བོད་ཡུལ་འདི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་རྒྱུ་མཚན་གནད་བསྡུས་ཙམ་བརྗོད་པ་ཞེས་བྱ་བ་བཞུགས་སོ། །༢

དེ་ལྟར་ཐུགས་རྗེ་དང་ཕྲིན་ལས་ཤིན་ཏུ་མྱུར་བའི་ལྷ་གཅིག་ཕྱག་ན་པདྨ་འདིའི་སྙིང་པོའམ་སྔགས་ནི་ཆོས་མཆོག་མ་ཎི་ཡིན་ལ། དེ་ཡང་སྤྱིར་སྔགས་ལ་དབྱེ་ན་གསང་སྔགས་རིགས་སྔགས་གཟུངས་སྔགས་གསུམ་ཡོད་པ་ལས། ཐབས་ཤེས་ཀྱི་བདག་ཉིད་དེའི་སྒོ་ཡིག་འབྲུར་སྣང་བས་གསང་སྔགས་ཏེ་ངག་ཏུ་བརྗོད་པ་དང་བཅས་ཤིང་ཤེས་སྐྱོབ་ཀྱི་ལས་ཀྱིས་ལོག་རྟོག་གི་གཉེན་པོར་གྱུར་པ་ནི་གསང་སྔགས། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་དངོས་པོའི་དོན་རིག་པར་བྱེད་པའི་ལས་ཀྱིས་མ་རྟོག་པའི་གཉེན་པོར་གྱུར་པ་ནི་རིགས་སྔགས། དྲན་པ་དང་ཤེས་རབ་ཀྱི་བདག་ཉིད་ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་ལས་ཀྱིས་དྲན་ཉམས་ཀྱི་གཉེན་པོར་གྱུར་པ་གཟུངས་སྔགས་ཏེ་འདི་གསུམ་གྱི་རྟགས་ཀྱང་རིགས་སྔགས་ནི་ལྷ་ཕོའི་དབྱིབས། གཞན་གཉིས་ནི་ལྷ་མོའི་གཟུགས་སུ་འབྱུང་ཞེས་གསང་བདག་ཞལ་ལུང་ལས་གསུངས། འདི་ནི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ཤེས་བྱ་དངོས་པོ་ཆོས་ཅན་དང་ཆོས་ཉིད་རྣམ་པར་འབྱེད་པའམ་གནས་ལུགས་མཐར་ཐུག་རྟོགས་པར་བྱེད་པའི་བྱེད་ལས་དང་ལྡན་པས་མི་ཤེས་པའམ་མ་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་རིགས་སྔགས་ཡི་གེ་དྲུག་མ་སྟེ་སྔགས་ཆོག་ཁོ་རང་གི་རང་ལྡོག་ནས། རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང་། སྨན་དང་ནོར་བུ་དང་རིགས་སྔགས་ཀྱི་མཐུ་བསམ་མི་ཁྱབ་ཅེས་བསམ་མི་ཁྱབ་ཀྱི་རིགས་ཐ་དད་དུ་བཞག་པ་ལྟར་ཡིན་ཏེ། སྔགས་ཀྱི་ནུས་པས་མེ་བསིལ་བར་འགྱུར། ཆུ་ཁོལ་བར་བྱེད། དུག་བདུད་རྩིར་བསྒྱུར། རྒས་པ་གཞོན་ནུར་འགྱུར། ན་བ་གསོ། ཤི་བ་སློང་། ཤིང་སྐམ་ལ་མེ་ཏོག་འབྱུང་། ལས་ཀྱི་རྣམ་སྨིན་གྱིས་ཐོབ་པའི་འབྲས་བུ་མི་ལུས་ཀྱང་དུད་འགྲོར་བསྒྱུར་ཞིང་། མིའི་རྟེན་ཉིད་རིག་འཛིན་གྱི་ལུས་སུ་བསྒྱུར་བ་སོགས་མཐའ་ཡས་སོ། །དེ་དག་གི་དེ་གཙོ་བོའི་མཐུ། །ཞེས་པ་བཞིན་ནོ། །དེའང་རིགས་སྔགས་ཡིན་པ། བྱེད་པ་པོ་འཇིག་རྟེན་ལས་འདས་པ། རྒྱལ་བསྟན་དང་ཐེག་ཆེན་ཁོ་ནས་དབང་དུ་བྱས་ནས་བཤད་པ། དོན་ཟབ་ཅིང་ཆེ་བ་ཡོངས་སུ་རྫོགས་པ་སོགས་རེ་རེས་ཀྱང་ཕན་བདེ་མཐའ་ཡས་སྟེར་ན་ཀུན་རྫོགས་ན་སྨོས་ཅི་དགོས། རྗེ་བཙུན་གྱིས་སྟོང་ཉིད་སྙིང་རྗེའི་ལམ་འདི་སངས་རྒྱས་གྲངས་མེད་ལ་མཆོད་ནས་བཙལ། རྙེད་ནས་སྨོན་ལམ་གྲངས་འབུམ་ཕྲག་བཅུ་སོགས་དང་སྦྱིན་པ་སོགས་སྤྱོད་པ་དཔག་མེད་དམ་ཚད་མེད་ཀྱིས་བརྒྱན་ཏེ་རྟག་འགྲུས་རྒྱུན་མི་འཆད་པ་དང་། སྒོ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་རྣམ་པར་དག་ལ་ཆེས་ཕུལ་བྱུང་དང་མི་འཕྲོག་པའི་སྒྲུབ་པ་མཛད་དེ་ཤིན་ཏུ་མཐར་ཕྱིན་ཅིང་ཡོངས་སུ་རྫོགས་པ་ན་དེ་ཉིད་ཡིག་དྲུག་ཏུ་བརླབས་པ་རེད་པས་དེ་ཐམས་ཅད་ཀྱི་ནུས་པ་ཡིག་དྲུག་ཁོ་ན་ལ་ཡོད། ཕྱིན་དྲུག་རླབས་པོ་ཆེ་རྣམས་དམིགས་མེད་བརྩེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྙིང་པོར་འདྲིལ་བའོ། །ཕྱིན་དྲུག་དེ་རྣམས་བསྡུས་པའི་རང་བཞིན་གྱི་བརྩེ་ཆེན་ནི་ཡི་གེ་དྲུག་པོ་སྔགས་གཅིག་ཏུ་ཚོགས་པའི་རིགས་སྔགས་ཀྱི་རྒྱལ་མོ་དེ་ཉིད་ཡིན་ལ། དེ་འདྲའི་བརྩེ་ཆེན་དེ་ལ་ནི་ཤེར་ཕྱིན་མས་ཀྱང་ཕྱག་མཛད་དེ། སངས་རྒྱས་བྱང་སེམས་རྣམས་ཀྱང་དེ་ལ་བརྟེན་ནས་བྱུང་བའི་ཡི་གེ་དྲུག་མ་ལ་རྒྱལ་བའི་ཡུམ་གྱིས་ཀྱང་ཕྱག་འཚལ་བར་གསུངས་སོ། །དེ་ལྟ་བུའི་ལྷ་སྔགས་ཁྱད་པར་བ་འདི་འཕགས་པ་འདིས་དང་པོ་ཐུགས་བསྐྱེད་དུས་ནས་རང་དོན་ཡིད་བྱེད་ཀྱི་དྲི་མས་མ་སྦགས་པའི་སྙིང་རྗེ་ཆེན་པོ་དང་དེའི་ནང་ནས་ཀྱང་དམིགས་མེད་ཀྱི་བརྩེ་ཆེན་རབ་མཐའི་བསམ་གཏན་ལ་བརྟེན་པའི་རྣལ་འབྱོར་ཉིད་རྩལ་འདོན་གྱིས་ལྷུར་མཛད་ཚུལ་དང་། དེའི་སྟེང་ནས་མ་དག་ཞིང་གི་འགྲོ་བ་ལས་ངན་འཇིགས་པ་དང་། སྡུག་བསྔལ་གང་ཆེ་ཆེ་ཐུ་ཐུ་རྣམས་གཙོ་བོ་དང་ལྷག་པར་རྗེས་སུ་འཛིན་པའི་ཐུགས་བསྐྱེད་སྨོན་ལམ་གྱི་ཤུགས་དྲག་སྤྱོད་ཚུལ་དང་དེ་ཐུགས་དམ་གྱི་གཙོ་བོར་བཞེས་པ་འདྲ་བ་བྱང་སེམས་གཞན་ལ་དཀའ་བར་མ་ཟད། དེ་བཞིན་གཤེགས་པ་ལས་ཀྱང་ལྷག་ཚུལ་ཤཱཀྱའི་དབང་པོར་བསྔགས་པའི་ཚུལ་དེས་ཤེས་པས་གང་དང་ཡང་མི་མཉམ་པར་བསྔགས་པ་སྟེ། འདི་འདྲ་མི་འཁྲུགས་པའི་སྤྱོད་པ་འདྲ་བ་སངས་རྒྱས་སྟོང་དང་རིན་ཆེན་ཏོག་སོགས་ལ་མེད་པར་གསུངས་པ་ལྟ་བུ་གཞན་ཡང་སྣང་ངོ་། །བོད་འདིར་ཕན་བདེའི་སྣང་བ་རྒྱ་ཆེ་བའི་གླིང་བཞི་དང་གཙོ་ཆེ་ཤོས་ནི། ཕྱོགས་འདིའི་འགྲོ་བ་རྣམས། འཕགས་པ་ལ་ལས་ཀྱི་འབྲེལ་བ་ལྷག་པར་ཆེ་ཞིང་། འཕགས་པ་ཉིད་སྔོན་གྱི་སྨོན་ལམ་གྱི་དབང་དང་། སྟོན་པས་ཀྱང་ཡུལ་འདི་རྗེ་བཙུན་འདིའི་གདུལ་ཞིང་དུ་བྱིན་གྱིས་བརླབས་པའི་མཐུའོ། །སྨོན་ལམ་ནི། གངས་རིའི་ལྗོངས་དེ་སྙིང་རྗེའི་བསིལ་འོད་དང་རྗེས་སུ་མཐུན་པས་བདག་གི་ཞིང་དང་། དེར་ཁོ་བོ་ལ་ལས་སྨོན་གྱི་འབྲེལ་བ་ཅན་རྣམས་ཤེས་ཆེར་འབྱུང་བ་དང་། བདག་གི་མཐུས་དེ་ན་ཐམས་ཅད་ཀྱང་རིག་སྔགས་ཀྱི་རྒྱལ་མོ་སྨྲ་བར་གྱུར་ཅིག །ཞེས་སོགས་འབྱུང་ངོ་། །གཞན་ཡང་འཕགས་མ་སྒྲོལ་མ་དཀར་སྔོ་དང་། གོས་དཀར་མོ། ལོ་གྱོན་མ། རྨ་བྱ་ཆེན་མོ་སོགས་མགོན་པོ་འདིའི་ཏིང་ངེ་འཛིན་གྱི་སྐུའི་ཆ་ཤས་ལས་བྱུང་བར་གསུངས་ལ། དཔལ་ན་ག་ཛུ་ནས་ཀྱང་དེ་དག་གི་ནང་ཚུན་རྨ་བྱ་ཆེན་མོའི་རིགས་སྔགས་ལ་བརྟེན་ནས་ཀླུའི་འཇིག་རྟེན་དུ་འགྲོ་བའི་དོན་མཛད་ཅིང་རྒྱལ་བའི་ཡུམ་རྒྱས་པ་སོགས་མི་ཡུལ་དུ་སྤྱན་དྲངས་པར་གྲགས་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །ཅེས་གསུངས་པ་དང་མཐུན་ནོ། །
གཉིས་པ་ནི། ཡིག་དྲུག་གོ་དོན་དང་དེ་བཟླས་པའི་ཕན་ཡོན་གཉིས་ལས། དང་པོ་ནི། འཕགས་པའི་ཐུགས་སྲོག་ཧྲཱིཿཡིག་གི་དོན་ལ། དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་ཀྱི་དམ་ཚིག་ལས་བྱུང་བའི་བྱིན་གྱིས་བརླབས་ཀྱི་པདྨོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་རང་གི་ཐུགས་ཀ་ནས་བྱུང་ངོ་། །དེར་ཧྲཱིཿདེ་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་པདྨ་ལྟ་བུའི་འོད་ཟེར་སོགས་འོད་ཀྱི་རྣམ་པ་དུ་མ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་དང་། ཆོས་ཉིད་ཀྱི་ཡེ་ཤེས་ཡང་དག་པར་སྦྱངས་ནས་སླར་ཡང་ལོག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཞུགས་སོ། །ཞེས་གསུངས་ཏེ། སྙིང་པོ་འདི་ལ་དེ་བ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ཅེས་གསུངས་པའི་ཆོས་ནི་པདྨའི་རིགས་རྣམས་ཏེ་རང་བཞིན་དག་པའི་ཆོས་མཁྱེན་པའི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཡིན་པས་སོ། །དམ་ཚིག་ནི་རྒྱུའི་དོན་རིགས་དེ་སྤྲུལ་བའི་རྒྱུ་ཡིན་པས་སོ། །དེ་བ་ཐམས་ཅད་ཀྱི་སྙིང་པོ་ཞེས་པ་ནི་ཐུགས་ཀའི་སེམས་དཔའི་རྡོ་རྗེའི་ངོ་བོ་སྙིང་ཡིན་པའོ། །དེ་བྱུང་མ་ཐག་ཏུ་སོགས་ཀྱིས་ནི་ཧྲཱིཿཞེས་བྱ་བའི་སྙིང་པོ་འདིས་པདྨའི་རིགས་ཐམས་ཅད་སྤྲུལ་ཚུལ་དང་། སྤྲུལ་ནས་རང་གི་རིགས་དང་མཐུན་པའི་མཛད་པ་མཛད་ཚུལ་རྣམས་སྟོན་ཏེ། གྲོལ་ཐིག་དུ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་སྟོན་པར་བྱེད་པའི་ཡི་གེ་ཧྲཱིཿཞེས་དང་། རྒྱུད་བླ་མར། ངོ་བོ་ཉིད་སྐུ་ཁྱད་པར་ལྔ་ལྡན་དུ་གསུངས་པ་ལྟར་ཤེར་ཕྱིན་གྱི་མཐུས་ཆོས་ཀྱི་དབྱིངས་ཀྱི་གཏིང་གཡོགས་པ་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་གསལ་བའི་དོན་ཅེས་འཆད་ཚུལ་ཡོད་དོ། །ཡིག་དྲུག་གི་དོན་ལ། ཨོཾ་ནི་སྐུ་གསུངས་ཐུགས་གསུམ་མམ་རྡོ་རྗེ་དབྱེར་མེད་པའི་གོ་འཕང་མཚོན་བྱེད་དེ་སྔགས་དོན་དེ་ལྟར་དྲན་ནས་བརྗོད་པས་མཆོག་རྩོལ་བའམ་བསོད་ནམས་ལེན་པའི་ཕྱིར་ནོར་བུ་འཛིན་པ་ཞེས་རྡོ་རྗེ་རྩེ་མོར་རོ། །མ་ཎི་ཞེས་བྱ་བ་ནི་ཤིན་ཏུ་རིན་ཐང་གཞལ་དུ་མེད་པའི་ནོར་བུ་དང་འདྲ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཅི་སྟེ་ཡེ་ཤེས་སོ་སོར་རྟོག་པ་ཡིན་ན་རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་པདྨ་འདམ་གྱིས་མ་གོས་པ་ལྟར་ཡེ་ཤེས་དེ་རྟོག་པའི་སྐྱོན་གྱིས་གོས་པ་མེད་དོ་ཞེས་བྱ་བའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་ཧཱུྃ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ། །དེ་ཡང་ཡེ་ཤེས་དེ་སོ་སོར་རྟོག་པ་ཡིན་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འཐད་དོ་ཞེ་ན། རྟོག་པ་ནི་མི་གསལ་བ་སྟེ། འདམ་གྱིས་སྦགས་པས་ནག་ནོག་དུ་འགྱུར་བ་དང་འདྲའོ། །ཡེ་ཤེས་འདི་ནི་སོར་རྟོག་ཡིན་ཡང་ཤེས་བྱ་ཐམས་ཅད་མངོན་སུམ་དུ་བལྟ་བ་ལ་བཀྲ་ཞིང་ཤིན་ཏུ་གསལ་བའི་ཡོན་ཏན་གྱིས་མཛེས་པས་སམ་འཁྲུལ་བའི་བག་ཆགས་ཀྱི་གཉིད་མ་ལུས་པ་སད་པས་ཤིན་ཏུ་རྒྱས་ཤིང་ཁ་ཕྱེ་བས་ན་པདྨ་ལྟ་བུར་ཡིན་པར་བཤད་དོ། །པདྨ་འདམ་ལས་སྐྱེས་ཀྱང་ཆུ་ཞག་དང་ཉ་ལྕིབས་སོགས་འདམ་གྱི་ཉེས་པ་རྣམས་ཀྱིས་མ་སྦགས་པ་ལྟར། ཡེ་ཤེས་དེ་མིང་ཚིག་ཡི་གེའི་རྣམ་པ་ཅན་གྱི་རྟོག་པ་ཡོངས་སུ་གྱུར་པ་ལས་སྐྱེས་ཀྱང་། ཕྱིན་ཅི་ལོག་གི་ཆ་ཐམས་ཅད་ལོག་པའི་ཕྱིར་གཉིས་སྣང་འཁྲུལ་བའི་རྟོག་པ་གཏན་མིན་པ་སྟེ་སངས་རྒྱས་ལ་ཞེན་རིག་གི་རྟོག་པ་གཏན་མེད་ཀྱང་། ཐ་སྙད་བྱེད་པའི་བློ་རིག་ཡོད་དགོས་ཏེ། སོ་སོ་རིག་བཞིས་ཤེས་པའི་ཕྱིར་རོ། །དེས་ན་གཉིས་སྣང་གི་འཁྲུལ་བའི་རབ་རིབ་མཐའ་དག་དང་བྲལ་བའི་སོ་སོར་རྟོག་པའི་སྤྱན་ཤིན་ཏུ་གསལ་བ་ཡིན་ཞེས་ཧྲཱི་ཡིག་གིས་བསྟན་ཏེ། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱོར་བས་བལྟ་ཞིང་བཟླས་པ་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་སོགས་རྒྱ་གཞུང་རྣམས་ལས་ཡིག་དྲུག་ཁོ་ན་འབྱུང་ཡང་། གཏེར་ཕྱོགས་སུ་ཡིག་བདུན་མང་ལ་དེའི་རྒྱུ་མཚན་ཡང་བྱང་གཏེར་ལས། ཕྱི་ནི་སྲོག་སྦས་ཞི་བའི་ཚུལ། །ཡི་གེ་དྲུག་པ་རྡོ་རྗེ་སྒྲ། །ཞེས་པ་ནས། གསང་བ་སྲོག་གི་མཐའ་བརྟེན་ཅན། །སྙིགས་མའི་དུས་སུ་སྲོག་མཐར་བརྟེན། །ཞེས་གསུངས་ཏེ། སྤྱིར་ཡིག་དྲུག་རང་ཡང་ཐུགས་སྲོག་བསྐུལ་བའི་སྔགས་ལས་མ་འདས་མོད། འོན་ཀྱང་སྐུལ་བྱེད་ཡིག་དྲུག་དང་བསྐུལ་བྱ་སྲོག་ཡིག་གཉིས་ཀ་དངོས་སུ་སྦྲེལ་ནས་བཟླས་ན་འཕགས་པའི་ཐུགས་རྗེ་གནད་ནས་བསྐུལ་བ་ལ་ལྷག་པར་རྣོ་བས་སྔགས་འགྲུབ་པར་དཀའ་བའི་དུས་སུ་འདི་གཙོ་བོར་བཟུང་ཞེས་པ་ཡིན་ནོ། །
གཉིས་པ་ནི། དེ་ལྟ་བུའི་ཆོས་ཕུང་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་འབྲུ་དྲུག་བཟླས་པའི་ཡོན་ཏན་ནི་རྒྱུད་སྡེ་དང་བཀའ་འབུམ་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་སོགས་ན་ཤིན་ཏུ་མང་བས་འདིར་གནད་བསྡུས་པ་ཙམ་ནི། འཛམ་བུ་གླིང་པ་འོད་གསལ་གྱི་ལྷའི་རྒྱུད་ལས་མཆེད་ཀྱང་སྤྱིར་བཏང་ཡིན། དམིགས་བསལ་དུ་བོད་མི་ལ་རྗེ་འབངས་གཉིས་ལས་འབངས་རྣམས་ནི་ཐུགས་རྗེ་ཆེན་པོའི་མི་རྒྱུད་ཡིན་ཏེ་གོང་དུ་བཤད་པ་ལྟར་སྤྱན་རས་གཟིགས་དང་སྒྲོལ་མ་སྤྲེའུ་དང་བྲག་སྲིན་དུ་སྤྲུལ་བ་འདུས་པའི་ས་བོན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུད་ལས་བྱུང་བས། མ་ཎི་འདོན་མཁན་གྱི་དབུགས་ཀྱི་ཕོག་ཚད་རྣམ་པར་གྲོལ་བའི་སྐལ་བ་ཅན་དུ་འགྱུར་ཞིང་། མ་ཎི་པ་དེའི་བདུན་བརྒྱུད་ཚུན་ཆད་རྙེད་པ་ལེགས་པར་རྙེད་པ་དང་ཡིད་བཞིན་གྱི་ནོར་བུ་འཛིན་པར་མདོ་སྡེ་ཟ་མ་ཏོག་ལས་བཀའ་སྩལ་བས་མ་ཎི་པ་གཅིག་ཁོ་ནའི་བྱིན་རླབས་དང་ཡོན་ཏན་ཡང་དེའི་མི་རབས་མི་བརྒྱུད་ཐམས་ཅད་ལ་སྤང་ལ་མེ་ཤོར་བ་ལྟར་མཆེད་འགྲོ་བ་དང་། དེས་ན་རང་ཅག་ལ་འཕགས་པའི་རབ་གནས་ཆགས་སླ་སྟེ། ཆུ་ལས་བྱུང་བའི་ལན་ཚ་ཆུ་ཉིད་དུ་ཞུ་བའི་ཚུལ་དུ་སྒོ་གསུམ་འཕགས་པའི་གསང་བ་གསུམ་དུ་འགྲུབ་པ་ལ་ཚེགས་མེད། ཡང་འཕགས་པས་པདྨ་དམ་པ་ལ་མ་ཎི་ཕྱིན་པའི་ཚེ་གླིང་བཞི་ལྷ་གནས་དང་བཅས་པ་ཤིང་ཆུ་སྐྱེས་ཀྱི་འདབ་མ་བཞིན་དུ་འགུལ། རྒྱ་མཚོ་བཞི་ཡང་འཁྲུགས། བགེགས་དང་བར་ཆད་བྱེད་པ་ཐམས་ཅད་ཀྱང་སྐྲག་ཅིང་བྲོས་པར་གསུངས་ཏེ། ཕྱག་སྟོང་སྤྱན་སྟོང་གི་མདོར་རིགས་སྔགས་འདི་ནི་རི་རྣམས་འཇོམས་ཤིང་རྒྱ་མཚོ་ཆེན་པོ་སྐེམ་པར་བྱེད་དོ། །ལྷ་མ་ཡིན་གྱི་དམག་རྣམས་རྣམ་པར་བཅོམ་ནས་ཕམ་པར་བྱེད་དོ། །ཡུལ་འཁོར་རྣམས་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཡོངས་སུ་སྲུང་བར་བྱེད་དོ། །འདྲེ་གདོན་དང་། ནད་དང་། སྨན་གྱི་དུག་དང་། སྲིན་བུའི་དུག་དང་། ལོག་པ་དང་། མ་རུངས་པའི་མི་རྣམས་ཕམ་ཞིང་རབ་ཏུ་ཞི་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཏུལ་ནས་རབ་ཏུ་དུལ་བར་བྱེད་དོ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། །
སྨྲས་པ། རྗེ་བཙུན་བོད་འབངས་འགྲོ་ལ་དུས་ཀུན་བརྩེ། །ད་དུང་བོད་འདིར་གདུལ་བྱའི་ལྷག་མ་མཆིས། །དད་དམ་མོས་པས་ཐུགས་རྒྱུད་བསྐུལ་ནུས་ན། །དོན་གཉིས་ལྷུན་གྲུབ་ས་ལ་ཕྱིན་པར་འགྱུར། །
ཞེས་འོད་གསལ་རྡོ་རྗེ་རྩེ་མོའི་ཆོས་ཀྱི་འཁོར་ལོས་སྒྱུར་པ་དཔལ་ཁྲག་འཐུང་ནམ་མཁའ་རྒྱ་མཚོ་འཇིགས་མེད་འོད་གསལ་རོལ་བའི་བློ་གྲོས་མཆོག་གི་བཀའ་འབངས་ཡོངས་ཀྱི་ཐ་ཤལ་བ་རྟ་མགྲིན་རྒྱལ་གྱིས་བྲིས་སོ།  །དགེའོ། །དགེའོ། །

47.2K