༄༅། །ཨོ་རྒྱན་སངས་རྒྱས་གཉིས་པའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མའི་ཚིག་འགྲེལ་ལེགས་བཤད་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །༢

པདྨ་ཐེག་མཆོག་རོལ་པའི་རྡོ་རྗེ།

གསུམ་པ་བདེ་སྐྱིད་རྒྱུ་འབྲས་འབྱུང་བར་གསོལ་བ་གདབ་པ་ནི། དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །སོགས་ཏེ། འགྲོ་བ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་རྒྱུ་ནི་སྤྱིར་དགེ་བའི་ལས་ཐམས་ཅད་དང་། ཁྱད་པར་དུ་འཕགས་པ་དང་འཕགས་པའི་རིགས་དང་ལྡན་པ་རྣམས་ཀྱི་ནོར་དུ་གྱུར་པ། དད་པ་དང་ཚུལ་ཁྲིམས་ལ་སོགས་པའི་བདུན་པོ་འདི་དག་ཡིན་ཞིང་། འདི་རྣམས་སུ་ལ་ཡོད་པ་དེ་ལ་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་སྐྱིད་ཐམས་ཅད་འབད་མེད་དུ་འབྱུང་བ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ལ་རྒྱལ་སྲིད་ཀྱི་རིན་པོ་ཆེ་སྣ་བདུན་དང་ལྡན་པས་འཇིག་རྟེན་ཐམས་ཅད་ལས་མངོན་པར་མཐོ་ཞིང་མཐའ་བཞི་ལས་རྣམ་པར་རྒྱལ་བ་བཞིན་ནོ། །དེ་ལ་དད་པ་ནི་ལས་དང་ལས་ཀྱི་འབྲས་བུ་ལ་མངོན་པར་ཡིད་ཆེས་པ་སྟེ། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་དང་ལྡན་ན། དེས་དགེ་བའི་ཆོས་ཐམས་ཅད་ཀྱི་སྣ་དྲངས་ནས་མཐར་ཐུག་སངས་རྒྱས་ཀྱི་བར་ཀྱི་ཆོས་ཐམས་ཅད་ལ་དབང་དུ་བསྒྱུར་བར་འགྱུར་རོ། །དཔེར་ན་འཁོར་ལོ་བསྒྱུར་བའི་འཁོར་ལོ་རིན་པོ་ཆེ་དང་འདྲ་སྟེ། སློབ་དཔོན་དཔའ་བོས། དད་པའི་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་དྲངས། །ཞེས་གསུངས་པ་བཞིན། འཁོར་ལོ་རིན་པོ་ཆེ་དེ་ནི་ལྷ་རྫས་ཀྱི་རིན་པོ་ཆེ་འཛམ་བུའི་ཆུ་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། རྩིབས་སྟོང་ཡོད་པ། མུ་ཁྱུད་དང་ལྡན་པ། ལྟེ་བ་དང་བཅས་པ་ཞིག་ཡོད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཚེས་བཅོ་ལྔའི་སྔ་དྲོ་ཁྲུས་བྱས་ནས་ཁང་བཟང་གི་སྟེང་ན་བཙུན་མོའི་ཚོགས་ཀྱིས་བསྐོར་ནས་ཡོད་པའི་ཚེ། ཤར་ཕྱོགས་ཀྱི་ནམ་མཁའ་ནས་འཁོར་ལོ་དེ་ཉིད་སྒྲ་དང་འོད་དུ་བཅས་ཏེ་མདུན་དུ་འོང་བར་འགྱུར་རོ། །རྒྱལ་པོས་ལྟས་དེ་དང་སྦྱར་ནས་རང་ཉིད་འཁོར་ལོར་བསྒྱུར་བ་ཤེས་ཏེ་གུས་པ་དང་བཅས་པའི་ལག་པ་གཡས་པས་འཁོར་ལོ་དེ་བསྐོར་ཞིང་ལྷའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པས་ན་སྐོར་ཅིང་། ཆོས་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་དང་མཉམ་དུ་འཁོར་ལོ་དེ་ཉིད་ནམ་མཁའ་ལ་འཕགས་ཏེ་ཤར་ཕྱོགས་ཀྱི་ངོས་ལ་ཏ་ལ་ལ་འགྲོ་སྟེ། དེའི་རྗེས་ལ་རྒྱལ་པོ་བཙུན་མོ་དཔུང་གི་ཚོགས་དང་བཅས་པ་ནམ་མཁའ་ནས་ལྷན་ཅིག་ཤར་ཕྱོགས་སུ་འགྲོ་ཞིང་ས་ཕྱོགས་གང་དུ་འཁོར་ལོ་གནས་པ་དེར་ལྷན་ཅིག་ཏུ་གནས་པར་འགྱུར་རོ། །དེ་ལྟར་འགྲོ་བའི་ཚེ་ཤར་ཕྱོགས་ན་གནས་པའི་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ཀྱིས་དངུལ་གྱི་སྣོད་ནི་གསེར་གྱི་ཕྱེ་མས་བཀང་། གསེར་གྱི་སྣོད་ནི་དངུལ་སིལ་མས་བཀང་སྟེ་ཐོགས་ནས་མདུན་དུ་འོངས་ཤིང་ལྷ་འདིར་བྱོན་པ་ལེགས་སོ། །འདི་ན་ཆབ་སྲིད་རྒྱས་ཤིང་འབྱོར་བ་དང་ལྡན་ཏེ་སྐྱེ་བོ་དང་མིས་གང་བ་ལེགས་ན་ལྷ་ཉིད་ཀྱིས་ཡུལ་དུ་བཞེས་ཏེ་དགྱེས་པར་བཞུགས་སུ་གསོལ་ཞེས་རང་རང་གི་ནོར་དང་ཡུལ་ཁམས་ཐམས་ཅད་འབུལ་བར་བྱེད་དོ། །དེར་རྒྱལ་པོ་ཆེན་པོ་དེས་དེ་དག་མི་ལེན་པར་སླར་བྱིན་ནས་དགེ་བ་བཅུའི་ཁྲིམས་ལ་འགོད་དེ། ཁྱེད་སྲོག་ཆགས་མ་གསོད་ཅིག །མ་བྱིན་པ་མ་ལེན་ཅིག །འདོད་པ་ལ་ལོག་པར་མ་གཡེམ་ཅིག །རྫུན་མ་སྨྲ། ཕྲ་མ་མ་ཟེར། ངག་རྩུབ་པོ་མ་བརྗོད། ཚིག་ཀྱལ་པ་མ་སྨྲ། བརྣབ་སེམས་དང་གནོད་སེམས་དང་ལོག་ལྟའི་སེམས་སུ་མ་བྱེད། གཞན་མི་དགེ་བ་བཅུ་སྤྱོད་པ་དག་ལ་བྱམས་པར་ཡང་མ་བྱེད། དགེ་བ་བཅུའི་ཁྲིམས་ལས་འདས་ན་ཆད་པ་གཅོད་པར་བྱེད་དོ། །ཞེས་ཤར་གྱི་རྒྱ་མཚོ་ལ་ཐུག་གི་བར་དུ་རྣམ་པར་རྒྱལ་བར་བྱེད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུའང་རྒྱ་མཚོའི་མཐའི་བར་དུ་རྒྱལ་བར་བྱས་ནས། གླིང་བཞི་ལ་དབང་བསྒྱུར་ཏེ་སླར་ཡང་ཕོ་བྲང་དུ་ལེགས་པར་འོངས་ནས་བཙུན་མོའི་འཁོར་གྱི་དགའ་བ་ཉམས་སུ་མྱོང་བར་བྱེད་དོ། །ཚུལ་དེ་དང་མཐུན་པར་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་ན། སྡིག་པ་མི་དགེ་བའི་ཆོས་རྣམས་ནི་སྤངས། དགེ་བའི་ཆོས་རྣམས་ནི་བླངས། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་ཚར་བཅད། ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་བྱས། འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་ལ་ཐུག་གི་བར་དུ་དབང་བསྒྱུར་བར་བྱེད་དོ། །འཕགས་པའི་ནོར་གཉིས་པ་མི་དགེ་བ་བཅུ་སྤང་བའི་ཚུལ་ཁྲིམས་ནི། བཙུན་མོ་རིན་པོ་ཆེ་དང་མཚུངས་ཏེ། ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེ། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །ཞེས་གསུངས་པས་འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ་ནི། ཚུལ་དང་མཐུན་པ་རྒྱལ་པོའི་རིགས་སུ་སྐྱེས་པ། གཟུགས་བྱད་ཧ་ཅང་མི་རིང་ཞིང་མི་ཐུང་བ། ཤ་ཧ་ཅང་སྦོམ་པ་དང་སྐེམ་པ་མ་ཡིན་པ། ཁ་དོག་ཧ་ཅང་ཡང་མི་དཀར་ཞིང་མི་སྔོ་བ། གཟུགས་མཛེས་པ། སྤྱོད་ཚུལ་ཤེས་པ། ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། བ་སྤུའི་ཁུང་ནས་ཙནྡན་གྱི་དྲི་འབྱུང་བ། ཁ་ནས་ཨུཏྤ་ལའི་ངད་ལྡང་བ། པགས་པའི་རེག་བྱ་ལྷའི་གོས་ལྟར་འཇམ་པ། གྲང་བའི་དུས་དེའི་ལུས་ལ་རེག་ན་དྲོ་བ། དྲོ་བའི་དུས་རེག་ན་བསིལ་བ། དེ་རང་གི་བདག་པོ་མ་གཏོགས་སྐྱེས་པ་གཞན་ལ་ཡིད་མི་ཚིམས་ཤིང་གཡེམ་མི་བྱེད་པ། གསེར་གྱིས་སྤྲས་པའི་རིན་པོ་ཆེའི་མགོ་རྒྱན་དང་། མུ་ཏིག་གི་ལན་ཚར་ཅན། བཻཌཱུརྱ་དང་། མུ་ས་གརྦྷ་དང་། པདྨ་རཱ་ག་དང་། སྤུག་དམར་པོ་དང་། གཟི་དང་མཆོང་ལ་སོགས་པའི་ནོར་བུའི་རིགས་སྣ་ཚོགས་པའི་མགུལ་རྒྱན་དང་། དོ་ཤལ་དང་། སྐེ་རགས་དང་། གདུབ་ཀོར་གྱིས་སྤྲས་པ། སྐྱེ་བོ་རྣམས་སྙིང་དང་མིག་འཕྲོག་པར་བྱེད་པ་ཞིག་ཡོད་དོ། །ཚུལ་དེ་དང་མཚུངས་པ་མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་ཡོད་ན་ཐར་པའི་ཚུལ་དང་མཐུན་ཞིང་འཕགས་པའི་རིགས་སུ་སྐྱེས་པ་སོགས་རང་བཞིན་གྱི་ཡོན་ཏན་དང་ལྡན་པས། རྒྱན་གཞན་ཕལ་བ་མེད་ཀྱང་འཇིག་རྟེན་པའི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་པ། སྤྱོད་ཚུལ་མཛེས་པས་ཀུན་གྱི་ཡིད་ལ་སྡུག་ཅིང་ཡོན་ཏན་གྱི་གྲགས་པའི་དྲི་བསུང་ཞིམ་པོ་ཕྱོགས་ཕྱོགས་སུ་འཕྲོ་བ། གཞན་གནོད་གཞི་དང་བཅས་པ་སྤངས་པས་ཀུན་ལ་འཇམ་ཞིང་ཉོན་མོངས་པའི་གདུང་བ་ཐམས་ཅད་བསིལ་བ་ཐོབ་པ་སོགས་ཡོན་ཏན་གྱི་རྣམ་པ་དུ་མའི་རྒྱན་དང་ལྡན་པ་ཀུན་གྱི་ཡིད་འཕྲོག་པར་འགྱུར་བའོ། །འཕགས་ནོར་གསུམ་པ་ཟང་ཟིང་གི་དངོས་པོ་སེར་སྣས་མ་བཅིང་བར་གཏོང་བའི་སྦྱིན་པ་ནི། བློན་པོ་རིན་པོ་ཆེ་དང་མཚུངས་ཏེ། གཏོང་བའི་བློན་པོ་རིན་པོ་ཆེ། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཞེས་གསུངས། འཁོར་ལོས་སྒྱུར་བའི་བློན་པོ་རིན་པོ་ཆེ་ནི། མཁས་པ་གསལ་བ་ཡིད་གཞུངས་པ། ལྷའི་མིག་དང་ལྡན་པ་ཞིག་སྟེ། དེའི་ལྷའི་མིག་གིས་དཔག་ཚད་ཀྱི་འཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དང་བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། དེས་བདག་པོ་མེད་པའི་རིན་པོ་ཆེའི་གཏེར་དེ་དག་བླངས་ཏེ་འཁོར་ལོས་སྒྱུར་བའི་ནོར་གྱིས་དགོས་པ་ཐམས་ཅད་བྱེད་དེ། གླིང་བཞིའི་སྐྱེ་བོ་ཐམས་ཅད་ཕོངས་པ་དང་བྲལ་བར་བྱས་ཀྱང་མཛོད་ཀྱི་གནས་ལ་ཟད་པ་དང་བྲི་བ་ཙམ་ཡང་མི་མངོན་ནོ། །དེ་བཞིན་དུ་དངོས་པོ་རྣམས་ཀྱི་ཆོས་ཉིད་ལ་མཁས་ཤིང་གསལ་བ་སྒྱུ་མ་ལྟ་བུའི་བློ་དང་ལྡན་པས། གང་ལ་ཡང་མ་ཆགས་པར་ཟས་གོས་རྟ་གླང་ཡུལ་འཁོར་སོགས་ནས་ལུས་ཀྱི་བར་དུ་ཡང་གཏོང་བ་ལ་བློས་གོམས་པར་གྱུར་པས་དཀའ་བ་མེད་པར་དེ་ལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་སྐད་ཅིག་རེ་ལ་ཡང་བར་མ་ཆད་པར་མིག་འཕྲུལ་བཞིན་དུ་འབྱུང་བར་འགྱུར་ཏེ། སྦྱིན་པའི་རྒྱུ་ལས་བསོད་ནམས་འབྱུང་ཞིང་། བསོད་ནམས་ཀྱི་རྒྱུ་ལས་སྦྱིན་པ་འབྱུང་བས་ཡོ་བྱད་ལ་ཟད་ཅིང་བྲི་བར་འགྱུར་བ་མེད་དོ། །འཕགས་ནོར་བཞི་པ་རིག་པ་དང་ལྡན་པའི་གཞུང་ལ་མང་དུ་ཐོས་པ་ནི། དམག་དཔོན་རིན་པོ་ཆེ་དང་འདྲ་སྟེ། ཐོས་པའི་དམག་དཔོན་རིན་པོ་ཆེ། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ཞེས་གསུངས་ཏེ། འཁོར་ལོས་སྒྱུར་བའི་དམག་དཔོན་རིན་པོ་ཆེ་ནི་དགྲ་དཔུང་གཞོམ་པའི་ཐབས་ལ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་ལྡན་པས། རྒྱལ་པོའི་ཡིད་ལ་བསམ་པ་ཙམ་གྱིས་དཔུང་གི་ཚོགས་ཡན་ལག་བཞི་བགོ་ཞིང་བཤམས་ཏེ། ཕར་འགྲོ་བ་ན་དམག་གི་སྣ་འདྲེན། ཚུར་འོང་བ་ན་དཔུང་གི་མཇུག་སྡུད་ཅིང་། གྱད་ཀྱི་འཛིན་སྟངས་དང་། མདའི་འཕེན་ཐབས། ལྕགས་ཀྱུའི་བསྒྱུར་ཐབས། ཞགས་པས་གདབ་པ་སོགས་སྒྱུ་རྩལ་གྱི་གནས་ལ་བྱང་བ། མཚོན་གྱི་ཆད་པས་བདའ་བ་མེད་པར་ཕ་རོལ་གྱི་གཡུལ་ལས་རྒྱལ་བར་བྱེད་དོ། །དེ་བཞིན་དུ་མང་དུ་ཐོས་ཤིང་གོམས་པར་བྱས་པས་ཉོན་མོངས་པ་དང་རྣམ་པར་རྟོག་པས་རང་གི་རྒྱུད་བཅིངས་པ་ལས་གྲོལ་བར་བྱེད་པ་ནི་དམག་དཔོན་རིན་པོ་ཆེ་དང་མཚུངས་ཏེ་ལས་དང་ཉོན་མོངས་པ་ཐམས་ཅད་ལོག་པར་རྟོག་པ་བདག་ཏུ་འཛིན་པའི་སྒྱུ་མ་མཁན་གྱིས་བྱས་པར་ཤེས་ནས། གཉེན་པོ་བདག་མེད་པའི་ཚུལ་ལ་མཁས་ཤིང་གསལ་བར་གྱུར་པས་ནམ་དགོས་པའི་ཚེ་ན་སེར་སྣ་ལ་སོགས་པའི་དགྲའི་གཉེན་པོར་སྦྱིན་པ་ལ་སོགས་པའི་དགེ་བའི་དཔུང་བཤམས་ཏེ། དེ་དག་གི་སྣ་ཡང་ཤེས་རབ་ཀྱིས་འདྲེན། མཇུག་ཀྱང་ཤེས་རབ་ཀྱིས་སྡུད་དེ། གཉེན་པོའི་ཐབས་ཚུལ་ལ་མཁས་པས་ཚེགས་མེད་པར་ཉོན་མོངས་པ་དང་རྣམ་པར་རྟོག་པའི་དགྲ་དཔུང་གཞོམ་པར་བྱེད་དོ། །འཕགས་ནོར་ལྔ་པ་གཞན་ངོ་ལ་ལྟོས་པའི་ཁ་ན་མ་ཐོ་བར་འཛེམ་པ་ཁྲེལ་ཡོད་པ་ནི་གླང་པོ་རིན་པོ་ཆེ་དང་འདྲ་སྟེ། ཁྲེལ་ཡོད་གླང་པོ་རིན་པོ་ཆེ། །ཕྱིན་ཅི་ལོག་གི་ལས་རྣམས་སྤང་། །ཞེས་གསུངས་པ་ལྟར། འཁོར་ལོས་སྒྱུར་བའི་གླང་པོ་རིན་པོ་ཆེ་ནི། ལུས་ཀུན་ནས་དཀར་བ་གངས་ཀྱི་རི་བོ་དལ་གྱིས་རྒྱུ་བ་ལྟ་བུ། ཡན་ལག་བདུན་ཤིན་ཏུ་མཛེས་པ་གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲྭ་བས་གཡོགས་པ། གཙུག་ན་གསེར་གྱིས་སྤྲས་པའི་ནོར་བུ་འོད་འབར་བ་ལ་གསེར་གྱི་རྒྱལ་མཚན་དཔྱངས་པ། རྒྱལ་པོ་ལ་འོས་ཤིང་ནམ་མཁའ་ལ་འགྲོ་བ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་དང་ལྡན་པ། ཅང་ཤེས་པ་རང་གི་དཔུང་སྲུང་ཞིང་ཕ་རོལ་གྱི་སྡེ་འཇོམས་པའི་སྟོབས་དང་ལྡན་པའོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁན་པོ་དང་གྲོགས་ཚངས་པར་སྤྱོད་པ་ལྷ་དང་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་རྣམས་ལ་བལྟ་ཞིང་དེ་དག་གི་ཐུགས་ཀྱིས་ཁྲེལ་ཅིང་སྨད་པར་གྱུར་ན་མི་རུང་ངོ་སྙམ་ནས་འཇིགས་པ་དང་བཅས་པའི་སེམས་ཀྱིས་ལུས་ངག་གི་ཉེས་པ་ཕྲ་མོ་ཙམ་ལ་ཡང་འཛེམ། བག་ཆེན་པོ་དང་ལྡན་པར་མ་ཟད། ཡིད་ཀྱིས་ཀུན་ཏུ་རྒྱུ་བ་ལ་ཡང་བལྟ་ཞིང་། ལུས་ཚོར་སེམས་ཆོས་བཞི་ལ། གཙང་བདེ་རྟག་བདག་ཏུ་ལྟ་བས་ཕྱིན་ཅི་ལོག་གི་ལས་ནོར་བའི་བྱ་བ་ཐམས་ཅད་སྤོང་བར་བྱེད་པ་ནི་ཁྲེལ་ཡོད་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་གླང་པོ་རིན་པོ་ཆེ་དང་མཚུངས་ཏེ། ཉེས་སྤྱོད་སྡིག་པའི་ལས་ཀྱིས་མ་གོས་པས་དཀར་ཞིང་། དགེ་བའི་ཡན་ལག་བདུན་དང་ལྡན་པ། ཚུལ་ཁྲིམས་རིན་པོ་ཆེའི་ཡོན་ཏན་གྱི་རྒྱན་ཆས་མཛེས་ཤིང་ལྷ་དང་བཅས་པའི་ཡིད་དགའ་བ། འཕགས་པ་རྣམས་དང་འཚམས་ཤིང་། འཕགས་པའི་སྤྱོད་ཡུལ་དུ་ཞུགས་ནས། ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་བས་དགེ་བའི་ཆོས་རྣམས་བསྲུངས་ཤིང་ཉེས་པའི་ཚོགས་རྣམས་བཟློག་པར་བྱེད་ནུས་པའོ། །འཕགས་ནོར་དྲུག་པ་རིགས་དང་ཆོས་ཀྱི་དབང་དུ་བྱས་ཏེ་རང་གི་ངོར་ལྟ་ཞིང་ཁ་ན་མ་ཐོ་བ་ལ་འཛེམ་པ་ངོ་ཚ་ཤེས་པ་ནི། འཁོར་ལོས་སྒྱུར་བའི་རྟ་མཆོག་རིན་པོ་ཆེ་དང་མཚུངས་ཏེ། ངོ་ཚ་ཤེས་པ་རྟ་མཆོག་གིས། །ཉོན་མོངས་བདག་མེད་སྦུབས་སུ་སྦ། །ཞེས་པ་ལྟར། རྟ་མཆོག་རིན་པོ་ཆེའི་ནི་ལུས་ཀྱི་ཁ་དོག་སྔོ་ལྗང་རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་དུ་འོང་བ། མགོ་བོ་གནག་ཅིང་རྔོག་མ་ལྕང་ལོར་འདུག་པ། མཆོག་ཏུ་དལ་ཞིང་གསེར་གྱི་རྒྱན་ཆས་མཛེས་པ། རྫུ་འཕྲུལ་དང་ལྡན་ཞིང་ནམ་མཁའ་ལ་འགྲོ་བས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་སྟེ་ཐོ་རེངས་ཀྱི་དུས་སུ་ཞོན་ཏེ་སོང་ནས་ཆེན་པོ་རྒྱ་མཚོ་ལ་ཐུག་གི་བར་དུ་བསྐོར་ཏེ་ཉི་མའི་སྔ་དྲོ་ལ་སླར་ཡང་རྒྱལ་པོའི་ཕོ་བྲང་དུ་འོང་ནས་ཁྱེའུ་དུས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གསང་བའི་སྦལ་བ་སྦུབས་སུ་ནུབ་པས་ཤིན་ཏུ་མཛེས་པ་དེ་ལྟ་བུ་ཡོད་དོ། །དེ་བཞིན་དུ་རྒྱལ་པོ་དང་བྲམ་ཟེ་ལྟ་བུའི་ཡ་རབས་དྲ་མའི་རིགས་སུ་སྐྱེས་པས་མཛངས་པའམ། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པའི་འཁོར་རྣམ་པ་བཞི་ལས་གང་ཡང་རུང་བར་གྱུར་པ་ཞིག་ཡིན་ན་རང་གི་ངོར་བལྟས་ཏེ་རིགས་ཆོས་ཀྱི་བཙུན་པ་བདག་ལྟ་བུས་ཉེས་པའི་ཆོས་ཀུན་ཏུ་སྤྱོད་པ་ནི་ཆ་དང་མཐུན་པ་མ་ཡིན་ནོ་སྙམ་ནས་ཁ་ན་མ་ཐོ་བའི་སྡིག་པ་མི་དགེ་བའི་ལས་ལ་འཛེམ་པ་ངོ་ཚ་ཤེས་པ་སྟེ། དེ་གང་ལ་ཡོད་པ་ནི་རྟ་མཆོག་སྤྲིན་གྱི་ཤུགས་ཅན་དང་འདྲ་སྟེ། སྤྱོད་ཚུལ་མཛེས་པས་ཡིད་དུ་འོང་ཞིང་དགེ་བའི་ཆོས་ཀྱི་རྒྱན་དང་ལྡན་པ། སྒོ་གསུམ་དུལ་ལ་ཞི་ལྷག་གི་སྟོབས་ཀྱི་རྣམ་པར་འཕྲུལ་བ་སྟོན་ནུས། ཚུལ་ཁྲིམས་ཀྱི་རྐང་པའི་ཤུགས་དང་ལྡན་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ལ་ཇི་ལྟར་འདོད་པ་བཞིན་དུ་རང་དབང་བསྒྱུར་ནུས་པ། ཉོན་མོངས་ཀྱི་རྩ་བ་བདག་ཏུ་ལྟ་བ་འཕགས་པ་རྣམས་ཀྱིས་སྨོད་ཅིང་མཛེས་པ་མ་ཡིན་པའི་གནས་དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྦུབས་སུ་མི་མངོན་པར་བྱེད་པ་ཉིད་དོ། །འཕགས་ནོར་བདུན་པ་ཤེས་བྱ་བླང་དོར་གྱིས་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ནི་ནོར་བུ་རིན་པོ་ཆེ་དང་མཚུངས་ཏེ། ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་སྐོང་། །ཞེས་གསུངས། དེ་ལ་འཁོར་ལོས་སྒྱུར་བའི་ནོར་བུ་རིན་པོ་ཆེ་ནི། ཁ་དོག་ཐམས་ཅད་དུ་སྔོ་བ། བཻཌཱུརྱའི་རང་བཞིན་ཟུར་བརྒྱད་དུ་འདུག་པ་ཤིན་ཏུ་སྦྱང་བ། འོད་འབར་བ། མཚན་མོ་ནམ་གྱི་གུང་གི་མུན་ནག་དུས་སུ་རྒྱལ་མཚན་གྱི་རྩེ་ལ་ཕྱར་ན་དེ་ལས་ཉི་མ་ཤར་བ་ལྟ་བུའི་འོད་འབྱུང་སྟེ། བཙུན་མོས་འཁོར་གྱི་ཁྱམས་དང་། དཔུང་གི་ཚོགས་རྣམས་པ་བཞི་པོ་དང་བཅས་པའི་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཙམ་དུ་སྣང་བས་ཁྱབ་པར་བྱེད་དོ། །སྣང་བ་དེས་མི་དག་ཀྱང་ཕན་ཚུན་གཅིག་གིས་གཅིག་མཐོང་སྟེ་ལས་ཀྱི་མཐའ་ལ་འཇུག་སྟེ་ཉིན་མོ་ཉིད་དུ་ཤེས་སོ། །འོད་ཀྱི་རིག་པའི་མོད་ལ་ནད་དང་གནོད་པ་ཐམས་ཅད་ཞི་བ་དང་། འདོད་ན་དཔག་ཚད་ཙམ་དུ་ནོར་དང་འབྲུ་དང་གོས་དང་རྒྱན་སོགས་ཀྱི་ཆར་བབས་ཏེ་རང་གཞན་ཐམས་ཅད་ཀྱི་རེ་བ་སྐོང་བར་བྱེད་དོ། །དེ་བཞིན་དུ་ཤེས་བྱ་བླང་དོར་གྱི་རྣམ་པར་འབྱེད་པའི་ཤེས་རབ་ནི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། རང་གི་ངོ་བོ་དག་ཅིང་འོད་གསལ་བ། ཡང་དག་པའི་སྣང་བས་མི་ཤེས་པ་དང་། ཐེ་ཚོམ་གྱི་མུན་ནག་ཐམས་ཅད་སེལ་བར་བྱེད་ཅིང་གཞན་ལ་ཡང་བླང་དོར་གྱི་གནས་སྟོན་ནུས་པ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་བསལ་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྱོར་བ་དམ་པས་རང་གཞན་གྱི་རེ་བ་ཐམས་ཅད་སྐོང་བར་འགྱུར་རོ། །དད་སོགས་རང་རང་གི་མི་མཐུན་ཕྱོགས་དང་བྲལ་ཅིང་། རང་འབྲས་བསྐྱེད་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་འཕགས་ནོར་བདུན་པོ་དེ་དག་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་ཡས་པའི་རྒྱུ་ཡིན་ལ། ཟང་ཟིང་གི་ནོར་རྫས་ཕལ་བ་དག་ནི་ཐོག་མཐའ་བར་གསུམ་དུ་གསོག་སྲུང་སྤེལ་བའི་སྡུག་བསྔལ་གྱི་རྒྱུ་ལ་སྙིང་པོ་མེད་པ་སྟེ། ཇི་སྐད་དུ། ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་བ་སྡུག་བསྔལ་རྒྱུ། །ཞེས་གསུངས་སོ། །དེས་ན་འཕགས་པའི་ནོར་བདུན་པོ་དེ་རྣམས་རང་གཞན་སེམས་ཅན་ཀུན་གྱི་རྒྱུད་ལ་འབད་རྩོལ་མེད་པར་རང་བཞིན་གྱིས་ཞུགས་ནས་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་ལུས་བདེ་ཞིང་སེམས་སྐྱིད་པ་དང་ལྡན་པས་སྡུག་བསྔལ་མཐའ་དག་ལས་དབུགས་འབྱིན་པ་སྟེ་ངལ་སོས་པར་མཛད་དུ་གསོལ་སྙམ་པའི་བདག་གི་བསམ་པ་བཟང་པོ་འདི་མྱུར་དུ་འགྲུབ་པར་གུ་རུ་ཡིད་བཞིན་ནོར་བུའི་ཐུགས་རྗེས་བྱིན་གྱིས་རློབས་ཤིག །ཅེས་པའོ། །
བཞི་པ་སྡུག་བསྔལ་རྒྱུ་འབྲས་དང་བྲལ་བར་གསོལ་བ་གདབ་པ་ནི། གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །སོགས་སྨོས་ཏེ། དགྲ་གཉེན་རིས་སུ་མ་ཆད་པར་སེམས་ཅན་གང་སུ་ལ་ཡང་འདུ་བ་འཁྲུགས་པའི་ནད་དང་ལུས་སེམས་སྡུག་བསྔལ་བར་བྱེད་པའི་དངོས་པོ་ཡིད་དུ་མི་འོང་ཞིང་། མི་འདོད་པའི་རྐྱེན་གྱི་རྣམ་གྲངས་འབྱུང་པོ་མི་མ་ཡིན་གྱི་རིགས་སུ་གཏོགས་པའི་གདོན་དང་། རྒྱལ་པོའི་ཆད་པ་དང་མེ་ཆུ་སོགས་འབྱུང་བའི་དགྲ་དང་། སྟག་གཟིག་དོམ་དྲེད་དུག་སྦྲུལ་ལ་སོགས་པའི་གཅན་གཟན། རྦབ་དང་གཡང་ས་ངམ་གྲོག་སོགས་ཡ་ང་བའི་ལམ་འཕྲང་རྣམས་ཏེ་འཇིགས་པ་ཆེན་པོ་དེ་དག་གིས་མཚོན་མདོར་ན་ཚེ་ཡི་ཕ་མཐར་ཐུག་ནས་འཆི་བའི་དུས་ལ་བབ་པ་ལྟ་བུའི་ཕོངས་ཤིང་ཉམ་ཐག་པའི་གནས་སྐབས་ཀུན་ཏུ། ཚངས་པ་དང་དབང་ཕྱུག་སོགས་ནས་ཐ་ན་རི་དང་ལྗོན་ཤིང་གི་ལྷའི་བར་གྱི་འཇིག་རྟེན་པའི་སྐྱབས་གནས་ལྟ་བུ། སྙིང་ནས་རེ་ལྟོས་འཆའ་བའི་གནས་གཞན་གང་དུ་ཡང་མ་མཆིས་ཤིང་མེད་པར་ཐག་ཆོད་པས་སྐྱབས་གནས་གཞན་དུ་མི་འཚོལ་བར་ཁ་ཞེ་ངོས་ལྐོག་མེད་པར་སྙིང་ཁུང་རུས་པའི་གཏིང་ནས་སྐྱིད་རུང་སྡུག་རུང་མཐོ་རུང་དམའ་རུང་ལེགས་ཉེས་ཅི་བྱུང་ཡང་ཨོ་རྒྱན་རིན་པོ་ཆེ་ཁྱེད་མཁྱེན། ཅི་མཛད་ཁྱེད་ཤེས་སྙམ་པའི་ཡིད་ཆེས་ལིང་སྐྱུར་གྱིས་བློ་སྙིང་བྲང་གསུམ་རྩེ་གཅིག་ཏུ་བཀལ་ཏེ་གསོལ་བ་འདེབས་ན། གུ་རུ་ཁྱེད་ལ་འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ། ཆོས་སྤྱོད་རྒྱལ་པོ་སྐྱོང་བའི་ཐུགས་རྗེ། བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ། འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ། དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་སྟེ་ཐུགས་རྗེ་ལྔ་པོ་དེ་དག་དང་ལྡན་པས་ན། ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ལ། བདག་རྗེས་སུ་ཟུངས་ཤིག །གུ་རུ་ཨོ་རྒྱན་གྱི་རྗེ་བོ་ཞེས་བླ་མ་མཁའ་འགྲོའི་དབང་ཕྱུག་ལ་འབོད་པའོ། །བོས་ནས་ཅི་བྱེད་ཅེ་ན། གོང་དུ་སྨོས་པའི་གནས་སྐབས་ཀྱི་འཇིགས་པ་ཆེན་པོ་དེ་དག་མིང་གི་ལྷག་མ་ཙམ་ཡང་མེད་པར་ཞི་འདོད་པའི་བསམ་པ་འདི་ཉིད་ད་ལྟ་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་འདོད་དོན་གྱི་གསོལ་བ་སྙན་ཁུང་དུ་ཐེབས་པར་གསོལ་བ་འདེབས་པའོ། །
དེ་ལྟར་ན་སྤྱི་དོན་རྣམ་པ་བཞིའི་སྒོ་ནས་གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ་ཞེས་གངས་རིའི་ཁྲོད་ཙམ་ནས་མངོན་པར་མཐོ་བའི་རིག་འཛིན་ཆེན་པོ་མཁྱེན་བརྩེའི་འོད་ཟེར་གྱིས་མཛད་པ་དེའི་རྣམ་པར་བཤད་པ་ལེགས་བཤད་སྤྲིན་གྱི་རོལ་མོ་ཞེས་བྱ་བ་རེ་ཞིག་གྲུབ་པོ། །
དག་པའི་ཡིད་མཁར་དད་པའི་ཆུ་འཛིན་གྱིས། །ཁྱབ་པར་དཀྲིགས་ལས་གསོལ་འདེབས་དབྱར་གྱི་རྔ། །རྣམ་བཤད་གློག་ཕྲེང་གཡོ་བཞིན་ལྡིར་བ་ལ། །བྱིན་རླབས་འདོད་དགུའི་གྲུ་ཆར་ཆིལ་ཆིལ་འབབ། །རང་སེམས་རྙེད་པ་དྭངས་པའི་སྐད་ཅིག་མར། །མཁའ་དབྱིངས་དབང་གཞུས་བཀབ་པའི་ལྡིང་ཁང་ནས། །གནས་གསུམ་མཁའ་འགྲོ་བྱེ་བའི་སྤྲིན་དབུས་ན། །རིག་འཛིན་བླ་མའི་དགྱེས་ཞལ་མཐོང་བར་ངེས། །གྲོགས་དག་སྙིང་ནས་དད་པའི་མོས་གུས་ཀྱིས། །གསོལ་འདེབས་གདུང་དབྱངས་འུར་གྱིས་སྒྲོགས་ཤིག་དང་། །ཐུགས་རྗེ་ཁྱད་པར་ལྔ་ལྡན་བླ་མ་དེས། །ཞལ་བཞེས་དུས་བརླབས་གཞན་དུ་ཡོལ་མི་སྲིད། །གནས་སྐབས་མཐོང་བའི་ཆོས་ལ་ཐུན་མོང་གི། །དངོས་གྲུབ་མཚོ་མོ་བརྡོལ་དང་ལྷན་ཅིག་ཏུ། །ཕྱི་མ་རྔ་ཡབ་དཔལ་རིར་ཕྱག་རྒྱ་ཆེའི། །མཆོག་གི་རིག་འཛིན་གྲུབ་པའི་ཉི་མ་ཤར། །གྲུབ་བརྙེས་དམ་པ་མང་པོའི་ཞལ་ཆུ་འཐུང་། །རྒྱ་ཆེན་གཞུང་ལུགས་མང་པོའི་དགོངས་པ་གོ། །གསར་རྙིང་གདམས་པ་མང་པོའི་གནད་དོན་རིག །ཚེ་གཅིག་བྱ་བ་མང་པོའི་དོན་འབྲས་རྙེད། །དད་སྤྲོ་སྙིང་ནས་རྒྱས་པའི་བསོད་ནམས་ནི། །གངས་ཅན་རི་བོའི་དཔལ་ལ་འཁུ་བ་དེས། །ཐ་མལ་སྣང་ཞེན་དྲི་མ་དང་བྲལ་བའི། །ལྷུན་གྲུབ་དག་པའི་སྣང་བ་མཐོང་བར་ཤོག །
ཅེས་པ་འདི་ཡང་བློ་གསལ་ནམ་མཁའ་རྒྱ་མཚོས་ལྷ་རྫས་ཀྱི་སྐྱེས་བཅས་བསྐུལ་བར་བརྟེན་ཐེག་མཆོག་ཆོས་ཀྱི་སྒྲ་དབྱངས་ཕྱོགས་ལས་ཀྱང་འཇིགས་པ་མེད་པར་སྒྲོགས་པའི་གནས་དཔལ་གྱི་སེངྒེ་རིའི་ཆོས་གྲྭ་ནས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྗེས་འཇུག་ཏུ་ཁས་འཆེ་བའི་རིག་པ་འཛིན་པ་པདྨ་ཐེག་མཆོག་རོལ་བའི་རྡོ་རྗེར་འབོད་པས་སྦྱར་བ་དགེ་བར་གྱུར་ཅིག །

47.2K