༄༅། །དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་རེབ་ཀོང་སྔགས་མང་ལ་གནང་བའི་ཞལ་གདམས།

༄༅། །སྔགས་པ་རྣམས་ལ་ཕན་པའི་ཞལ་གདམས་བདུད་རྩིའི་དགའ་སྟོན་བཞུགས་སོ། །

       རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ལ་ཕྱག་འཚལ་ལོ། །དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དེ་ཡིས་རང་རེ་སྔགས་པ་རྣམས་ལ་ཞལ་གདམས་སུ་སྩལ་བ་ལས་འདི་ལྟར་གསུངས་ཏེ། གསང་སྔགས་སྒོར་ཞུགས་བོད་ཀྱི་སྔགས་པ་རྣམས༔ ཞེས་གསུངས་པ་ལྟར་སྔགས་པ་ཞེས་པ་དེ་རྡོ་རྗེ་ཐེག་པ་སྔགས་ཀྱི་ལམ་ལ་ཞུགས་ནས་ཚུལ་བཞིན་སྤྱོད་པ་ལ་སྔགས་པ་ཞེས་མིང་དང་དོན་དུ་མཐུན་པ་ཡིན། ཚུལ་བཞིན་ཇི་ལྟར་སྤྱོད་དགོས་ན། དང་པོ། གསང་སྔགས་རྩ་བ་བླ་མ་གྲུབ་ཐོབ་ཚོལ༔ ཞེས་པ་ལྟར། ཐར་ལམ་གྱི་རྩ་བ་བླ་མ་མཚན་ལྡན་མེད་ན་སྔགས་ཀྱི་སྒོར་ཞུགས་མི་ནུས་པས། ཐོག་མར་བླ་མ་ཆོས་བཞིན་སྤྱོད་པ་ཞིག་ཚོལ་ཏེ་མཉེས་པ་གསུམ་གྱིས་བསྟེན་པ་ཅིས་ཀྱང་གལ་ཆེ། དེ་ནས། གསང་སྔགས་ཆོས་སྒོ་རིམ་པ་དབང་གིས་ཕྱེས༔ ཞེས་པ་ལྟར། དབང་བརྒྱུད་པ་དང་ལྡན་པ་ཞིག་མ་ཐོབ་ན་ཡི་དམ་ཞིག་གི་རྒྱུད་དང་མན་ངག་བལྟ་བ་ཙམ་མི་རུང་བས་ཉམས་སུ་ལེན་པ་སྨོས་ཅི་དགོས། དེས་ན་དབང་མང་པོ་མ་ཐོབ་ཀྱང་ཐ་ན་རྡོར་སེམས་དང་། ཞི་ཁྲོ་གུ་རུ་ཞི་དྲག་བཀའ་བརྒྱད་ཀྱི་དབང་ཙམ་མ་ཐོབ་ན་བསྙེན་བསྒྲུབ་ལས་སུ་མི་རུང་། གསང་སྔགས་སྲོག་ཏུ་དམ་ཚིག་གཙང་མ་སྲུངས༔ སྔགས་ཀྱི་སྡོམ་པ་དབང་གིས་ཐོབ་ཀྱང་དམ་ཚིག་མ་སྲུང་ན་ཕན་ལས་གནོད་ཚབས་ཆེ་བས་དེ་ཉིད་དག་དགོས། དེ་ལ་རྣམ་གྲངས་མང་དུ་གསུངས་ཀྱང་རྩ་བ་བླ་མ་བསྟེན་ནས་བཀའ་འགལ་ཐུགས་དཀྲུགས་མེད་པ། སྲོག་གཅོད་ལ་འཛེམ་པ། ཚེས་བཅུ་ཉེར་ལྔ་མ་ཆག་པ། རྩ་གསུམ་གང་རུང་གི་བསྐྱེད་བཟླས་རྫོགས་གསུམ་ལ་ཉམས་ལེན་ཅི་ནུས་བྱས་ན་སྙིགས་དུས་ལ་དཔག་པའི་སྔགས་པ་ཚད་ལྡན་ཡིན་པ་བླ་མ་བརྒྱུད་པའི་ཞལ་ལས་ཐོས། རྡོ་རྗེ་སློབ་དཔོན་ཡན་ལག་མགོ་ལྟར་ཁུར༔ རང་གིས་བླ་མ་བསྟེན་ཟིན་ནས་སྔགས་ལམ་གྱི་དངོས་གྲུབ་མཐའ་དག་བླ་མ་ཁོ་ན་ལ་བསྟེན་ནས་ཐོབ་པས་རྩ་བའི་བླ་མ་གང་ཡིན་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མེད་དུ་བློ་སྙིང་གཏད་དེ། ལེའུ་བདུན་མའམ་བསམ་ལྷུན་དང་བར་ཆད་ལམ་སེལ་རྣམས་ཀྱིས་གསོལ་བ་མ་བརྗེད་པར་ཐོབ། བླ་མའི་རྣལ་འབྱོར་ཁ་ཏོན་དུ་གྱིས། ཡི་དམ་ལྷ་ནི་ཁོག་པའི་སྙིང་ལྟར་ཆོངས༔ བླ་མ་དེ་ལོངས་སྐུར་བཞེངས་པ་ཡི་དམ་ཡིན་པས་མ་གཤིན་ཕུར་གསུམ་སོགས་ལྷག་པའི་ལྷ་གང་བསྟེན་དེ་ལ་བློ་སྙིང་གཅིག་ཏུ་བཀལ་བས་རང་གི་སྙིང་ལྟར་གཅེས་པས་རབ་བསྐྱེད་རྫོགས་ཀྱི་དྲོད། འབྲིང་བསྙེན་པ་དུང་ཕྱུར་ཁ་ཡར། ཐ་མའང་ལག་ནས་ཕྲེང་བ་མ་བོར་བ་ཡི་དམ་གྱི་བསྙེན་པ་ཁྲི་རེས་ཉུང་མཐའ་བྱས་པ་མ་ཆག་པ་གྱིས། མཁའ་འགྲོ་དམ་ཅན་ལུས་ཀྱི་གྲིབ་ལྟར་བསྙེན༔ ལུས་དང་གྲིབ་མ་གཉིས་འབྲལ་དུས་མེད་པ་ལྟར་སྔགས་པ་ཚད་ལྡན་ཡིན་ན་མཁའ་འགྲོ་ཆོས་སྲུང་མ་སྒྲུབ་ཀྱང་འགོ་བས་མཁའ་འགྲོ་ལ་ཚོགས་སྐོང། མེ་མཆོད། ཆོས་སྐྱོང་ལ་ལོ་ཟླ་ཞག་གིས་མ་ཆད་པའི་གཏོར་མ་སྐོང་བཤགས་ཡང་ཡང་བྱ། གསང་སྔགས་ཟབ་མོ་མིག་གི་འབྲས་ལྟར་བཙལ༔ གསང་སྔགས་ཀྱི་དབང་དམ་ཚིག་རྩ་བ་གསུམ་གྱི་བསྙེན་སྒྲུབ་ལས་སྦྱོར་མན་ངག་ཕྱག་ལེན། གཞི་ལམ་འབྲས་བུའི་རྣམ་གཞག་སོགས་དོན་ཆེ་ཕྲ་ཐམས་ཅད་དང་། རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ། སྐུ་དང་སྒྲུབ་རྟེན་རྣམས་ཚད་ལྡན་འདུ་བྱ་ཞིང་སོ་སོའི་བློ་ནུས་དང་འཚམ་པར་རང་གི་མིག་ལྟར་གཅེས་སྤྲས་ཀྱིས་བླང་དོར་གྱིས། སྙིང་པོ་ཟབ་མོ་ཁོང་བའི་དབུགས་ལྟར་བསྒྲང་༔ ཞེས་ལྷ་འགྲུབ་བྱེད་ནུས་མཐུའི་འབྱུང་གནས་དངོས་གྲུབ་ཀྱི་སྒོ་ཐམས་ཅད་སྔགས་བཟླ་བ་ཡིན་པས་རང་གི་ཡི་དམ་གང་ཡིན་དེའི་བསྙེན་པ་ཉིན་མཚན་ཆུ་བོའི་རྒྱུན་བཞིན་མ་ཆད་པར་ཟློས། བསྐྱེད་རྫོགས་ཟབ་མོ་ལུས་དང་སྲོག་ལྟར་སྒོམས༔ བསྐྱེད་རྫོགས་ཀྱི་གདེང་ཨེ་ཐོབ་སྙིང་རུས་ལ་རག་ལས་པས་ལོ་ཟླ་ཙམ་གྱིས་གྲུབ་པ་ཐོབ་ཏུ་མ་རེ་བར་རིམ་གཉིས་ཀྱི་ཉམས་ལེན་མི་ཚེ་ཇི་སྲིད་བར་འབད་དགོས། ལྟ་སྒོམ་སྤྱོད་པ་འབྲས་བུ་རླབས་ཀྱིས་བཅད༔ རྡོ་རྗེའི་ཐེག་པ་མྱུར་ལམ་ཡིན་པའི་གནད་ལྟ་བ་དག་མཉམ་བདེན་པ་དབྱེར་མེད། སྒོམ་པ་བསྐྱེད་རྫོགས་རིམ་གཉིས། སྤྱོད་པ་དམ་ཚིག་འབྲས་བུ་ཟུང་འཇུག་གི་གོ་འཕང་རྣམས་ཀྱི་དོན་རབ་ཉམས་མྱོང་། ཐ་ན་གོ་བ་གཤའ་མ་ཞིག་ཆགས་དགོས་པས་བརྒྱུད་ལྡན་གྱི་བླ་མའི་ཞལ་ལས་བླང་བ་དང་། རྒྱུད་དང་མན་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱ། ལྟ་སྒོམ་འདི་དག་གི་ངེས་ཤེས་ཕྲ་མོ་ཡོད་པས་ལྷ་སྒོམ་སྔགས་བཟླས་པས་བསྐལ་པ་མང་པོའི་ཚོགས་སྐད་ཅིག་གིས་རྫོགས་པའི་མྱུར་ལམ་འདི་ལ་གསུངས་པ་ཡིན་པས་ཤིན་ཏུ་གལ་ཆེ། མི་དགེ་བཅུ་སྤོང་དགེ་བཅུ་དང་དུ་ལོངས༔ ཆོས་ཀྱི་ཕྱིར་ནི་རང་གི་སྲོག་དང་སྡོས༔ གསང་སྔགས་སྦྱོར་སྒྲོལ་གྱི་སྤྱོད་པ་ཐ་མལ་བ་ལས་དང་པོ་བས་མི་ནུས་པས། སྲོག་གཅོད་ལོག་ལྟ་གཙོ་བོར་གྱུར་པའི་མི་དགེ་བཅུ་སྤང་ཅི་ནུས་དང་། སྲོག་བསླུ་དད་པ་སོགས་དགེ་བཅུ་ཇི་ལྟར་རིགས་པ་སྒྲུབ། ཕ་མ་དང་ཆུང་མ་བུ་ཚ་རྣམས་ལ་འཁོན་འཛིང་མི་བྱ། དེ་རྣམས་ཆོས་ལ་བཀོད་ཅི་ནུས་གྱིས། མདོར་ན་ཆང་བག་མེད་དུ་འཐུང་བ། ཁ་སྣའི་དུ་བ་འཐེན་པ། ལོག་གཡེམ་དང་མཐའ་མིའི་ལད་མོ་བྱེད་པ། སྔགས་མང་གི་འགྲིགས་ལམ་ལས་འགལ་བ་སོགས་སྤང་། མདོར་ན་ཆོས་དང་མཐུན་པའི་སྤྱོད་པའི་དོན་དུ་རང་སྲོག་དང་མཚུངས་པའི་གཅེས་སྤྲས་མ་བོར་ན་ཆོས་ཤུགས་ཀྱིས་འགྲུབ། གཙོ་རུ་བསྙེན་སྒྲུབ་དང་དུ་བླང་བ་གཅེས༔ ཉ་སྟོང་བརྒྱད་དང་ཉི་ཤུ་གསུམ་ལ་ནི༔ ཚོགས་དང་གཏོར་མ་གཏང་ཞིང་སྐོང་གསོལ་བྱ༔ གདོལ་སྤྱོད་རས་ཆོད་མི་བྱ་སློབ་དཔོན་བཟང་ལ་བསྟེན༔ འཕྲིན་ལས་བོན་གྱེར་མི་བྱ་གྱེར་དང་སྒོམ་དུ་བསྟུན༔ བསྙེན་སྒྲུབ་ཕྲིན་ལས་རྣམ་བཞི་གཞུང་བཞིན་བསྙེགས༔ ཞེས་ཆོས་སྤྱོད་ཀྱི་གཙོ་བོ་དུས་ཆེན་སྤྱི་དང་ཁྱད་པར་ཡར་མར་གྱི་ཚེས་བཅུའི་ཚོགས་མཆོད་མ་ཆག་པ་འདི་གུ་རུ་རིན་པོ་ཆེའི་དུས་ཆེན་དམ་ཚིག་དགོས་པ་ཤིན་ཏུ་ཆེ་བས་ཅི་ནས་གལ་ཆེ། ལྟ་བ་མ་རྟོགས་པའི་སྤྱོད་པ་བླང་དོར་མེད་པ། སྔགས་ཀྱི་མན་ངག་ལ་རང་གི་བློ་བཟོས་རས་ཆོད་ནི་མི་རུང་བས་སློབ་དཔོན་བརྒྱུད་པའི་ཕྱག་བཞེས་ཅན་ལ་བསྟེན་ཏེ་བསླབ། དབང་དང་བསྐྱེད་རྫོགས་བསྙེན་སྒྲུབ་མེད་པས་སྔགས་ཆོག་བཏོན་ཏེ་ནོར་སྡུད་པ་ལ་བོན་གྱེར་ཟེར་བས་དེ་མི་རུང་། བླ་མ་མཚན་ལྡན་བསྟེན། ཡི་དམ་གྱི་བསྙེན་སྒྲུབ་རྫོགས། དད་པ་ཡང་དག་ཡོད་ན་སྔགས་ཀྱི་ལམ་ལ་ཚུལ་བཞིན་ཞུགས་པ་ཡིན་པས་དེ་ལྟར་བྱ། དེ་ལས་འགལ་བ་བྱུང་ན་རྡོར་སེམས་སྒོམ་བཟླས་དང་། ཚོགས་སྐོང་གིས་བཤགས་པ་བྱ། བདག་འཇུག་བླང་བས་སོར་ཆུད་པས་གལ་ཆེ། གསང་སྔགས་དག་ལ་ཡིད་གཉིས་ཐེ་ཚོམ་སྤོངས༔ གསང་སྔགས་ནོར་བུ་མི་བཙོང་སྤེལ་མི་བྱ༔ རང་གིས་སྒྲུབ་ན་དངོས་གྲུབ་ཅི་བསམ་འགྲུབ༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི༔ བོད་ཀྱི་སྔགས་པ་རྣམས་ཀྱི་ཐུགས་ལ་དེ་ལྟར་ཞོག༔ སྔགས་འགྲུབ་པའི་གེགས་ཆེ་ཤོས་ཐེ་ཚོམ་ཡིན་པས་ལྷ་སྔགས་མན་ངག་གི་གནས་ལ་ཐེ་ཚོམ་མེད་པར་རྩེ་གཅིག་ཏུ་དད་པས་སྒྲུབ་པ་གལ་ཆེ། གསང་སྔགས་ཞེས་མིང་དུ་བཏགས་པའི་དོན་ཀུན་ལ་མ་བསྟན་པར་རང་གིས་སྦས་ནས་སྒྲུབ་ན་འགྲུབ་པའི་ཕྱིར། ལྷ་སྔགས་མན་ངག་གི་རིམ་པ་རྣམས་ཁྱབ་བརྡལ་དུ་མི་སྤེལ་བར་གསང་སྟེ་སྒྲུབ། ཁྱད་པར་ལོག་ལྟ་དང་ཐེ་ཚོམ་ཅན་ལ་ཟུར་ཙམ་ཡང་བསྟན་མི་རུང་། རང་གི་ཆོས་བརྒྱུད་འཛིན་པ་དག་ལ་མི་སྦས་པར་གཞན་ཕན་བྱུང་ན་བསྟན་དགོས། མདོར་ན་འགལ་རྐྱེན་སྤང་ཞིང་གཞུང་ལྟར་མཐུན་རྐྱེན་ཚང་བ་སྒྲུབ་ནུས་ན་ལས་བཞི་མཆོག་གི་དངོས་གྲུབ་བཅས་མི་འགྲུབ་པ་མེད་པས་སྔགས་ཀྱི་དབང་ཆོས་མན་ངག་ནོར་དང་བརྗེ་བ་དང་། རང་གར་བོར་བ་རང་གཞན་གྱི་ཆགས་སྡང་གི་དོན་དུ་ཡི་དམ་གྱི་ལས་སྦྱོར་སོགས་བྱར་མི་རུང་། བསྟན་འགྲོའི་དོན་དུ་སྒྲུབ་ན་ཚེ་རིང་བ། ནོར་སྒྲུབ་པ། ཆར་དབབ་པ། སད་སེར་སྲུང་བ། ནད་གདོན་ཞི་བ་སོགས་ལས་ཕལ་བ་དང་། ཡི་དམ་གྱི་ལྷ་དངོས་སུ་འགྲུབ་སྟེ་རྗེས་སུ་འཛིན་པ། ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེ་བ་སོགས་མཆོག་གི་ལས་ཏེ་མདོར་ན་ཅི་འདོད་སྒྲུབ་པའི་ཚུལ་བཀའ་གཏེར་གྱི་མན་ངག་སྤྱི་དང་། ཁྱད་པར་སྔ་འགྱུར་གྱི་ཕྱོགས་འདིར་ཤིན་ཏུ་མང་ཞིང་། བརྒྱུད་ལྡན་གྱི་བླ་མའི་མན་ངག་བར་མ་ཆད་པ་ཡོད་པས་བསྙེན་སྒྲུབ་ཉམས་ལེན་ནུས་ན་འགྲུབ་ངེས་པའི་ཕྱིར་དེ་དག་སྒྲུབ་པ་གལ་ཆེ། དེ་རྣམས་གུ་རུ་རིན་པོ་ཆེ་ལྷོ་ནུབ་ཟངས་མདོག་དཔལ་རིར་འབྱོན་སྐབས་བོད་ཀྱི་གདུལ་བྱ་རྣམས་ལ་ཞལ་གདམས་སྩལ་བ་ལས་སྔགས་པ་རྣམས་ལ་ཞལ་གདམས་གནང་བའི་དོན་ཅུང་ཟད་བཤད་པ་སྟེ། དེ་རྣམས་ལས་གནད་ཆེ་ཤོས་ལྟ་བ་དག་མཉམ་བདེན་པ་དབྱེར་མེད་ཅེས་པའི་དོན་ཡིན་པས་དེ་གོ་བདེ་བར་བཤད་ན། ཕྱི་སྣོད་འབྱུང་བ་ལྔ་ཡུམ་ལྔ། ནང་བཅུད་ཕུང་པོ་ལྔ་རིགས་ལྔ། དབང་ཤེས་ཡུལ་དུས་སེམས་དཔའ་ལྕམ་དྲལ་བརྒྱད། ལྟ་བ་བཞི་དང་དུས་བཞི་རྣམ་ཤེས་དག་པ་གདན་གསུམ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཡི་དཀྱིལ་འཁོར་དུ་གདོད་ནས་གནས་ཀྱང་ངོ་མ་ཤེས་པར་འཁྲུལ་ཏེ་ད་ལྟ་གནས་ལུགས་མ་རྟོགས་པར་སྡུག་བསྔལ་སྲིད་པ་འཁོར་བ་འདི་ཡིན། གནས་ལུགས་ཇི་བཞིན་རྟོགས་ན་དག་པ་མྱང་འདས། མ་དག་པ་འཁོར་བ་གཉིས་བླང་དོར་གྱི་ཁྱད་མེད་པས་ཆོས་ཉིད་གཅིག་ཏུ་མཉམ་པར་གསུངས། དེ་རྟོགས་པའི་ཕྱིར་ཕྱི་སྣོད་འབྱུང་ལྔ་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཕུང་ལྔ་རིགས་ལྔའི་ལྷ་ཡི་དམ་ཞི་ཁྲོ་གང་བསྟེན་གྱི་ལས་བྱང་གིས་སྒོམ། སྔགས་བཟླ། དེ་ཐམས་ཅད་ཀྱང་སྣང་སྟོང་གཉིས་མེད་ཟུང་འཇུག་བདེ་ཆེན་ཡེ་ཤེས་ཀྱི་རང་བཞིན་ལས་རྒྱུད་ཐ་མལ་སོ་སོའི་སྐྱེ་བོ་མ་ཡིན་པ་ཤེས་ན། སྒྱུ་འཕྲུལ་གསང་སྙིང་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་གསུངས་པ་དེ་ཡིན། ལས་བྱང་དུ་ཡང་གསལ་ཁ་ཡོད་པ་ཀློང་སྙིང་ཡུམ་བཀའ་ལས། སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང་༔ སྲིད་པ་ཐམས་ཅད་མཁའ་འགྲོའི་དལ༔ ཞེས་སོགས་གསུངས་པ་རྣམས་ཡིན་པས་ཤེས་དགོས། ལྟ་བ་དེ་རྟོགས་པ་ལ་སྨིན་གླིང་དང་སྙིང་ཐིག་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྟ་བུའི་སྔོན་འགྲོའི་བློ་ལྡོག་བཞིའི་ཁྲིད་སྦྱངས། སྐྱབས་སེམས་སོགས་འབུམ་ལྔ་གྲངས་བཅུ་ལྔ་སོགས་སྔོན་དུ་འགྲོ་བས། ཁྲིད་གཞུང་སོ་སོའི་སེམས་དོན་གྱི་ཉམས་ལེན་ལ་སྦྱངས་པས་གནད་དུ་ཐེབས་པར་འོང་བས་ཤེས་པར་གྱིས། སྤྱིར་བདག་ནི་མཁས་དང་གྲུབ་པ་མ་ཡིན། བླ་མ་ཚད་ལྡན་གྱི་ཡོན་ཏན་ཅི་ཡང་མེད་པའི་སོ་སྐྱེ་རང་རྒྱུད་མ་གྲོལ་བས་གཞན་ལ་གདམས་ངག་བརྗོད་དུ་མེད་མོད། ད་སྔ་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་ལྔ་བཅུ་ལྷག་ཙམ་གྱི་ཞབས་པད་བསྟེན།  རྒྱུད་དང་དབང་ཆོས་འདོད་རྒུ་ཐོབ། ཅུང་ཟད་ཐོས་པ་རྣམས་ཀྱི་དོན་བྲིས་པ་ཡིན་པས། ཞལ་གདམས་འདི་ལྟར་སྤྱད་ན་ཆོས་དང་མཐུན་པ་ཡོང་བས་རང་ལས་དངོས་སུ་ཆོས་འབྲེལ་ཐོབ་པ། མིག་གིས་མཐོང་བ། མིང་ཐོས་པ། མདོར་ན་སྔ་འགྱུར་བའི་སྔགས་པའི་མིང་འཛིན་པ་མཆོག་དམན་ཀུན་ལ་གདམས་པ་ཡིན་པས་ཡུན་རིང་བསྡད་པ་དང་དབང་ཆོས་མང་པོ་ཐོབ་ཀྱང་འདི་ལས་ལྷག་པ་བཤད་རྒྱུ་མེད་པའི་ཕྱིར་ཡི་གེ་འདི་ཀུན་ལ་སྤེལ་ཅིང་། ཐམས་ཅད་ཀྱིས་འདིའི་དོན་བཞིན་ཅི་ནུས་སུ་བརྩོན་པ་གལ་ཆེའོ། །སྤྱིར་སྔགས་པ་ཞེས་པ་གྲངས་མང་ཡང་། །སྔགས་བཞིན་དུ་སྤྱོད་པའི་སྔགས་པ་དཀོན།  །བདག་སྔགས་པ་ཚད་ལྡན་མ་ཡིན་ཀྱང་།  །ཆོས་སྔགས་གཞུང་ཅུང་ཟད་ཐོས་ནས་ཡོད། །གནད་གང་ཤེས་ཡི་གེར་བྲིས་པས་ན།  །འདི་སྔགས་པས་ཉམས་ལེན་སྙིང་པོར་མཛོད། །མགོའི་རལ་བ་སྤྱི་བོར་དཀྲི་བའི་དུས། །སྐྱབས་བླ་མ་མ་བརྗེད་གསོལ་བ་ཐོབ། །རྒྱུད་བྱིན་རླབས་ཞུགས་ན་སྔགས་པ་ཡིན། །ལག་ཕྲེང་བ་ཕུར་པ་ཐོགས་པའི་སྐབས། །ལྷ་ཡི་དམ་སྒོམས་ལ་བསྐྱེད་བཟླས་མཛོད། །དོན་དངོས་གྲུབ་ཐོབ་ན་སྔགས་པ་ཡིན། །གྲོགས་ཆུང་མ་བུ་ཚ་མཐོང་བའི་ཚེ། །མ་མཁའ་འགྲོ་ཆོས་སྐྱོང་ཡིད་ལ་གྱིས། །ཚོགས་གཏོར་མ་བཏང་ན་སྔགས་པ་ཡིན། །སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཀུན། །ལྷ་སྔགས་དང་ཆོས་སྐུའི་རོལ་བར་ལྟོས། །ལས་ཐ་མལ་མ་ཤོར་སྔགས་པ་ཡིན། །རང་སྣང་བ་དག་པ་ཤར་ཚ་ན། །གནད་ལམ་ཁྱེར་དེ་ལ་ཚང་ནས་ཡོང་། །དོན་འདི་བཞིན་ཤེས་ན་སྔགས་པ་ཡིན། །ཚེ་རིལ་བོ་ཁྱིམ་གྱི་སོ་ཚིས་དང་། །བུ་ཆུང་མའི་འཚོ་སྐྱོང་མ་གཡེང་བར། །མིང་སྔགས་པ་ཞེས་པའི་ཆེན་པོ་དེ། །དོན་ལག་ལེན་སྟེང་དུ་བཀལ་ནུས་ན། །ཆོས་སྣ་རེ་སྤྱོད་པ་གལ་ཆེ་བས། །མི་ཀུན་གྱི་ཐུགས་ལ་དེ་ལྟར་ཞོག །ལམ་གསང་སྔགས་ཟབ་མོའི་གནད་ཤེས་ན། །རྐྱེན་འཁོར་བའི་སྤྱོད་ཀུན་ལམ་གྱི་གྲོགས། །རང་དངོས་གྲུབ་ཐོབ་ལ་བསླུ་མེད་ཕྱིར། །མིའི་ལུས་རྟེན་རྙེད་པ་དོན་ཡོད་མཛོད། །དགྲ་འཆི་བདག་ནམ་འབྱུང་མི་ཤེས་ཤིང་། །དུས་སྙིགས་མར་རྐྱེན་ངན་བར་ཆད་མང་། །སེམས་ཆོས་ལ་ཅི་ནུས་མྱུར་དུ་སྐོར། །ལས་བྱས་ཚད་ཆོས་དང་ཅི་མཐུན་མཛོད། །ཚུལ་དེ་སྐད་མདོ་ཁམས་སྡེ་དགེ་ནས། །ཡུལ་བྱང་ཕྱོགས་འོང་བའི་རྒྱལ་ཁམས་པ། །མིང་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དེས། །སེམས་བསམ་སྦྱོར་དཀར་པོས་བྲིས་པ་ལགས། །ཁྱེད་འདི་བཞིན་སྤྱོད་པའི་སྔགས་པ་རྣམས། །དཔལ་ཨོ་རྒྱན་ཆེན་པོས་རྗེས་འཛིན་ཞིང་། །ལམ་བར་ཆད་མེད་ལ་མཐུན་རྐྱེན་འགྲུབ། །ཞིང་ཟངས་མདོག་དཔལ་གྱི་རི་བོ་ན། །འཁོར་ཚོམ་བུ་གཅིག་ཏུ་ཚོགས་པ་ཡི། །རིག་འཛིན་གྱི་འདུས་པ་འབྱུང་བ་རུ། །སྨོན་ལམ་དང་བདེན་ཚིག་བརྗེད་མེད་ཞུ། །དཔལ་བཀྲ་ཤིས་དགེ་ལེགས་དར་རྒྱས་ཤོག  །
     ཅེས་མདོ་སྨད་བྱང་ཕྱོགས་རེབ་ཀོང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་འདུས་པ་ཆེན་པོར་རིན་ཆེན་གཏེར་མཛོད་ཀྱི་དབང་འབོག་སྐབས། ཨ་མགྲིན་སྤྲུལ་སྐུ། མི་ལའི་སྤྲུལ་སྐུ། སྔགས་འཆང་བཀྲ་ཤིས་དཔལ་ལྡན། ཚེ་རིང་རྒྱལ། ཁྲོ་བོ་དཔལ་ལྡན་སོགས་སྔགས་མང་ཡོངས་ནས་བསྐུལ་ངོར། ཤར་མདོ་ཁམས་པ་སྡེ་དགེའི་སྔགས་རིག་འཛིན་པ༧འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ཞོ་འོང་གསང་སྔགས་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་ལྕགས་ཡོས་ཆོ་འཕྲུལ་ཟླ་བའི་འཕེལ་ཚེས༡ལ་བྲིས་པའི་ཡི་གེ་བ་ནི་འཇམ་དབྱངས་ཤེས་རབ་རྒྱ་མཚོས་མཛད་ཅིང་བརྐོས་མཁན་དན་ཏིག་སྔགས་བཙུན་འཇིགས་མེད་འཕྲིན་ལས་ཀྱིས་བགྱིས་པས་མཐོང་ཚད་ཀྱི་རྒྱུད་ལ་ཕན་པར་གྱུར་ཅིག །  ། །

47.2K