཡོན་ཏན་ཅན་ཞིག་ཁྱོན་ནས་མིན་ལ། ངས་ནི་ཧྭ་རྫོགས་གཉིས་ཀྱི་འགལ་འབྲེལ་དང་བསམ་གཏན་མིག་སྒྲོན་གྱི་ཚིག་དོན་མཐར་ཆགས་སུ་ཤེས་ཡོད་སྙམ་པའི་གདེང་སྤོབས་ཅུང་ཟད་ཙམ་ཡང་མེད་ཀྱང་། དེང་སང་མཁས་རློམ་རེ་ཟུང་གིས་གནུབས་ཆེན་གྱི་དགོངས་པའི་ཟབ་གནད་ཕྱོགས་ཙམ་ཡང་མི་ཤེས་བཞིན་དུ་བསམ་གཏན་མིག་སྒྲོན་གྱི་ཚིག་དོན་རྣམས་གཟུ་ལུམ་རིས་གཅོད་བྱས་ཏེ། མ་འོས་ཁུར་ལེན་གྱི་དཀྱོག་བཤད་ལོག་རྩོམ་མང་པོ་སྤེལ་བཞིན་ཡོད་པ་མཐོང་བའི་རྐྱེན་གྱིས་ཡིད་ལ་སྐྱོ་སྣང་དཔག་ཏུ་མེད་པ་ཞིག་བྱུང་། འོན་ཀྱང་སྔ་འགྱུར་རྙིང་མ་པའི་མཁས་དབང་ཆེན་པོ་རྣམས་ནི་ཐུགས་དགོངས་རིས་མེད་མཉམ་པ་ཉིད་ཀྱི་ཀློང་དུ་གཡོ་འགུལ་མེད་པར་བཞུགས་བཞིན་ཡོད་པས་འདི་རིགས་ལ་དོ་སྣང་ཆེར་མི་མཛད་པ་ཡིན་མོད། རིག་འཛིན་བརྒྱུད་པའི་གྲྭལ་མཐའ་ན་ཡོད་པའི་སྔགས་ཕྲུག་དང་པོའི་ལས་ཅན་འགའ་ཞིག་ལ་དཔྱད་གཞིའི་ཆེད་དུ། ཕྲན་ནས་བཀའ་ཐང་སྡེ་ལྔ་དང་། རྦ་བཞེད། བཻ་རོའི་རྣམ་ཐར། བསམ་གཏན་མིག་སྒྲོན། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་བསམ་ཡས་ཆོས་རྩོད་ཀྱི་དཔྱད་ཐུང་། ཏུན་ཧོང་ཡིག་རྙིང་། ཉི་ཧོང་གི་དཔྱད་རྩོམ་སོགས་གནའ་དེང་གི་ཆོས་འབྱུང་ལོ་རྒྱུས་མང་པོ་ཞིག་གཤིབ་བསྡུར་བགྱིས་ཏེ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་མཛད་རིམ་དཔྱད་རྩོམ་སྦྲགས་མའི་རྣམ་ཐར་རྒྱས་པ་ཞིག་རང་གི་ལས་རིམ་གྱི་བར་མཚམས་རྣམས་སུ་བྲི་བཞིན་ཡོད་པ་ན། ཆོས་ཀྱི་མཆེད་པོ་རིག་འཛིན་ནམ་སྨྱོན་མེ་འབར་གྱིས་བསམ་གཏན་མིག་སྒྲོན་དཔེ་སྐྲུན་བྱེད་པའི་དབུ་རྒྱན་ལ་ཉེ་བར་མཁོ་བའི་གསལ་བྱེད་ཅིག་རྩོམ་པར་སྐུལ་བའི་ཞལ་ངོ་མི་ལྡོག་ཙམ་དུ། གནུབས་ཆེན་རིན་པོ་ཆེའི་རྣམ་ཐར་རྒྱས་པའི་ནང་ཚན་གྱི་བརྗོད་གཞི་ཆ་ཤས་ལོགས་སུ་བསྡུས་ཏེ། ལྕགས་བྱི་ལོའི་སྟོན་ཟླ་ཐ་མའི་བོད་ཚེས་ཉེར་གཉིས་པ་སྟེ་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན། རྭ་བློ་གྲོས་དྲི་མེད་ཀྱིས་འཕྲལ་དུ་བྲིས།

༼གནུབས་ཆེན་གྱི་མཛད་རིམ་ཉུང་བསྡུས་འདི་ནི། རང་ལ་བློ་སྐྱེད་གསར་བ་རེ་འཐོབ་པའི་ཆེད། གནས་སྐབས་དཔྱད་གཞི་ཙམ་ཞིག་བྲིས་པ་ཡིན་ལ། བློ་གསལ་རིགས་པ་སྨྲ་བ་དག་གིས་འདི་བཞིན་འཐད་མིན་དགག་སྒྲུབ་མཛད་རྒྱུའི་རེ་འདུན་ཡོད་པས། ཞབས་མཆན་འགོད་པ་དང་ཁ་པར་སོགས་བརྒྱུད་དེ་འབྲེལ་བ་གནང་རོགས་ཞུ། ཁ་པར་ཨང་གྲངས། 178 0975 2861  རྩོམ་པ་པོས།༽     

རྩོམ་སྒྲིག་པ། ཀློང་གསལ།

47.2K