བོད་ཡུལ་འདི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་རྒྱུ་མཚན་གནད་བསྡུས་ཙམ་བརྗོད་པ་ཞེས་བྱ་བ་བཞུགས་སོ། །༡

སྔགས་འཆང་རྟ་མགྲིན་རྒྱལ།

འཇིགས་མེད་བརྟུལ་ཞུགས་གྲུབ་པའི་ཤིང་རྟ་ཆེ། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། །བསྟན་པའི་ཉི་མ་གྲུབ་དབང་རྫོགས་ཆེན་པ། །འཇིགས་མེད་བསྟན་པའི་རྒྱལ་མཚན་ལ་ཕྱག་འཚལ། །ཞེས་གྲུབ་ཆེན་ཐམས་ཅད་མཁྱེན་པ་ལ་མཆོད་པར་བརྗོད་པ་སྔོན་དུ་སོང་ནས། འདིར་བརྗོད་པར་བྱ་བ་ནི། བསིལ་ལྡན་ཁ་བ་རི་པ་རྣམས་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་ཚུལ་དང་། ཆོས་མཆོག་མ་ཎི་ཡི་གེ་དྲུག་མ་བཟླས་པའི་ཕན་ཡོན་བཤད་པ་ལ་གཉིས་ལས།
དང་པོ་ནི། བོད་ཡུལ་འདིའི་ཕན་བདེའི་སྲོག་རྩ་འཕགས་མཆོག་ཐུགས་རྗེའི་གཏེར་དང་། ཆོས་མཆོག་ཡི་གེ་དྲུག་མ་ལ་ཐུག་སྟེ་ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་ཡིག་སོགས་ལས་གསུངས་པ་ལྟར་ཞིང་འདིའི་སྟོན་པ་ཤཱཀྱའི་རྒྱལ་པོས་བོད་ཀྱི་ཡུལ་འདིར་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལ་གདུལ་ཞིང་དུ་བཀས་གཏད་ཅིང་། དེ་ཁོ་ན་བཞིན་དུ་བོད་མིའི་རིགས་རྒྱུད་ཀྱི་ཐོག་མ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཕགས་པ་སྤྲེལ་སྒོམ་ལ་ཐུག་པ་དང་། ཟང་ཟིང་གི་ལོངས་སྤྱོད་ཡང་དང་པོ་འཕགས་པས་པོ་ཏ་ལ་ནས་འབྲུ་སྣ་བདུན་བོད་དུ་གཏོར་བ་ལས་བྱུང་བ་དང་། ཆོས་ཀྱི་ལོངས་སྤྱོད་མདོ་སྡེ་ཟ་མ་ཏོག་ནས་དབུ་བརྙེས་པ་དང་། སྔོན་གྱི་ཆོས་རྒྱལ་ཕལ་ཆེར་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་བཀའ་གདམས་གླེགས་བམ་རིན་པོ་ཆེར་གསུངས་པ་དང་། རྒྱ་དཀར་ནག་གི་རྟེན་གཙོ་ཇོ་ཤཀ་རྣམ་གཉིས་བོད་ཡུལ་གྱི་ལྟེ་བར་གདན་འཛོམས་པ། ར་སའི་གཙུག་ལག་ཁང་གི་རྨང་བཏིངས་པ་སོགས་ནི་སྲོང་བཙན་དང་རང་བྱུང་འཕགས་པའི་དྲིན་ལས་བྱུང་བ་ཡིན་ཏེ། དེ་ཡང་རང་རེ་བོད་འབངས་ཚོའི་ལུས་ཀྱི་འབྱུང་ཁུངས་ཡར་དེད་ནས་བསམ་ན་འཕགས་པ་དང་ཇོ་མོ་ཉི་ཟླ་ལ་ཐུག་འགྲོ་སྟེ་དང་པོ་བོད་མི་ཐོག་མར་ལྷ་སའི་ལྷོ་ཁའི་རྩེད་ཐང་གི་རྒྱབ་རི། དེ་ཟོ་དང་གངས་བོ་རི་ཞེས་པར་འཕགས་པ་སྤྲེལ་སྒོམ་དང་རྗེ་བཙུན་སྒྲོལ་མ་བྲག་སྲིན་དུ་སྤྲུལ། སླར་ཡང་སྤྲུལ་གཞི་སྤྱན་རས་གཟིགས་ཀྱིས་དེ་གཉིས་བཟའ་མིར་གནང་ཞིང་བྱིན་གྱིས་བརླབས། འགྲོ་བ་རིགས་དྲུག་ནས་འཕོས་པའི་སེམས་ཅན་དྲུག་དེ་གཉིས་ཀྱི་བུ་དྲུག་ཏུ་བྱིན་གྱིས་བརླབས་ནས་རིགས་དྲུག་གི་འགྲོ་བ་རྣམས་འཕགས་པའི་སྲས་སུ་བསྐྱེད་པའི་རྟེན་འབྲེལ་མཛད། དེ་ནས་བཟུང་སྟེ་སྤྲེལ་སྒོམ་གྱི་ཚ་རྒྱུད་དུ་སྐྱེས་ཚད་ཐམས་ཅད་འཕགས་པ་ཡབ་ཡུམ་ཉིད་ཀྱིས་རང་གི་གདུང་རིགས་སུ་འབྱུང་བར་བྱིན་གྱིས་བརླབས་པ་ཁོ་ན་ཡིན་ཏེ། དེ་ལྟར་བྱིན་གྱིས་བརླབས་པའི་རྒྱུ་མཚན་དང་དགོས་པའང་ཆོས་མཆོག་མ་ཎིའི་རྣལ་འབྱོར་གྲུབ་པའི་སྔགས་རྒྱུད་དུ་མཛད་ནས་དེའི་དངོས་གྲུབ་འབད་མེད་དུ་འགྲུབ་པར་བྱ་བའི་ཆེད་དོ། །དེས་ན་རང་རེའི་ལུས་འདི་བ་སྤུ་དང་སེན་མོ་སྐྲ་ཤ་རུས་དང་རྒྱུས་པ་ཁྲག་སོགས་རེ་རེ་ནས་མ་ཎི་པདྨེའི་རིགས་སྔགས་ཀྱི་བདུད་རྩིའི་རྒྱུན་ལས་མ་བྱུང་བ་ཅུང་ཟད་ཀྱང་མེད་པས་རྒྱལ་ཁམས་གཞན་གྱི་མི་རྒྱུད་དང་མི་འདྲ་སྟེ་བོད་འབངས་དེ་དག་ཐམས་ཅད་ནི་སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་བསྡུ་བའི་དངོས་པོ་སྟེ་སེར་སྣ་ཅན་རྣམས་སྦྱིན་པའི་བསྡུས། དེ་བཞིན་ཞེ་སྡང་སྙན་སྨྲ། གཏི་མུག་ཅན་དོན་སྤྱོད། ང་རྒྱལ་ཅན་རྣམས་དོན་མཐུན་གྱིས་བསྡུས་ནས་དགེ་བ་ལ་བཀོད་དེ་མ་ཎིའི་རིགས་སྔགས་འཆང་གི་རིགས་སུ་སྨོན་ལམ་གྱིས་བདག་གིར་བཟུང་ཞིང་། དགོངས་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། འཕགས་པའི་བཀའ་དྲིན་གྱི་ཆ་ཤས་དང་རིགས་སྔགས་མ་ཎིའི་ཕམ་ཕབ་ལ་སྤྱོད་པའི་དགེ་རྩ་རྒྱུད་ལྡན་གྱི་སྐལ་བ་ཅན་ཤ་སྟག་སྟེ། ཚོན་ནམ་རྡོ་ཡི་ནང་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །ཞེས་པ་ལྟ་བུའོ། །འདི་དག་ནི་སྙིང་རྗེ་པད་དཀར་ཆུང་བར། སྔོན་ཐུབ་པ་ལ་ལས་འབྲེལ་མེད་ན་ད་ལྟ་དེའི་གསུངས་པའི་ཆོས་གཏན་ནས་མི་གོ་བར་གསུངས་པ་སོགས་ལུང་མང་པོས་ཤེས་སོ། །འོན་ཀྱང་ལོ་ཏོག་འདོད་པས་ས་བོན་དུ་འོས་པའི་ནས་སམ་གྲོ་སོགས་འབྲུ་བཟང་ལ་སྤུས་གཙང་བ་རྙེད་རུང་དེས་མི་ཆོག་སྟེ། ཞིང་བཟང་པོ་ལ་བཏབ་ནས་སོ་ནམ་ལ་རེམ་དགོས། དེ་བཞིན་དུ་རང་རེའི་སྒོ་གསུམ་ལ་མ་ཎིའི་ཕབ་གཏའ་ཡོད་ལུགས་དེ་ལྟར་ངོ་འཕྲོད་ཐོག །སྒོམ་པ་ཉམས་ལེན་གྱི་ལས་ཀས་འཕགས་པའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཀྱི་ཆང་ལང་ངེས་སུ་བྱེད་རྒྱུ་གལ་ཆེ། འདི་ནི་གློ་བུར་ཐ་མལ་གྱི་རགས་ཕུང་སྟེང་ནས་བཤད་དེ་བོད་ཀྱི་སྒོས་ཆོས་སོ། །རང་རྒྱུད་ཀྱི་སྔགས་ཀྱི་ཕབ་གཏའ་མཐར་ཐུག་ནི་གཉུག་མ་མི་ཤིགས་པའི་སྒོ་གསུམ་གདོད་ནས་དག་པ་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་འདི་ཁོ་ན་ཡིན་ཏེ་འདི་ནི་ཡོངས་དག་གཉུག་མའི་བསྒྲུབ་གཞི་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་དོ། །སྔ་མས་དངོས་གྲུབ་ཀྱི་བྱ་བ་སྒྲུབ་པ་ལ་སྔགས་ཀྱི་རྣལ་འབྱོར་ངོ་ཏི་དགོས། ཕྱི་མའི་སྟེང་ནས་གསོལ་འདེབས་གདུང་དབྱངས་ཀྱི་ཚུལ་དུ་བཏོན་པས་རྗེས་འཛིན་གྱི་བྱ་བ་བྱེད་པ་ནི་མི་ནག་དང་ཡང་ཐུན་མོང་ངོ་། །གོང་འོག་ཏུ་བཤད་པ་ལྟར་འཕགས་པ་ལ་སྔོན་དགེ་རྩ་ཆེ་ཕྲ་ཅི་རིགས་ཀྱིས་འབྲེལ་བའི་ལས་མཐུན་ཁོ་ནས་བོད་ཀྱི་མིར་སྐྱེ། དེའང་བསྐྱེད་རྒྱུའི་དགེ་རྩ་ནི་བསམ་སྦྱོར་གྱི་ངོས་ནས་ཆེས་ཆུང་ལ་ཞན་ཡང་། འཕགས་པ་སྐྱབས་ཡུལ་གྱི་ཞིང་ཁྱད་པར་བ་ཡིན་སྟབས་ཚད་མེད་པར་འཕེལ་འགྲོ་བ་འདུལ་བ་ལུང་དུ་ནྱ་གྲོ་དྷའི་ལྗོན་པ་དང་དེའི་ས་བོན་གྱི་དཔེ་དང་། ང་ལས་ནུའི་གཏམ་རྒྱུད་སོགས་ལྟ་བུའོ། །དེ་ལྟ་བུའི་སྔོན་འབྲེལ་གྱིས་རྒྱུ་བྱས། འཕགས་པ་ཡིད་བཞིན་ནོར་བུའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་གྱིས་རྐྱེན་བྱས་ནས། ད་ལྟ་འཕགས་པ་སྤྲེལ་སྒོམ་གྱི་གདུང་རྒྱུད་དུ་སྐྱེས། འཕགས་པ་ལ་བསྐྱེད་པའི་དགེ་རྩའི་དབང་འབྲས་སྨིན་པའི་བོད་ཡུལ་འདི་ནི། རི་གངས་དཀར་གྱིས་གཡོགས་པ། ཆུ་དྭངས་གསལ་དུ་འབྱུང་བ། ཆུ་ལ་ཤེལ་ཟམ་ཆགས་པ། ཆར་ཁ་བར་འབབ་པ་སོགས་རྒྱལ་ཁམས་གཞན་ན་མེད་པའི་ཡུལ་འདིའི་ཁྱད་ཆོས་ཡིན་ལ། གཞན་ཡང་ཇོ་བོས་རྒྱ་གར་ན་མེད་པར་གསུངས་པའི་མེ་ཏོག་ཤིང་དྲིལ་སོགས་འབྲུ་སྨན་མེ་ཏོག་གི་རིགས་བཟང་མང་དུ་སྐྱེས་པ། བྲག་རིའི་ཕུག་དང་ཤིང་གི་དྲུང་སོགས་བསམ་གཏན་སྤྱོད་པའི་གནས་མང་བ། ས་གཙང་ལ་དབེན་ཞིང་ཉམས་དགའ་བ། མ་ཎིའི་དར་དང་རྡོ་མཁར་གྱིས་གནས་དང་གནས་རྣམས་མཚན་པ། རྨ་རྒྱལ་ན་ཁ་སར་པ་ཎིའི་གངས་རི་དང་། བསོ་ཐོག་གནས་ན་རི་གཙོ་སྤྱན་རས་གཟིགས་ཀྱི་གནས་རི། འབྲོང་རི་སྨུག་པོ་སོགས་འཇིག་རྟེན་ཕལ་བའི་ཁ་དངགས་ལ་ཡང་ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ་གྲགས་པ། རྒྱ་ནག་པདྨེ། ཡིད་ལྷུང་མ་ནུ། ཁྲོ་སྐྱབས་འུར་འུར་དང་བྲག་དཀར་སྤྲེལ་རྫོང་སོགས་ན་འཕགས་པའི་སྐུ་དང་ཡིག་འབྲུ་རང་བྱོན། མཚམས་ཀྱི་ཡི་གེ་དྲུག་མ་སོགས་འཕགས་པའི་རྟེན་གསུམ་ཁྱད་པར་ཅན་གྱིས་ལྗོངས་འདིའི་སྟོད་སྨད་ཀུན་ཏུ་བརྒྱན་པ། སྨྱུང་གནས་པ་སོགས་འཕགས་པའི་སྒྲུབ་པ་པོ་སོགས་མཐའ་ཡས་པས་སྣོད་བཅུད་ཐམས་ཅད་རི་བོ་པོ་ཏ་ལ་དང་བདེ་བ་ཅན་གྱི་རྟེན་བརྟེན་པར་ཡང་ཡང་དང་བརྒྱུད་མར་བྱིན་གྱིས་བརླབས་པ་སོགས་བོད་ཡུལ་ཀྱི་རི་བྲག་ནགས་ཚལ་ཆུ་མཚོ་དང་བཅས་པ་ཡང་། འཕགས་པ་མ་ཎི་དང་བཅས་འབྲེལ་ཆེ་བའི་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་འབྲས་སོ། །དེ་ལྟར་བོད་འབངས་སྤྱི་མཐུན་གྱི་ལས་འབྲེལ་ཆེ་ཤོས་སུ་ཡོད་པ་འཕགས་པ་འདི་ཡིན་པས་དེའི་ཕྲིན་ལས་འཇུག་པ་ཤིན་ཏུ་མྱུར། དེ་རྣམས་ཀྱི་ལས་ཀྱི་དབང་འབྲས་སུ་གྲུབ་པའི་ཡུལ་གྲུ་འདི་ཡང་ཡིག་དྲུག་སྒྲུབ་པའི་གནས་སུ་བཀྲ་ཤིས་ཤིང་བྱིན་ཆེའོ། །དགེ་བའི་དབང་འབྲས་རྒུད་ཀྱང་བསོད་ནམས་ཀྱིས་གསོ་ནུས་པ་ཤི་བིའི་རྒྱལ་ཁམས་ལྟ་བུ། སྡིག་པའི་དབང་འབྲས་ཀྱི་ཉེས་པ་དགེ་བའི་གཟི་བརྗིད་ཀྱིས་ཀྱང་སེལ་དཀའ་བ་མོའུ་གལ་བུས་མནར་མེད་དུ་ཆར་ཕབ་པ་ལྟ་བུ། དེའི་རིགས་པས་བོད་ཀྱི་ས་ཆ་འདིའི་རྒུད་པ་སེལ་བ་དང་ལེགས་ཚོགས་གསོ་བ་ལ་དགེ་ལས་གཞན་པ་བས་ཡིག་དྲུག་ཚོགས་འདོན་བྱེད་པ་སྟོབས་ཤིན་ཏུ་ཆེ་ལ། ནང་རྣམ་སྨིན་གྱི་ལུས་ལ་ནད་མེད་དང་ཚེ་དང་ལང་ཚོ་སོགས་ཀྱི་དངོས་གྲུབ་སྒྲུབ་པའི་སྐོར་སྔོན་འབྲེལ་ཆེ་བའི་ལྷག་ལྷའི་བཟླས་སྒོམ་རྣོ་བ་ལྟར། ཕྱི་རོལ་ལས་ཀྱི་དབང་འབྲས་ཀྱི་ཡུལ་ལ་རྩི་སྨན་རླུང་ཆུ་སོགས་ཀྱི་ཉེས་རྒུད་སེལ་ཞིང་ཡོན་ཏན་སྐྱེད་པ་ལའང་དེ་ཀ་རང་རྣོ་བར་གསལ་ལོ། །དེ་ལྟར་ཡང་ལྗོངས་འདིའི་ཁྱིམ་པ་ཆོས་ཡེ་མི་ཤེས་ཤིང་ཆོས་ལ་ཡེ་མ་གོམས་པ་རྣམས་ཀྱང་ཚེ་ཕྱི་མ་ལ་བློ་ཁ་ཕྱོགས་པའམ་བཟའ་ཟླ་ཤི་བ་མཐོང་བ་སོགས་ཀྱི་ཚེ་བྱིས་པ་ཉམ་ང་དུས་ཨ་མ་འབོད་པའི་དོད་ལ་དམ་ཆོས་ཡི་གེ་དྲུག་མ་རང་དྲན་དུ་འཁོར་ཞིང་བརྒྱ་སྟོང་ཁྲི་འབུམ་སོགས་འདོན་ནུས་པ་དང་། དེ་དག་གིས་མ་ཎིའི་སྒྲ་ཙམ་འབད་ནས་བཏོན་པ་དེས་ཀྱང་ཚེ་འདིར་སྡིག་རྔམ་ཆུང་དུ་འགྲོ་བ། གནོད་པ་ཉུང་ཞིང་ཚེ་རིང་བ། ལོང་བ་མིག་ཕྱེ་བ། གདོན་བགེགས་ཅན་བགེགས་ལས་ཐར་བ་དང་། མི་བརྒྱུད་བཀྲ་ཤིས་པ་དང་། རྨི་ལམ་དུ་འཕགས་པའི་སྤྲུལ་པ་མཐོང་བ་དང་། འཆི་ཁའི་རྣམ་ཤེས་ཡིག་དྲུག་གི་ཆོས་སྒྲར་འཕོ་བ་ཐེབས་པ་སོགས་མཐའ་ཡས་པ་ཡོད་ན་ཚུལ་བཞིན་སྒྲུབ་པ་རྣམས་ཀྱིས་དངོས་གྲུབ་ཐོབ་པ་ལྟ་ཅི་སྨོས། ཐ་ན་བོད་ཀྱི་བྱིས་པ་མ་མིང་དག་པོར་མི་ཐོན་པས་ཀྱང་རིགས་སྔགས་ཡི་གེ་དྲུག་མ་གཙང་སིང་གིས་ཐོན་པ་སོགས་དུ་མ་ཞིག་གིས་བོད་ཀྱི་འགྲོ་བ་ལ་སངས་རྒྱས་བྱང་སེམས་གཞན་ལས་རྗེ་བཙུན་སྤྱན་རས་གཟིགས་ཉིད་ལས་སྨོན་གྱི་འབྲེལ་བ་ཆེ་བར་ཤེས་ནུས་སོ། །དེ་ལྟར་བོད་འབངས་སྤྱན་རས་གཟིགས་ལ་བརྟེན་པའི་སྤྱི་མཐུན་གྱི་བསོད་ནམས་ཆེན་པོ་ཡོད་པའི་དབང་གིས་འཕགས་པ་ཉིད་སྲིད་སྐྱོང་རྒྱལ་པོའི་རྣམ་པར་དངོས་སུ་བྱོན་ཏེ་ཐུགས་དམ་གྱི་ལྷར་གསོལ་འདེབས་མཛད་པ་ཚུན་ཆོད་དུ་ངའི་བོད་འབངས་རྣམས་ལ་ཐུགས་རྗེས་གཟིགས་ཤིག །ཅེས་གསུངས་ཏེ་བདག་གིར་བཟུང་ཞིང་། དེ་ལྟར་བདག་ཏུ་བཟུང་ཚད་འཕགས་པའི་མིར་སོང་བ་ཡིན་པས་ཐུགས་རྗེ་ཤིན་ཏུ་ཉེ་བ་ཤེས་སླ། སྤྲུལ་པའི་རྒྱལ་པོ་དེས་མ་འོངས་པའི་བོད་འབངས་རྣམས་ལའང་རང་ཉིད་དངོས་སུ་བཞུགས་པ་དང་རྣམ་དབྱེར་མེད་པའི་བྱིན་རླབས་མཛད་ཕྲིན་འཇུག་ཆེད་ཉིད་ཀྱི་སྐུ་འབག་ཏུ་རང་བྱོན་བཅུ་གཅིག་ཞལ་བཞེངས་ནས་ཡབ་ཡུམ་གསུམ་ཀ་དེར་ཐིམ་ཞིང་། སླར་ཐུགས་ཀ་དང་ནུ་མ་ལས་དབུ་ཉུག་མཛད་དེ་ཞལ་ཆེམས་ཀྱང་སྩལ་བས་ཆོས་རྒྱལ་ཡབ་ཡུམ་དངོས་ཀྱི་འདུ་ཤེས་བརྟན་པར་མཛད། གཞན་ཡང་དམར་པོ་རིའི་རང་བྱོན་ལོ་ཀི་ཤྭ་ར་དང་དེ་གར་བཞུགས་སུ་ཞལ་གཟིགས་ནས་བོད་འབངས་ཀྱི་ཆེད་དུ་ངོ་ཆེན་ཞུ་བའི་ཚུལ་ཅན་སྲོང་བཙན་ང་འདྲ་མར་གྲགས་པ་དེང་སང་ཇོ་ཁང་གི་སྟེང་ན་བཞུགས་པ་དང་། ཡར་འཕྲང་གི་ཡི་གེ་དྲུག་མ་དང་། ཚེ་ཆུ་འབུམ་པར་ཆུ་ཤེལ་གྱི་འཕགས་པ་རང་བྱོན་ཡོང་པར་བཤད་པ། གོང་བཤད་རྒྱ་ནག་པདྨེ། ཡིད་ལྷུང་མ་ཎི། ཁྲོ་སྐྱབས་རང་བྱོན་སོགས་ཀྱང་བོད་འབངས་སྤྱན་རས་གཟིགས་ཀྱིས་འཚོ་བའམ་ཐུགས་རྗེས་སྐྱོང་བའི་མཚན་མ་དང་། ཐ་ཚིག་མི་འགྱུར་བའི་དྲན་རྟགས་ཡིན། དེ་འདྲའི་རྟེན་འབྲེལ་གྱིས་གངས་ཅན་མཐའ་དབུས་ཀྱི་མི་ཐམས་ཅད་ད་དུང་ལྷ་ས་ལ་མཇལ་ཕྱག་སྐོར་བ་དང་མཆོད་པ་སྨོན་ལམ་གྱི་འབྲེལ་བ་འཇོག་ཏུ་འགྲོ་ཞིང་། ཕྱོགས་ཞེན་མོས་དུང་ཁྱབ་གདལ་དུ་ཆེ་བ་དང་། མཐའ་དབུས་ཀུན་ཏུ་ཆོས་དང་ཟང་ཟིང་གི་དཔལ་འབྱོར་འབྱུང་བའི་རྩ་བའི་ཁུངས་ཀྱང་ལྷ་ལྡན་ཡིན་པ་སོགས་སྲོང་བཙན་དངོས་བཞུགས་པ་དང་འགྲོ་དོན་ཕྲིན་ལས་ཕྱོགས་མཚུངས་པ་མཐོང་ཆོས་ལ་ཡོད། མདོར་ན་རང་ཅག་བོད་འབངས་རྣམས་སྤྱན་རས་གཟིགས་ཀྱི་མི་རྒྱུད་ཡིན་ཞིང་། གོང་གི་རྗེ་བོ་ལ། བཅུ་གཅིག་ཞལ་དངོས་རང་བཞུགས་པས་དུས་ཀྱི་མཐའ་འདིར་ཡང་མ་ཎིའི་ནུས་པ་དང་ཡོན་ཏན་རིག་སྔགས་གཞན་དང་མི་མཉམ་པར་ཐོགས་མེད་དུ་འབྱུང་བ་ཡིན་ནོ། །གོང་བཤད་ལྟར་དམ་པའི་ཆོས་ཀྱི་དབུ་ཡང་མདོ་སྡེ་ཟ་མ་ཏོག་ནས་བརྙེས་པ། སྤྲུལ་བའི་རྒྱལ་པོས་ཕྱོགས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེའི་གཡང་འཁོར་བའི་ཆེད་དུ་ཇོ་བོ་ཤྭཀྱ་མུ་ནེ་མཆེད་གཉིས་སྤྱན་དྲངས་པ། ནག་ཕྱོགས་ཀྱི་འབྱུང་པོ་མང་པོ་འདུལ་བ། གཙུག་ལག་ཁང་གི་ས་འཚོལ་རྨིང་འདིང་བ་ལ་སོགས་པའི་མཛད་ཆེན་ཐམས་ཅད་འཕགས་མཆོག་ཐུགས་རྗེའི་གཏེར་ཁོ་ན་ལ་གཞི་རྟེན་དང་སྲོག་ཤིང་བཅོལ། དེའི་སྒོ་ནས་ཁོག་ཕུབ་སྟེ་མཛད་པའང་རྗེ་བཙུན་འདི་བོད་ཀྱི་ལྷ་སྐལ་དང་། བོད་འདི་རྗེ་བཙུན་འདིའི་གདུལ་ཞིང་ཡིན་པས་གནད་ལ་གཟིགས་ནས་ཡིན་ཞིང་། ཕྱིས་རྒྱ་གར་གྱི་པཎ་གྲུབ་གནམ་གྱི་སྐར་མ་ལྟར་མང་བའི་ནང་ནས་བོད་དུ་བསྟན་པའི་སྲོལ་འབྱེད་མཁན་ལ། རིག་འཛིན་ཡོངས་འདུས་ལས། སྤྱན་རས་གཟིགས་དབང་སྲོང་བཙན་སྒོམ་པོ་ཉིད། །དྷ་ན་ཀོ་ཤར་སྐུ་རུ་སྤྲུལ་མཛད་དེ། །ཞེས་དང་ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་གསུངས་པ་དང་སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤ་པདྨ་འབྱུང་གནས་ང་༔ མཚོན་ཚུལ་ཙམ་ལ་སྐུ་གསུམ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཞེས་གསུངས་པ་ལྟར་མིའི་རྟེན་ཅན་གྱི་རིག་འཛིན་སློབ་དཔོན་མཆོག་གི་རྣམ་པར་མཛད་ཚེ་གུ་རུ་པདྨ་འབྱུང་གནས། དེ་ཉིད་ཡི་དམ་ལྷའི་རྣམ་པར་བསྟན་ཚེ་འགྲོ་འདུལ་སྤྱན་རས་གཟིགས་ཞེས་མཚན་བཏགས་པའི་ཁྱད་པར་ཙམ་ལས་དོན་ལ་ཐ་མི་དད་པར་གཏེར་གཞུང་ཚད་ཐུབ་མང་པོ་ལས་གསུངས། གཞན་ཡང་ལོངས་སྐུ་དང་མཆོག་སྤྲུལ་དངོས་དང་མི་མཇལ་བ་རྣམས་ལ་སངས་རྒྱས་རྣམས་སློབ་དཔོན་གྱི་ལུས་ལ་ཞུགས་ནས་རྗེས་སུ་འཛིན་པར་གསུངས་པས་སྐུའི་རྣམ་པ་འདི་ནི་དེ་བཞིན་གཤེགས་པའི་སྐུ་པདྨ་གར་དབང་དང་ཧེ་རུ་ཀ་སོགས་ཀྱི་རྣམ་པར་མཐོང་བའི་ནུས་པ་མ་རྙེད་པའི་གདུལ་བྱ་མང་པོར་དངོས་སུ་ཞལ་བསྟན་ནས། གསང་སྔགས་བླ་མེད་ཁོ་ནའི་ལམ་ནས་འཁྲིད་པའི་རྡོ་རྗེ་སློབ་དཔོན་མཛད་པའི་ཕྱིར་གསུང་རྡོ་རྗེ་འོད་དཔག་མེད་ཀྱིས་རང་ཉིད་ཀྱི་སྐུ་ལུས་དེ་ལྟར་ཆེད་དུ་བྱིན་གྱིས་བརླབས་པ་ཡིན་པས་ཡི་དམ་གཞན་ལས་འགྲུབ་ཐག་ཉེ་བ་སྟེ།  བྱིན་རླབས་དངོས་གྲུབ་ཁྱད་པར་མྱུར་འདོད་ན༔ རྩ་གསུམ་ཀུན་འདུས་པདྨ་ང་ཉིད་སྒོམ༔ ཞེས་གསུངས་པ་ལྟར་རོ། །ཇི་སྐད་བཤད་པའི་གནད་ཀྱི་སྐུའི་རྣམ་འགྱུར་འདིའི་འཁྲུངས་རབས་ཐམས་ཅད་ཀྱང་རྣལ་འབྱོར་བླ་ན་མེད་པའི་ཀུན་སྤྱོད་ཉག་གཅིག་གི་སྟེང་དུ་སོང་ཡོད་པས་གར་མཁན་རྔ་མཁན་གླུ་དང་རོལ་མོ་མཁན། ཞེས་སོགས་ལྟ་བུའི་བཟོ་སྐྱེའི་སྤྲུལ་སྐུ་གཞན་དང་ཡང་མི་མཉམ་སྟེ། སྤྲུལ་སྐུ་མཆོག་དམན་ནི་རྒྱུད་ཚོད་ལས་མིན་གྱི། མཛད་སྤྱོད་ཀྱིས་ཕྱེ་བའི་ཕྱིར་རོ། །སྔགས་བླ་མེད་ཀྱི་ནང་ནས་ཀྱང་། གཙོ་བོར་པདྨའི་རིགས་ཀྱི་སྒྲུབ་པ་པོ་དང་། གྲུབ་ཆེན་གྱི་གཟུགས་སུ་བསྟན་པའི་སྐུ་ཡིན་ཏེ། བལྟམས་དུས་ནས་མཚན་མཁན་རྣམས་ཀྱིས་དེ་ལྟར་མཚན་བསྒྲགས་པ་དང་། མཁའ་འགྲོ་ཀུན་དགའ་མོ་ལ་དབང་བཞེས་པ་དང་། མ་ར་ཏི་ཀ་དང་། ཨོ་རྒྱན་རང་བྱུང་གི་ཕུག་ཏུ་སྒྲུབ་པ་མཛད་པའི་ལོ་རྒྱུས་དང་། གཏེར་ཕྱོགས་ཀུན་ནས་ཆོས་སྐུ་འོད་མཛད། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་པདྨ་ཞེས་གསུངས་པ་དང་། ཤ་འུག་ཐུགས་རྗེ་ཆེན་པོར་གུ་རུ་ཉིད་རིགས་ཐམས་ཅད་ལས་པདྨའི་རིགས་སུ་སྒྲུབ་ན་སྔོན་སྨོན་གྱི་དབང་གིས་ལྷག་པར་མྱུར་བར་གསུངས་པ་སོགས་མཐའ་ཡས་པས་ཤེས་པའི་ཕྱིར་རོ། །དེ་ལྟར་འགྲོ་འདུལ་སྤྱན་རས་གཟིགས་དབང་ཉིད་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་པར་སྔོན་གྱི་སྨོན་ལམ་བཞིན་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ལྗོངས་མཐའ་དག་སྐྱོབ་པའི་མགོན་དུ་གསོལ་བ་བཏབ་ནས་སྤྱན་དྲངས་པ་ཡིན་ལ། ཁྲི་སྲོང་ལྡེའུ་བཙན་ནི་བོད་ཡུལ་སྤྱི་ལ་དབང་བའི་རྒྱལ་པོ་ཡིན་པས། དེས་གསོལ་བ་བཏབ་ན་བོད་འབངས་མགོ་ནག་ཡོངས་སུ་མ་ཟད། དུད་འགྲོ་རྔོག་ཆགས་ཡན་ཆད་གྱིས་གསོལ་བ་བཏབ་པར་དོན་གྱིས་འགྱུར་ཏེ། ཁྱུ་མཆོག་གར་སོང་དུ་བ་ལང་ཁྱུ་འགྲོ་བ་བཞིན་ནོ། །ཐོག་མའི་རྟེན་འབྲེལ་དེའི་དབང་གིས་ད་ལྟའང་བོད་འབངས་ལ་བྱིན་རླབས་གཞན་ལས་མྱུར་ཞིང་། བཀའ་དྲིན་གྱི་དབང་དུ་བྱས་ན་བོད་འདྲེ་སྲིན་གྱི་ཡུལ་མཐའ་དབུས་ཐམས་ཅད་ཀྱི་ས་བཏུལ་ནས་དམ་པའི་ཆོས་ཀྱི་འབྱུང་གནས་དང་འཕགས་པའི་ཡུལ་ཁམས་སུ་བྱིན་གྱིས་བརླབས་པ་དང་། སའི་ཆ་ཕལ་ཆེར་གུ་རུ་ཉིད་ཀྱི་སྒྲུབ་གནས་སུ་མཛད་དེ་རྡོ་རྗེ་གནས་ཆེན་རྣམས་དང་ཡོན་ཏན་མཚུངས་པར་བྱིན་གྱིས་བརླབས་པའི་དན་རྟགས་སུ། རྫ་མོ་ཧཱུྃ་འདྲ་དང་། བྲག་བཞིར་ཞབས་རྗེས། མཚོ་བཞིར་ཕྱག་རྗེས་སོགས་བཞག་པ་ད་ལྟའང་མཇལ་དུ་ཡོད་པ་དང་། མི་ཡུལ་ན་མི་བཞུགས་པའི་སྔགས་ཀྱི་རྒྱུད་སྡེ་མང་པོ་ཡང་མཁའ་འགྲོའི་གནས་ནས་རྫུ་འཕྲུལ་གྱིས་སྤྱན་དྲངས་ཤིང་། དཔལ་གྱི་བསམ་ཡས་སོགས་སུ་གསང་སྔགས་ཀྱི་ཆོས་འཁོར་འབྱམས་ཀླས་པ་བསྐོར་ཏེ་རྗེ་འབངས་ཉེར་ལྔ་དང་གྲུབ་མཆོག་བརྒྱད་ཅུ་སོགས་གྲུབ་ཐོབ་ཀྱི་བརྒྱུད་པ་འབྱུང་བའི་གཞི་བཙུགས་པ་དང་། བརྟན་མར་གྲགས་པ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་གཟུགས་གཞན་དུ་བསྒྱུར་བའི་རྣལ་འབྱོར་མ་བཅུ་གཉིས་བོད་ཀྱི་ཡུལ་བདག་མོར་བསྐོས་པའི་སྒོ་ནས་གསང་སྔགས་ཀྱི་བསྟན་པ་མི་ནུབ་པའི་རྟེན་འབྲེལ་བསྒྲིགས་ཤིང་མུ་སྟེགས་རྒྱུ་བའི་ལམ་བཅད་པ། མཐའ་དམག་ནང་འཁྲུག་ནད་ཡམས་མུ་གེ་སོགས་དུས་ཀྱི་རྒུད་པ་སྣ་ཚོགས་རིམ་པར་འབྱུང་བ་ལ་སྐྱོབ་བྱེད་ཀྱི་གཏེར་སྟོན་དང་རྫས་གཏེར་དང་ཆོས་གཏེར། ཐད་ཀར་གང་འཚམ་གྱི་ལུང་བསྟན་ཞིབ་མོ་དང་བཅས་པ་སོ་སོའི་དུས་ཚོད་མི་ཡོལ་བར་འབྱུང་བའི་ཕྲིན་ལས་ཕྱི་མཐའི་བར་དུ་རྒྱུན་མི་ཆད་པ་དང་། དཔལ་སྤྲུལ་རྡོ་རྗེ་འཆང་གི་བཀའ་ལས། ཕྱོགས་འདིར་མི་ནག་ཕོ་མོ་རྣམས་ཀྱང་ཐེག་པ་ཆེན་པོ་གསང་སྔགས་ལ་གུས་པ་དང་། གསང་སྔགས་ཀྱི་དབང་ཞིག་ཨེ་ཐོབ་རེ་འདུན་ཆེ་བ་དང་། དབང་བསྐུར་གཟུགས་བརྙན་ཙམ་ཞིག་ཐོབ་ཀྱང་དེ་ལ་བརྩི་འཇོག་ཆེན་པོ་བྱེད་པ་སོགས་ནི་ཨོ་རྒྱན་རིན་པོ་ཆེས་ཕོ་བྱུང་ཐམས་ཅད་དཔའ་བོ་དང་། མོ་བྱུང་དཔའ་མོའི་རིགས་སུ་བྱིན་གྱིས་བརླབས་པའི་ཕྱག་རྗེས་ཡིན་གྱི། ཡུལ་གཞན་ནི་དེ་འདྲ་མེད། གསང་སྔགས་རྡོ་རྗེ་ཐེག་པ་ལ་གཡམ་རྒྱུག་ཙམ་གྱིས་མོས་གུས་ལན་ཅིག་སྐྱེས་པའི་ཕན་ཡོན་ཀྱང་ལམ་གཞན་ལ་ཡུན་རིང་དུ་སྦྱངས་པས་སླེབ་མི་སླེབ་ཀྱི་ཚོད་ཡིན་ཞེས་གསུངས་པ་དང་། ང་དུང་ཡང་སྔོན་བོད་དུ་བྱོན་པའི་སྐུ་དེ་ཉིད་དངོས་ཀྱིས་འཛམ་གླིང་འདིའི་ཉེ་འཁོར་རིག་པ་འཛིན་པའི་ཞིང་ཁྱད་པར་ཅན་ན་བཞུགས་ཤིང་། དེར་མ་ཟད་ཚེས་བཅུ་ནམ་བྱུང་དང་ལྷག་པར་དབང་ཆེན་སྤྲེལ་ཟླའི་ཚེས་བཅུར་གངས་ཅན་མཐའ་དབུས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་བྱོན་ནས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ་ཡིན་པས་དེ་ལ་བརྟེན་ནས་བསྒྲུབ་ན་མཆོག་ཐུན་མོང་གི་དངོས་གྲུབ་གང་ཡང་བདེ་མྱུར་དུ་འགྲུབ་པ་ལ་དགོངས་པ་འདི་གོ་བ་གལ་ཆེའོ། །དེས་ན་འཕགས་པ་ལ་སྔོན་ལས་འབྲེལ་ཐོགས་ངེས་མིན་པ་བོད་ཡུལ་གྱི་མིར་མི་སྐྱེ། ལས་འབྲེལ་ཆེ་རྟགས་སུ་བྱིས་པ་ལོ་གསུམ་པ་རྣམས་ཀྱང་མ་ཎི་འདོན་ཤེས། སྐྱ་བོ་ཡི་གེ་མི་ཤེས་པ་ཡང་མ་ཎི་རྐོ་ཤེས། སྤྲང་ཕྲུག་ལྟོ་སློང་བ་ཡང་མ་ཎི་ལ་ངོ་ཆེན་སྒྲོན། མི་ནག་ཆོས་དྲན་ཡང་མ་ཎི་སྣ་ལའམ་སྔོན་ལ་དྲན་འོང་བ་སོགས་ལ་བལྟས་ན་རྟོགས་ཐུབ། དེ་ལྟར་སྔོན་གྱི་ལས་འཕྲོ་ཡོད་པའི་ལྷ་སྔགས་འདི་གཞན་དང་མི་འདྲ་སྟེ་ཏིང་འཛིན་མེད་པར་ཁ་ཙམ་ཚིག་ཙམ་གྱིས་མ་ཎི་བཏོན་བསྡད་ཀྱང་བྱིན་རླབས་འཇུག །སྔགས་གཞན་མང་དུ་བཟླས་པ་བས་མ་ཎི་ལན་རེ་བཟླས་པ་བྱིན་རླབས་ཆེ་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས།

47.2K