༄༅། །ཨོ་རྒྱན་སངས་རྒྱས་གཉིས་པའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མའི་ཚིག་འགྲེལ་ལེགས་བཤད་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །༡

པདྨ་ཐེག་མཆོག་རོལ་པའི་རྡོ་རྗེ།

       ༄༅། །ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་བྱུང་གདོད་མའི་གཞི་ལས་འཁོར་འདས་གཉིས། །གྱེས་པ་དང་པོའི་དུས་དེར་རང་བྱུང་གི། །འབྲས་བུ་ལྷུན་གྲུབ་ཆེན་པོར་སངས་རྒྱས་པའི། །དཔལ་ལྡན་པདྨ་ལས་སྐྱེས་དེ་ལ་འདུད། །གང་ན་རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པ། །ཀུན་གྱི་ཁྱབ་བདག་ཉིད་ཕྱིར་དབྱེར་མེད་ཀྱང་། །དེ་ཀུན་བསྟན་པའི་སྙིང་པོ་རྡོ་རྗེ་ཐེག །སྟོན་མཛད་ཁྱོད་གཅིག་ཉིད་ཕྱིར་ཁྱད་པར་འཕགས། །དེ་ཕྱིར་སྐུ་དང་མཛད་པའི་རྣམ་རོལ་དང་། །འཁོར་དང་གདུལ་ཞིང་འདུལ་བྱེད་ཐབས་ཚུལ་བཅས། །སངས་རྒྱས་ལས་ཀྱང་ལྷག་པ་མངོན་སུམ་ན། །མགོན་ཁྱོད་དཔེ་ཟླར་འོས་པ་གཞན་སུ་ཞིག །རྒྱུ་མཚན་ཤེས་ནས་ཕྱོགས་ཞེན་སྤངས་པའི་བློས། །དྭངས་པའི་སེམས་ཀྱིས་རྣམ་ཐར་ཕྱོགས་ཙམ་ཞིག །དྲན་པ་ཡིས་ཀྱང་འགལ་རྐྱེན་ཀུན་བྲལ་ཞིང་། །མཐུན་རྐྱེན་བསམ་པ་མྱུར་དུ་འགྲུབ་པར་ངེས། །དེས་ན་སྤྲིན་བྲལ་ཉི་མའི་འོད་ཟེར་གྱིས། །ཕྱེས་པའི་པདྨོའི་ཚལ་ན་བུང་བ་བཞིན། །དམ་པའི་གསུང་གིས་བསྐྱེད་པའི་ལེགས་བཤད་ཀྱི། །སྤྲོ་དགའི་གླུ་དབྱངས་དར་དིར་འདི་ན་སྒྲོགས། །
དེ་ལ་འདིར་སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་ངོས་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉམ་ཞིང་། དགོངས་པ་དབྱེར་མི་ཕྱེད་པ་དེ་ལྟ་ནའང་སྐུ་དང་ཞིང་ཁམས་འཁོར་དང་མཛད་པ་སོགས་སྔོན་གྱི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་དབང་གིས་ཁྱད་པར་སྣ་ཚོགས་སུ་ཡོད་པར་གསུངས་ཤིང་། དེ་ཙམ་དུ་མ་ཟད་ཨོ་རྒྱན་སངས་རྒྱས་གཉིས་པ་ནི་ངེས་པའི་དོན་དྲང་པོར་འཆད་པའི་དབང་དུ་བྱས་ན་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ནམ་བསྐོར་བ་ན། དེའི་ཚེ་འཆད་པའི་སྐྱེས་བུ་དང་དཀྱིལ་འཁོར་གྱི་གཙོ་བོར་སྣང་བར་མཛད་པའི་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ལ། དེའི་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་གྱི་བཀོད་པ་ནི་བསམ་གྱིས་མི་ཁྱབ་ཅིང་མཐས་ཡས་པས་ན་ཕྱོགས་གཅིག་ཏུ་ཚད་གཟུང་དུ་མེད་པའི་རྣམ་པར་ཐར་པའི་སྒོ་ཡང་མི་འདྲ་བ་དཔག་ཏུ་མེད་པ་ཡིན་ཏེ། པདྨ་བཀའ་ཡི་ཐང་ཡིག་ལས། བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང༔ སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོད༔ གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་མཛད་པའི༔ སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་ལ་འདུད༔ ཅེས་རྣམ་ཐར་མདོར་བསྟན་གྱིས་མཆོད་བརྗོད་དུ་མཛད་པ་དང་། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦས༔ ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེས་ན་ཐང་ཡིག་ཆེན་མོའི་ལེའུ་གཉིས་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སངས་རྒྱས་འོད་དཔག་མེད་དང་། ཐོད་ཕྲེང་རིགས་ལྔར་བསྟན་ནས་མདོ་སྔགས་བསྟན་པ་གཉིས་ལྡན་གྱིས་འགྲོ་བའི་དོན་མཛད་པར་གསུངས་པ་དང་། ལེའུ་གསུམ་པར་གླེང་གཞི་དེ་ལས་བརྩམས་ཏེ་མ་དག་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་འགྲོ་བ་དྲུག་ཏུ་སྲིད་ཐུབ་འཛིན་ལ་སོགས་པའི་གུ་རུ་དྲུག་དང་། དེ་དག་རེ་རེའི་ཕྱོགས་མཚམས་སུ་སྤྲུལ་པའི་གུ་རུ་མཚན་དང་སྐུའི་བཀོད་པ་མི་འདྲ་བ་བརྒྱད་བརྒྱད་དེ་བཞི་བཅུ་རྩ་བརྒྱད་དུ་བསྟན་ནས་འགྲོ་བའི་དོན་བྱེད་པར་གསུངས་པ་དང་། གཞན་ཡང་འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཚུལ་དེ་ལྟ་བུས་སྒོ་ནས་བསྟན་པ་གཉིས་ཀྱི་སྒྲོན་མ་ཡོངས་སུ་སྣང་བར་མཛད་པ་སོགས་ཀྱི་རྣམ་པར་ཐར་པ་ནི་ཚུ་རོལ་མཐོང་བ་བྱིས་པའི་བློ་ཅན་དག་གི་རྣམ་དཔྱོད་ཀྱི་ཡུལ་ལས་འདས་ཤིང་། བསམ་གྱིས་མི་ཁྱབ་པོ། །ཤཱཀྱའི་རྒྱལ་པོའི་བསྟན་པ་འདིར་ཡང་། བྲམ་ཟེ་ཆེན་པོ་ས་ར་ཧ་དང་། རིགས་ལྡན་པདྨ་དཀར་པོ། བདེ་བ་ཆེན་པོ་པདྨ་བཛྲ། མཚོ་སྐྱེས་རྡོ་རྗེ། ནག་པོ་སྤྱོད་པ་སོགས་འཕྲུལ་མཚན་ཉི་ཤུའི་རྣམ་གྲངས་སུ་གྲགས་པ་དེ་དག་ཀྱང་གནས་སྐབས་དེ་དང་དེའི་གདུལ་བྱས་སོ་སོའི་ངོར་སྣང་བ་ཙམ་ལས་དོན་ལ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ཁོ་ནའོ། །ཐུན་མོང་གི་གདུལ་བྱ་འཁོར་རྣམ་པ་བཞི་སོགས་ཀྱི་ངོར་སྣང་བ་ཕྱི་ལྟར་ཆགས་བྲལ་སྤྲུལ་བའི་སྐུ་ཤཱཀྱ་ཐུབ་པ་དང་། གདུལ་བྱ་ཁྱད་པར་ཅན་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མི་དང་མི་མ་ཡིན་བསམ་གྱིས་མི་ཁྱབ་པའི་ངོར་སྣང་བ་ནང་ལྟར་ཆགས་ཅན་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན་ཨོ་རྒྱན་རིན་པོ་ཆེ་དང་། གདུལ་བྱ་ཐུན་མོང་མ་ཡིན་པ་རྒྱུད་དག་པའི་སེམས་དཔའ་འབའ་ཞིག་ལ་སྣང་བ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བཞུགས་པ་རྣམས་སྣང་ཚུལ་ཐ་དད་པ་ཙམ་ལས་དོན་ལ་དབྱེར་མེད་དེ། ཇི་སྐད་དུ། དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་༔ ཕྱི་རྒྱུད་དག་པའི་སྤྲུལ་སྐུས་བསྟན་པ་འཛིན༔ ནང་རྒྱུད་དག་པའི་ལོངས་སྐུས་བསྟན་པ་སྐྱོང་༔ གསང་རྒྱུད་དག་པའི་བསྐྱེད་རྫོགས་ངང་ལ་བཞུགས༔ ཞེས་དང་། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ཅེས་སོ། །ཚུལ་དེ་ལྟར་ཤེས་པར་བྱས་ནས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་ཐར་ལ་རྒྱ་བོད་ཀྱི་པཎ་གྲུབ་ཕལ་བ་རྣམས་ཀྱི་ལོ་རྒྱུས་ལྟར་ཕྱོགས་གཅིག་ཏུ་བཟུང་ནས་གང་ཟག་རྒྱུད་ཉི་ཚེ་བ་ཞིག་ཏུ་བསམ་པར་མི་བྱའོ། །དེས་ན་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་ཡིད་ལ་དྲན་ཞིང་དད་པས་གསོལ་བ་བཏབ་ན་ཕྱི་ནང་གི་བར་ཆད་སེལ་ཞིང་། བསམ་དོན་ཡིད་བཞིན་དུ་འགྲུབ་པར་འགྱུར་བས་ན་འདིར་རིག་འཛིན་འཇིགས་མེད་གླིང་པས་གསུངས་པའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ་འདི་ཉིད་འཆད་པར་བྱེད་པ་ལ་བཞི་སྟེ། རྣམ་ཐར་དྲན་པའི་སྒོ་ནས་གསོལ་བ་གདབ་པ། ཐུགས་དམ་ཞལ་བཞེས་གནད་ནས་བསྐུལ་ཏེ་གསོལ་བ་གདབ་པ། འགྲོ་བ་ཀུན་ལ་བདེ་སྐྱིད་རྒྱུ་འབྲས་འབྱུང་བར་གསོལ་བ་གདབ་པ། སྐྱབས་གནས་གཞན་དུ་མི་འཚོལ་བས་སྡུག་བསྔལ་རྒྱུ་འབྲས་བྲལ་བར་གསོལ་བ་གདབ་པ་དང་བཞིའོ། །
དང་པོ་ནི། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། །སོགས། རྐང་པ་ལྔ་ཡོད་པའི་དང་པོ་བཞི་ནི་ཀུན་མཁྱེན་ཀློང་ཆེན་པས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གི་མཆོད་བརྗོད་དུ་གསུངས་པ་དེ་གསོལ་འདེབས་སུ་བསྒྱུར་ནས་བཞག་པ་སྟེ། དེ་ལ་གུ་རུ་རིན་པོ་ཆེ་གང་དུ་འཁྲུངས་པའི་གནས་ནི། ཨོ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ན། །རྒྱ་མཚོ་དྲི་མེད་མདངས་ལྡན་ཅེས་བྱ་འཁོར། །ཆུ་ཞེང་དཔག་ཚད་བརྒྱ་ཕྲག་ཉི་ཤུ་ཡོད། །དྲི་མེད་མདངས་ལྡན་དཔག་ཚད་འབུམ་ཕྲག་གཅིག །ཟླུམ་ལ་འཁྱིལ་ཞིང་སྔོ་ལ་དྭངས་པའི་མཚོ། །ཞེས་གསུངས་ཏེ། གངས་ཏི་སེའི་ཕྱོགས་བཞི་ནས་ཁ་འབབ་ཀྱི་ཆུ་བོ་བཞི་ཕྱོགས་ཀྱི་རྒྱ་མཚོ་བཞིར་འབབ་པའི་ནང་ནས། ཆུ་བོ་སིནྔྷུའམ་བོད་ཀྱི་སྐད་དུ་ཆུ་བོ་ལོ་ཏྲི་རུ་གྲགས་པ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་གཏད་དེ་མཐའི་རྒྱ་མཚོ་ལ་འབབ་ཅིང་རོལ་པའི་མཚོ་གླིང་ཞིག་ཡིན་ཏེ། ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིནྔྷུ་རྒྱ་མཚོར་རོལ་པའི་མཚོ་གླིང་༔ ཀླུ་རྒྱལ་འཇོག་པོ་གནས་པའི་ཁོང་སྟེང་དུ༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔ ཞེས་གསུངས་སོ། །དེ་ལ་ངྷ་ན་ཀོ་ཤའི་གླིང་དུ་གྲགས་པ་ནི། ངྷ་ན་སྟེ་ཙནྡན་གྱི་ནགས་ཚལ་ཡོད་པ་དང་། ཀོ་ཤ་ཞེས་པའི་སྲོག་ཆགས་གདོང་མི་དང་འདྲ་ཞིང་སྡེར་མོ་དྲེད་དང་འདྲ་བའི་རིགས་གནས་པས་དེ་སྐད་དུ་བརྗོད་དོ། །འོ་མ་ཅན་གྱི་མཚོ་ཡང་དེ་ཡིན་ཏེ་མཚོ་དེ་ན་མེ་ཏོག་པདྨས་གང་ནས་ཡོད་པའི་པདྨའི་རྩ་བ་ལས་འོ་མ་ལྟ་བུའི་ཟིལ་མངར་དང་ལྡན་པའི་ཁུ་བ་འབྱུང་བས་སོ། །དེས་ན་མིང་གི་འདོགས་ཕྱོགས་ཐ་དད་པ་ཙམ་ལས། དོན་ལ་ཁྱད་པར་མེད་ཅིང་དངོས་མིང་དྲི་མེད་མདངས་ལྡན་གཡུ་ཡི་རྒྱ་མཚོར་གྲགས་པ་སྟེ། མཐའ་བསྐོར་ལ་དཔག་ཚད་འབུམ་ཕྲག་གཅིག་ཡོད་ཅིང་། དབྱིབས་ཟླུམ་པོ་ཁ་དོག་སྔོ་ལ་དྭངས་པ་ཞིག་གོ། །མཚོ་དེའི་ཡོན་ཏན་ནི། དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་དང་ལྡན་ཞེས་སོ། །རང་གི་ངོ་བོ་དྲི་མ་དང་ལྷན་ཅིག་མི་གནས་ཤིང་མི་ལྡན་པས་གཙང་བ། འདམ་གྱིས་རྙོག་པ་མེད་པས་དྭངས་པ། རེག་པའི་གྲང་ངར་དང་ལྡན་པས་བསིལ་བ། འཐུང་ན་ཟུག་རྔུ་མེད་པས་འཇམ་པ། དྲི་བཟང་པོའི་ངད་དང་ལྡན་པས་བསུང་བ། རོ་མཆོག་ཏུ་གྱུར་པས་ཞིམ་པ། སྐོམ་པས་གདུང་བ་སེལ་བར་བྱེད་པས་ངོམ་པ། ལུས་ཀྱི་ནད་གདོན་ཀུན་ལ་ཕན་པས་བདེ་བ་སྟེ། ཡོན་ཏན་གྱི་རྣམ་གྲངས་བརྒྱད་དང་ལྡན་པ། གཞན་ཡང་། འགྲོ་བ་སེམས་ཅན་ཀྱན་གྱི་སྒྲིབ་པ་སྦྱོང་༔ འཐུང་དང་བཀྲུས་དང་མཐོང་བའི་མི༔ རྩོད་པ་ཅན་གྱི་སེམས་ཅན་ཡང་༔ ཆུ་འཐུངས་མི་རྩོད་པ་རུ་འགྱུར༔ ཞེས་སོགས་གསུངས་པ་བཞིན། ཆུ་དེ་འཐུངས་པ་དང་། དེས་ལུས་བཀྲུས་པ། རྒྱང་ནས་མཐོང་བ་ཙམ་གྱིས་ཀྱང་སེམས་རྒྱུད་ཀྱི་སྒྲིབ་པ་བྱང་ནས། རྩོད་པ་དང་ཁྲོ་བ་དང་འཐབ་པ་ལ་སོགས་པའི་ཉོན་མོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ཞི་ནས་སེམས་ལ་དགའ་བདེའི་རློན་གྱིས་ཁྱབ་པར་འགྱུར་བ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་དོ། །མཚོ་དེའི་དབུས་མེ་ཏོག་པདྨའི་སྡོང་པོ་ཡལ་ག་ལ་རྒོད་ཀྱི་གཤོག་པ་ཙམ། ལོ་མ་ཕུབ་ཙམ། སྙིང་པོ་ཀོན་པ་ཙམ་ཡོད་ཅིང་གསུང་གི་རིགས་མཚོན་པའི་བྲམ་ཟེའི་རིགས་ཀྱི་མེ་ཏོག་དམར་པོ་ཏཱ་ལའི་འཕང་ལོ་ཙམ་ཡོད་པ་ཁ་ཕྱེ་བའི་དབུས་ཀྱི་གེ་སར་ཏེ་ཟེའུ་འབྲུ་མཐོ་བརྒྱད་ཙམ་གྱི་སྟེང་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཡི་གེ་ཧྲཱི༔དམར་པོ་ཞིག་བབས་པ་འོད་དུ་ཞུ་བ་ལས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཕ་ཡི་རྒྱུ་ལས་མ་བྱུང་། མ་ཡི་རྐྱེན་གྱིས་མ་བསྐྱེད་པར་རིག་པ་ཐོལ་སྐྱེས་སུ་སྐུ་འཁྲུངས་པ་ཡིན་ཏེ། བྲམ་ཟེའི་མེ་ཏོག་དམར་པོའི་ནང་དབུས་སུ༔ སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲཱི༔ འོད་དུ་ཞུ་བས་ཐར་པ་ཐོབ་པའི་སྐུ༔ མཚན་བཟང་སུམ་ཅུ་རྩ་གཉིས་རྟགས་རྣམས་ཚང༔ སྐྱེས་བུ་ཐབས་ལ་མཁས་མཆོག་པདྨ་འབྱུང་༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་འཁྲུངས་པའི་ཨོ་རྒྱན་ཆེན་པོ་ཉིད་ཀྱི་ངོ་བོ་ནི་སྐུ་ལྔ་དང་ཡེ་ཤེས་ལྔ་དབྱེར་མེད་པར་ལྷུན་གྱིས་གྲུབ་པའི་དོན་དམ་པའི་ལྷ་སྟེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གང་ཞིག་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བས་ཁྱད་པར་དུ་བྱས་པས་ཟག་མེད་ཀྱི་དབྱིངས་སྟོབས་སོགས་བྲལ་འབྲས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུའི་རྟེན་དུ་གྱུར་པ་ཆོས་ཀྱི་སྐུ་དང་། རྣམ་སྨིན་མཚན་དཔེའི་ཡོན་ཏན་བརྒྱ་དང་བཅུ་གཉིས་ཀྱིས་བརྒྱན་པའི་རང་བཞིན་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་གཟུགས་བརྙན་གདུལ་བྱ་སྣ་ཚོགས་པའི་ངོར་སྣང་ཞིང་མཛད་པ་འཕྲིན་ལས་ཀྱི་རྟེན་དུ་གྱུར་པ་སྤྲུལ་པའི་སྐུ་དང་། དེ་གསུམ་གའང་གོ་ས་ཐ་མི་དད་ཅིང་ངོ་བོ་དབྱེར་མི་ཕྱེད་པའི་ཆོས་ཉིད་གཅིག་དང་དུ་མའི་མཐའ་ལས་འདས་པ་མི་འགྱུར་རྡོ་རྗེའི་སྐུ་དང་། སྐུ་གསུམ་ནམ་མཁའ་དང་ཉི་འོད་འཇའ་ཚོན་བཞིན་དུ་སོ་སོ་རང་རང་གི་ལྡོག་པ་མ་འདྲེས་པར་མངོན་པར་བྱང་ཆུབ་པའི་སྐུ་སྟེ་ལྔ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ངོ་བོའི་འདུག་ཚུལ་དབྱིངས་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཚུལ་དུ་མཁྱེན་པ་ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ཆོས་ཐམས་ཅད་ཀྱི་སྣང་ཚུལ་མ་འདྲེས་པར་གསལ་ཡང་གཉིས་སུ་མི་རྟོག་པའི་ཚུལ་གྱིས་མཁྱེན་པ་ལོངས་སྐུའི་ཐུགས་མེ་ལོང་ལྟ་བུ་དང་། སྲིད་ཞི་གཉིས་ཀ་ཆོས་ཉིད་མཉམ་པ་ཉིད་དུ་མཁྱེན་པ་མི་འགྱུར་རྡོ་རྗེའི་སྐུའི་མཉམ་ཉིད་ཡེ་ཤེས་དང་། ཆོས་ཅན་རྒྱུ་འབྲས་ཀྱིས་རྣམ་པ་མ་འདྲེས་པར་མཁྱེན་པ་མངོན་བྱང་གི་ཐུགས་སོར་རྟོག་ཡེ་ཤེས། གདུལ་བྱ་གདུལ་བའི་དུས་དང་ཐབས་ཚུལ་མངོན་པར་མཁྱེན་པ་སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔ་ཡིན་ལ། དེ་ལྟར་སྐུ་དང་ཡེ་ཤེས་དག་ཀྱང་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་དང་། ཤེས་བྱ་མཁྱེན་པའི་ཆ་ནས་ཡེ་ཤེས་སུ་བཞག་པས་ལྡོག་པ་མ་འདྲེས་པ་ཙམ་ལས་ངོ་བོ་དབྱེར་མེད་པས་ལྷུན་གྱིས་གྲུབ་པའི་ཞེས་བྱ་སྟེ། གསེར་དང་གསེར་གྱི་ཁ་དོག་བཞིན་ནོ། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ལ་རང་སྐལ་དང་འཚམ་པར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་སྦྱིན་པའི་སྒོ་ནས་ཕན་འདོགས་པར་མཛད་པས་ན་ལྷ་ཞེས་གསུངས་སོ། །དེ་ལ་མཚན་དཔེས་བརྒྱན་པའི་སྐུ་ནི་ཕ་མའི་རྒྱུ་རྐྱེན་ལ་མ་ལྟོས་པར་ཐོལ་བྱུང་དུ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་རང་བྱུང་བ་དང་ཐུགས་ནི་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་བརྙེས་ནས་དོན་དམ་པའི་དགེ་སློང་དུ་གྱུར་པས་ན་རང་བྱུང་ཆེན་པོ་ཞེས་བྱ། པདྨ་ཡབ་ཡུམ་ནི་ཞེས་པདྨ་ནི་མཚན་ཡིན་ཏེ། པདྨ་ལས་འཁྲུངས་པ་དང་། པདྨའི་རིགས་ཡིན་པ་དང་། པདྨ་ཆུ་ལས་སྐྱེས་ཀྱང་ཆུ་ཡི་སྐྱོན་གྱིས་མ་གོས་པ་ལྟར་སྲིད་པར་གནས་ཤིང་སྲིད་པའི་སེམས་ཅན་གྱི་དོན་མཛད་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པར་མི་གནས་པའི་ཚུལ་གྱིས་སྤྱོད་པས་ན་པདྨ་ཞེས་བྱའོ། །ཡབ་ཡུམ་ནི་དོན་དབྱིངས་སྟོང་པ་ཉིད་དང་། ཡེ་ཤེས་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་བརྡར། ལྷ་ལྕམ་མནྡ་ར་བ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་གཟུངས་ཀྱི་ཕྱག་རྒྱ་དང་འདུ་འབྲལ་མེད་པར་བཞུགས་པའོ། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ་ནི་འཁོར་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་ཞེས་ས་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་། འཇིག་རྟེན་གྱི་མཁའ་འགྲོ་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང་། ཐུན་མོང་གི་རྫུ་འཕྲུལ་བརྙེས་ཤིང་ནམ་མཁའ་ལ་འགྲོ་ནུས་པ། སྔགས་ཀྱི་དམ་ཚིག་ལ་གནས་ཤིང་དུར་ཁྲོད་ཀྱི་ཤ་ལ་ཟ་བ། རིགས་དང་གཟུགས་དང་སྤྱོད་ལམ་སྣ་ཚོགས་པའི་རྣམ་པ་ཅན་ཡིན་ཏེ། མདོར་ན་གནས་ཡུལ་དུར་ཁྲོད་སོགས་ན་སྤྱོད་པའི་མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུའི་དབུས་ན་བཞུགས་ཤིང་། གསང་སྔགས་སྤྱོད་པས་དགྱེས་པར་མཛད་པའོ། །གསོལ་བ་འདེབས་ཞེས་པ་ནི། དེ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྣམ་པར་ཐར་པའི་སྒོ་ཁྱད་པར་ཅན་དེ་རྣམས་ལས་རང་གི་མདུན་ན་མངོན་སུམ་བཞུགས་པ་ལྟ་བུར་བསམ་ནས་རང་གི་འདོད་དོན་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པའོ། །འདོད་དོན་གང་ཞེ་ན་བདག་གི་ཡིད་ལ་བསམ་པའི་དངོས་པོ་འདི་ཉིད་མྱུར་དུ་འགྲུབ་པ་ཞིག་ཁྱེད་ཀྱིས་བྱིན་རླབས་ཏེ་ནུས་པའི་སྟོབས་ཀྱིས་མཛད་དུ་གསོལ། ཞེས་སྨོས་སོ། །ཡིད་ལ་ཅི་ཞིག་བསམ་ཞེ་ན་ལས་ངན་གྱི་རྒྱུ་འབྲས་ལས་བྱུང་བའི་ནད་གདོན་བར་ཆད་སོགས་ཞི་བ་དང་། འགྲོ་བ་རྣམས་འཕགས་པའི་ནོར་བདུན་དང་ལྡན་ཞིང་བདེ་སྐྱིད་འབྱུང་བ་དང་། མེ་ཆུ་གཅན་གཟན་སོགས་འཇིགས་པའི་གནས་མཐའ་དག་ལས་གུ་རུའི་ཐུགས་རྗེས་བཟུང་སྟེ་སྐྱབས་པར་མཛད་པ་རྣམས་བསམ་པ་སྟེ་ས་བཅད་ཕྱི་མ་གསུམ་གྱིས་རིམ་བཞིན་བསྟན་ནོ། །
གཉིས་པ་ཐུགས་དམ་ཞལ་བཞེས་གནད་ནས་བསྐུལ་ཏེ་གསོལ་བ་གདབ་པ་ནི། ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །སོགས་ཏེ། བདག་ཅག་ལས་ངན་པའི་སེམས་ཅན་འདི་རྣམས་ཀྱིས་ཚེ་རབས་སྔ་མ་རྣམས་སུ། སྲོག་བཅད་པ་དང་། མ་བྱིན་པ་བླངས་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་སོགས་མི་དགེ་བ་བཅུ། མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་ངན་པ་ཡུན་རིང་པོར་སྤྱད་པའི་རྣམ་པར་སྨིན་པའི་འབྲས་བུ་ཚ་བ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་དྲག་པོའི་མཐུས་བསྐྱེད་པ་སྟེ། དབང་དང་རྒྱུ་མཐུན་ལས་བྱུང་བའི་འབྲས་བུ་རླུང་དང་མཁྲིས་པ་བད་ཀན་ལས་གྱུར་པ་སོགས་ནད་རིགས་བཞི་བརྒྱ་རྩ་བཞི། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་ལ་སོགས་པ་གདོན་གྱི་རིགས་སུ་གཏོགས་པ་སྟོང་ཕྲག་བརྒྱད་ཅུ། འབྱུང་བཞིའི་དགྲ་དང་རྒྱལ་པོའི་ཆད་པ་སོགས་ཕྱིའི་བར་ཆད། ལུས་ཀྱི་འདུ་བ་འཁྲུག་པ་ནང་གི་བར་ཆད། སེམས་ཀྱི་ཉོན་མོངས་དང་རྣམ་པར་རྟོག་པ་ཕྱིན་ཅི་ལོག་ཏུ་སྐྱེས་པ་སོགས་གསང་བའི་བར་ཆད་དེ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བར་དུ་གཅོད་པ་རྣམས་དང་། རྒྱ་ཧོར་གྲུ་གུ་སོགས་ཕྱིའི་མཐའ་དམག་དང་། ནང་གི་སྡེ་རིས་ཕན་ཚུན་སོ་སོ་ནས་རྩོད་ཅིང་འཐབ་མོ་སློང་བའི་འཁྲུག་པ། འབྱུང་བའི་ནུས་པ་ཉམས་ཤིང་སའི་བཅུད་ཤོར་བའི་དབང་གིས་ཡུལ་བ་ལ་ལོ་ཉེས་དང་། འབྲོག་པ་ལ་དཀར་བཅུད་ཉམས་པས་བཀྲེས་སྐོམ་གྱིས་གདུང་བའི་མུ་གེ་སོགས། མདོར་ན་མི་མཐུན་པའི་ཕྱོགས་སུ་གྱུར་པའི་དུས་ཀྱི་རྒུད་པ་དང་འགྲོ་བའི་སྡུག་བསྔལ་ཐམས་ཅད་ཨོ་རྒྱན་སངས་རྒྱས་གཉིས་པ་ཁྱེད་ཀྱི་མཚན་དཔེའི་ཞལ་བཟང་ཡིད་ལ་དྲན་པ་ཙམ་གྱིས་མོད་ལ་ལྷག་མ་ཙམ་ཡང་མ་ལུས་པར་ཟད་ཅིང་མེད་པར་བྱེད་དོ་ཞེས་གུ་རུ་ཉིད་ཀྱི་ཞལ་གྱིས་བཞེས་ཏེ་འགྱུར་མེད་རྡོ་རྗེའི་གསུང་གིས་བཀའ་བསྩལ་བའི་ཐུགས་ཀྱི་དམ་བཅའ་དེ་ཉིད་དེང་གི་དུས་འདིར་བདག་ཅག་ཁྱེད་ཀྱི་རྗེས་འཇུག་རྣམས་ཀྱིས། ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་བསྐུལ་ཏེ་གསོལ་བ་འདེབས་ན་ཐུགས་རྗེས་དགོངས་པའི་དུས་ལ་བབས་སོ་ཞེས། ཨོ་རྒྱན་གྱི་རྗེ་བོའི་རྒྱལ་པོ་སྟེ་གུ་རུ་རིན་པོ་ཆེ་ལ་འབོད་པའོ། །དེ་ལ་ཞལ་གྱིས་ཇི་ལྟར་བཞེས་ན་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ཁར་ལྷ་སྲས་མུ་ཏིག་བཙན་པོས་དབུ་བྱས།བོད་ཀྱི་རྗེ་འབངས་རྣམས་ཀྱིས་མང་ཡུལ་གུང་ཐང་བར་དུ་སྐྱེལ་ཐུང་མཛད་དུས་བོད་ཀྱི་གདུལ་བྱ་ལ་ཐུགས་བརྩེ་བའི་ཞལ་གདམས་གནང་། སྐུ་དགྱེས་པའི་རྣམ་འགྱུར་མཛད་དེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་བའི་རྩ་བ་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ལས། སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ང་ཉིད་སྨན་གྱི་ལྷ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཞེས་ནད་ཀྱི་སྡུག་བསྔལ་ལས་སྐྱབས་པར་ཞལ་གྱིས་བཞེས་པ་དང་། དེ་བཞིན་དུ། ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔སོགས། ཞེས་འབྱུང་བའི་བར་ཆད་ལས་སྐྱོབ་པ། ཧོར་སོགས་འཇིགས་པའི་དམག་གིས་མཐའ་བསྐོར་ཚེ༔སོགས། དགྲ་ཡི་འཇིགས་པ་ལས་སྐྱོབ་པ། འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔སོགས། མུ་གེ་ལས་སྐྱོབ་པ་བཅས་སྡུག་བསྔལ་མཐའ་ཡས་པ་ལས་སྐྱོབ་པར་ཞལ་གྱིས་བཞེས་པ་དང་། ཐང་ཡིག་ལས། དམང་པོ་བུ་མེད་ང་ལ་གསོལ་བ་ཐོབ༔ ཡིད་འོང་ཉམས་དགའི་དངོས་པོ་པང་དུ་སྐྱེ༔ དབུལ་པོ་ནོར་མེད་ང་ལ་གསོལ་བ་ཐོབ༔ འཇིག་རྟེན་ཟང་ཟིང་ནོར་གྱི་ལག་མི་འདོར༔ དོན་དང་མི་ལྡན་ང་ལ་གསོལ་བ་ཐོབ༔ སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེདཿ གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང་༔ ཞེས་གསུངས་པ་སོགས་བསམ་གྱིས་མི་ཁྱབ་པོ། །དེས་ན་ནད་གདོན་བར་ཆད་དམག་འཁྲུག་མུ་གེ་ལ་སོགས་པ་ཐམས་ཅད་ལྷག་མེད་དུ་ཞི་བར་འདོད་པའི། བསམ་པ་འདི་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ། །

47.2K