སྤྲེལ་ཟླ་ངོས་འཛིན་ལུང་རིགས་སྒྲོན་མེ།

མཁན་པོ་དགེ་དཔལ།

མགོ་ཟླ་སྟག་ཟླ་ཡིན། །སྤྲེའུ་ཟླ་སྣྲོན་ཟླ་ཡིན། །ལོ་མགོ་གསལ་བྱེད་ཀྱི། །ལུང་རིགས་སྒྲོན་མེ་ཡིན། །ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །གསང་གསུམ་ཡོན་ཏན་ཀུན་གྱི་ཁྱབ་བདག་མཆོག །འཁོར་འདས་སྤྱི་དཔལ་པདྨ་རྒྱལ་པོའི་གར། །འཇིགས་མེད་ཆོས་ཀྱི་རྒྱལ་པོར་མགོས་ཕྱག་འཚལ། །

དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྗེས་དྲན་དུས་ཆེན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དེ་ཉིད་བོད་ཟླ་གང་དང་ཁེལ་ཡོད་མེད་ལ། ལུགས་མི་འདྲ་བ་བཞི་ལས། བོད་ཟླ་བཅུ་གཉིས་པ་སྤྲེལ་ཟླར་འདོད་པ་ཡུལ་ཁམས་ལ་ལའི་དམངས་ཁྲོད་ཀྱི་ལུགས་དང་། བོད་ཟླ་བདུན་པ་སྤྲེལ་ཟླར་འདོད་པ་དགོངས་འདུས་སྐར་མཛོད་ལུགས་གཅིག་དང་། གསོ་དཔྱད་དང་། དཔལ་ལྡན་མཚུར་ལུགས་པ་སོགས་སོ། །བོད་ཟླ་དྲུག་པ་སྤྲེལ་ཟླར་འདོད་མཁན་རྒྱ་རྩིས་རྙིང་མ་ཐོར་བུ་འགའ་ཞིག་དང་། དབུས་ནས་བསམ་རྒྱལ་བ་དང་། གཙང་ནས་མང་ར་བ་དང་། དགོངས་འདུས་སྐར་མཛོད་ལུགས་གཅིག་དང་དེའི་རྗེས་འབྲང་རྣམས་ཡིན་ནོ། །བོད་ཟླ་ལྔ་པ་སྤྲེལ་ཟླར་འདོད་མཁན་འབྱུང་རྩིས་རང་ལུགས་དང་། དཔལ་ལྡན་ཕུག་པའི་མཁས་དབང་སྤྱི་དང་། འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་རྒྱ་མཚོ་དང་། སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སྐུ་མཆེད་དང་། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་དང་། རྒྱལ་དབང་ལྔ་པ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་དང་། ཞེ་ཆེན་རྒྱལ་ཚབ་དང་རྡོ་རམས་པ་ལྷ་མོ་ཚུལ་ཁྲིམས་སོགས་གསར་རྙིང་མཁས་པ་མང་པོའི་ལུགས་ཡིན་ནོ། །དེ་ལྟར་འདོད་ཚུལ་མི་མཐུན་པ་མང་ཡང་། འདིར་འཐད་ལྡན་དཔལ་ལྡན་ཕུག་པ་བའི་ལུགས་དེ་ཉིད་གཏན་ལ་འབེབས་པར་བྱེད་པ་ལ། ཐོག་མར་བྱི་བ་སོགས་ལོ་སྐོར་དང་། སྟག་སོགས་ཟླ་བ་དང་། འབྱུང་ཁམས་ཞག་དུས་ཀྱི་རྣམ་གཞག་ནི་འབྱུང་རྩིས་ཀྱི་གཞུང་ལས་བྱུང་ཕྱིར་དེའི་ལོ་མགོ་དང་། ཟླ་བའི་མིང་དང་ར་འབྲིང་ཐ་སོགས་ཇི་ལྟར་སྦྱོར་ཚུལ་དང་སྤྲེལ་ཟླ་ངོས་ཟིན་པ་སོགས་ལ། ལོ་མགོ་གང་ནས་འཛིན་དགོས་ཤེས་པ་གལ་ཆེ་བས། འབྱུང་རྩིས་པས་ཟླ་བའི་ཐོག་མ་དེ་གང་ནས་འཛིན་ཞེ་ན། དེ་ལ་ཐོག་མར་ཡང་འགྱུར་གསལ་སྒྲོན་ལས། ལྔ་པ་ཟླ་བ་ལོ་གཅིག་ལ། །བཅུ་གཉིས་དག་ཏུ་གནས་པ་ཡི། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །རིམ་པ་བཞིན་དུ་ལོ་ཟླ་སྦྱར། །ཞེས་གསུངས་པས་དུས་ཀྱི་དང་པོ་དཔྱིད་ར་སྟག་ནས་འཛིན་པ་དང་། དཔྱིད་ར་སྟག་ཟླ་དེ་བོད་ཟླ་གང་དང་འགྲིགས་སྙམ་ན། རིན་ཆེན་སྤུངས་པ་ལས། ཟླ་བ་མ་ནོར་ངེས་པ་ནི། །དཔྱིད་ཟླ་ར་བ་རྐང་མཐོ་བདུན། །འབྲིང་པོ་དྲུག་ལ་ཐ་ཆུང་ལྔ། །དབྱར་ར་བཞི་དང་འབྲིང་པོ་གསུམ། །ཐ་ཆུང་གཉིས་དང་སྟོན་ར་གཅིག །དེ་ཉིན་རང་གྲིབ་རང་ལ་འཁོར། །ཞེས་དང་། མན་ངག་གསལ་སྣང་ལེའུ་བརྒྱ་དང་བཅུ་བཞི་མ་ལས། ཟླ་བ་མ་ནོར་ལེགས་པར་བརྩིས། །དཔྱིད་ཟླ་ར་བ་རྐང་མཐོ་བདུན། །ཞེས་ཉི་མའི་གུང་གི་དུས་སུ་ཐུར་མའི་རང་གྲིབ་ལ་རྐང་མཐོ་བདུན་འབྱུང་བར་གསུངས་པས་དེ་ནི་ཉི་མ་གཞུ་ཁྱིམ་དང་ཉེ་བར་སྤྱོད་པས་སྐབས་ཡིན་པས་རྒྱ་ནག་དང་བོད་ལ་ཉི་ལྡོག་འབྱུང་བ་མངོན་སུམ་དང་འགྲིགས་པས་བཅུ་གཅིག་པར་ཁེལ་ལོ། །རྒྱལ་དབང་ལྔ་པས་ཀྱང་དེ་ནི་སྒྲུབ་བྱེད་ཤིན་དུ་ཆེ་བར་གསུངས་སོ། །གཞན་ཡང་སྡོང་བསྡུས་ལས། དགུན་ཉི་དཔྱིད་ར་གསུམ་གསུམ་དག་ལ་ལྡོག །ཅེས་དང་། འབྱུང་བ་ཀུན་འདུས་ལས། དགུན་གྱི་ཉི་མ་དཔྱིད་ར་སྟག་ལ་ལྡོག །ཅེས་པ་ལ་སོགས་པ་དཔྱིད་ཟླ་ར་བར་དགུན་ཉི་ལྡོག་པར་གསུངས་པ་དང་། མཁས་པ་ཁྱུང་ནག་གི་སྒང་སྒྲིལ་བདུན་ཚིག་མ་ལས་ཀྱང་། དགུན་ཉི་ལྡོག་པའི་ཟླ་བ་དེ། །དཔྱིད་ཟླ་ར་བ་སྟག་ཏུ་འདོད། །མགོ་ཡིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་སྤེན་པ་དར་བས་ཚེས། །དབྱར་ཉི་ལྡོག་པའི་ཟླ་བ་དེ། །སྟོན་ཟླ་ར་བ་སྤྲེའུར་འདོད། །སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་མིག་དམར་དར་བས་ཚེས། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །འབྲིང་པོ་ཡོས་ལ་ཐ་ཆུང་འབྲུག །ཅེས་སོགས་དང་། མན་ངག་སྣང་གསལ་དུ། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། །ཐེ་ཁྱིམ་རྒྱལ་པོའི་བཙུན་མོ་དེ། །ཞག་གཉིས་རྟིང་ལ་སྐྱལ་བར་འགྱུར། །ཞེས་དགུན་ཉི་ལྡོག་པ་དང་ས་བདག་ཐེ་སེ་རྒྱལ་པོ་སོགས་ས་བདག་རྣམས་རིམ་གྱིས་སྐྱལ་བར་གསུངས་པའི་ཕྱིར་དང་། འབྱུང་བ་ཁོང་ཁྲོལ་ལེའུ་བཅུ་པ་ལས། ལོ་ཟླ་བས་འཕོ། ཟླ་བ་ཚེས་གྲངས་ཀྱིས་འཕོ། ཚེས་གྲངས་དུས་ཚོད་ཀྱིས་འཕོ། དཔྱིད་ཟླ་ར་བའི་ཚེས་གཅིག་གི་ནམ་ལངས་ནས་ལོ་གསར་བར་རྩིས་ཤིག །ཅེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་རྩིས་སྐོར་གྱི་རེའུ་མིག་ཁ་བྱང་དུ། སྐར་མ་མགོ་ལ་ལོ་ཡི་དང་པོ་ཞེས་བྱ་སྟེ། མགོ་ལ་ཟླ་བ་ཉ་བ་དེ་ལོའི་དང་པོར་བརྗོད་པས། ཞེས་གསུངས་པ་དང་། སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་འབྱུང་རྩིས་ཟླ་ཟེར་ལས། ལྔ་པ་ཟླ་བ་བཅུ་གཉིས་ཏེ། །དཔྱིད་ཟླ་ར་བ་བཅུ་གཅིག་སྟག །བཅུ་གཉིས་དཔྱིད་འབྲིང་ཡོས་སུ་བརྩི། །ཟླ་བ་དང་པོ་དཔྱིད་ཐ་འབྲུག །དེ་བཞིན་དབྱར་ར་གཉིས་པ་སྦྲུལ། །དབྱར་འབྲིང་གསུམ་པ་རྟའི་ཟླ་བ། །བཞི་པ་དབྱར་ཟླ་ཐ་ཆུང་ལུག །ལྔ་པ་སྟོན་ཟླ་ར་བ་སྤྲེལ། །དྲུག་པ་སྟོན་འབྲིང་བྱའི་ཟླ་བ། །བདུན་པ་སྟོན་ཟླ་ཐ་ཆུང་ཁྱི། །བརྒྱད་པ་དགུན་ཟླ་ར་བ་ཕག །དགུན་འབྲིང་དགུ་པ་བྱི་བའོ། །བཅུ་པ་དགུན་ཐ་གླང་དུ་འདོད། །དགུན་ཉི་དཔྱིད་ར་སྟག་ལ་ལྡོག །མགོ་ཡིས་ཉ་ན་ཟླ་བཤོལ་མེད། །དབྱར་ཉི་སྟོན་ར་སྤྲེའུར་ལྡོག །སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། །ཞིབ་པར་སྒང་བཤོལ་ཚིགས་དང་སྦྱོར། །ཞེས་དང་། ཡང་ལོ་ཆེན་ཆོས་དཔལ་རྒྱ་མཚོས་མཛད་པའི་སྐར་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ། །སྟག་ཟླ་དཔྱིད་ར་རྒ་ཤིའི་ཟླ། །དབྱི་ཡོལ་ཧོར་ཟླ་བཅུ་གཅིག་པ། །དགུན་ར་མཱརྒ་ཤཱིརྵ༌ཞེས། །འབོད་པ་མགོ་ཟླ་གཞུ་ཡི་ཁྱིམ། །ཞེས་བོད་ཟླ་བཅུ་གཅིག་པ་ལ་ལུགས་སོ་སོའི་མིང་འབོད་ཚུལ་ལ་རྒྱ་རྩིས་ཀྱི་སྟག་ཟླ་དང་། རྒྱ་གར་གྱི་རྟེན་འབྲེལ་ལུགས་དང་། ཧོར་ལུགས་དང་། བོད་དང་། དུས་འཁོར་གྱི་ཉ་སྐར་དང་ཁྱིམ་ཟླ་སོགས་སྦྱར་ནས་གསུངས་པ་དང་། མི་དབང་སངས་རྒྱས་རྒྱ་མཚོའི་བསྟན་བཅོས་བཻ་དཀར་ལས། དེ་དག་མི་འགྱུར་བ་ཡི་གཟེར། །དགུན་ཉི་དཔྱིད་ར་སྟག་ཟླ་བའི། །བརྒྱད་གསུམ་ལ་ལྡོག་མགོས་ཉ་ཞིང་། །སྤེན་པས་ཚེས་ན་ཟླ་བཤོལ་མེད། །ཅེས་དང་། ལོ་ཆེན་ཆོས་དཔལ་རྒྱ་མཚོའི་རྣམ་འགྲེལ་གསེར་ཤིང་ལས། ཁོ་བོའི་ཕྱོགས་ལ་ནི། འགྱུར་ལ་ཕྱི་བ་ཁམས་པ་ཁྲ་མོའི་ཡང་འགྱུར་ཡིན་ལ། དེས་བསྒྱུར་བའི་གསལ་སྒྲོན་རྩ་བ་ལས། དཔྱིད་ཟླ་ར་བའི་ཚེས་གཅིག་ནི། །སྣུབས་དང་སྦྱར་ཏེ་རིམ་བཞིན་སྦྱར། །ཞེས་གསལ་བར་སྣང་བས་གསར་འགྱུར་ཁོ་ན་ལ་ཡིད་གཏོད་པ་ཁྱེད་ཅག་དེས་ཚིམ་ཞིང་དགྱེས་པར་མཛོད་ཅིག །ཅེས་གསུངས་པ་སོགས་ཚད་ལྡན་གྱི་ལུང་གིས་འབྱུང་རྩིས་ཀྱི་ལོ་མགོ་ཉི་མ་ནམ་ལྡོག་ནས་འཛིན་པར་བཤད་པས། དེ་བོད་ཟླ་བཅུ་གཅིག་པ་ཉིད་ལ་འབྱུང་གི་ཟླ་བ་གཞན་ལ་འབྱུང་མི་སྲིད་པས་སོ། །འོ་ན་དགུན་ཉི་ལྡོག་ས་འཁྱག་ཆུ་འཁྱག་གི་དུས་དཔྱིད་དུས་འཆར་མི་སྲིད་དོ་སྙམ་ན། འདིར་འབྱུང་རྩིས་ཀྱི་དུས་བཞི་གཙོ་བོ་རྒྱ་ནག་གི་ཡུལ་ལ་ལྟོས་ནས་བཤད་པས་རྒྱའི་ཡུལ་ཆེ་བས་ལྷོ་རྒྱུད་རྣམས་སུ་ཤིན་ཏུའང་འགྲིགས་སོ། །བོད་ཡུལ་ལའང་ངེས་པ་མེད་དེ། མཁས་པའི་གསུང་ལས། ཁམས་ཀྱི་དབྱེར་མོ་ཐང་ཞེས་པར། །སྟོན་ཡང་དཔྱིད་ལ་དཔྱིད་ཀྱང་སྟོན། །མོན་ཡུལ་མཐིལ་གསུམ་དཔྱིད་ཀྱང་སྟོན། །ཀོང་ཡུལ་བྲི་སྣར་དགུན་ཡང་དབྱར། །བྱང་ཁམས་སྣ་བརྒྱད་དབྱར་ཡང་དགུན། །དེ་བས་དེ་ལྟར་རིག་པར་འཚལ། །ཞེས་གསུངས་སོ། །བོད་ཟླ་བཅུ་གཅིག་པ་འབྱུང་རྩིས་ལུགས་ཀྱི་དཔྱིད་ར་སྟག་ལ་ཉི་མ་ལྡོག་པ་མངོན་སུམ་གྱིས་གྲུབ་སྟེ། བཻ་དཀར་གྱི་ཉི་ལྡོག་དམར་ནག་འཁོར་ལོའི་མན་ངག་དང་། ཉིན་སྣང་སོགས་སྐར་རྩིས་ཀྱི་ལག་ལེན་ཐམས་ཅད་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་སོགས་ལས་གསུངས་པ་ལྟར་དུ། བོད་ཟླ་བཅུ་གཅིག་པར་ཉི་མ་ལྡོག་པས་དེ་སྒང་ཟིན་དུ་ངེས་པར་བྱས་ནས་ཟླ་བའི་ས་བདག་དང་། དུས་གཟེར་གྱི་རྣམ་གཞག་གཏན་ལ་ཕབ་པ་དང་མཐུན་པར་ད་ལྟའང་ཐུར་གྲིབ་ཀྱིས་མངོན་སུམ་དུ་སྟོན་པ་དང་། དེ་ནི་རྒྱ་རྩིས་ཀྱི་ཉི་ལྡོག་དང་ཞག་ཆ་ཤས་ཙམ་མ་གཏོགས་འགྲིགས་པས་སྔོན་རྒྱའི་ཕོ་བྲང་ནང་དུ། དགུན་གྱི་ཉི་ལྡོག་ཉིན་ལོ་གསར་ཆུང་བ་བྱེད་སྲོལ་ཡོད་དེ། ཕུག་པ་བ་ཀུན་དགའ་དཔལ་བས། ཕོ་བྲང་ནང་གི་རྩིས་ཀྱི་ཁྲིམས་ར་ན། །དགུན་ཉི་ལྡོག་པ་མགོ་ཟླའི་ཚེས་གཅིག་ལ། །རྩིས་མཁན་རྣམས་ཀྱི་ལོ་གསར་ཆུང་བ་ཟེར། །དུས་སྟོན་ཆེན་པོ་བྱེད་པ་ཁྲིམས་ཀྱི་ལུགས། །ད་ལྟ་རྒྱ་ནག་རྒྱལ་པོའི་ལུགས་བཟང་ལ། །གསེར་མཁར་ནང་ན་ཡོད་ཅེས་རླུང་ལྟར་གྲགས། །ཞེས་པ་དང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས། ད་ལྟའང་དེ་ལྟར་བྱེད། ཅེས་གསུངས་པས་སོ། །དེ་ཡང་སྨིན་གླིང་ལོ་ཆེན་གྱི་རྣམ་འགྲེལ་གསེར་ཤིང་ལས། འོ་ན་དེང་སང་སྒང་ཚད་ལ་འདོན་པ་ཉིད་ཕྱག་ལེན་དུ་མཛད་པ་གང་ཞེ་ན། འདི་ནི་སྐར་རྩིས་དང་ནག་རྩིས་ཟུང་འབྲེལ་གྱི་ལི་ཐུ་འཛིན་པའི་དབང་གིས་རྒྱ་རྩིས་པ་དང་བསྟུན་པ་ཡིན་ལ། དེ་ལྟར་ནའང་གྲུབ་མཐའ་དང་མི་འགལ་ཏེ། སྔར་བཤད་པ་ལྟར་གྲུབ་མཐའི་ཁྱིམ་ཞག་རྟག་ལོངས་ཀྱི་རེའུ་མིག་ལ་བལྟས་པས་གྲུབ་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ལས། དེར་མ་ཟད་ལག་ལེན་འདི་ལ་དགུན་ཉི་མགོ་ཟླ་དང་དབྱར་ཉི་སྣྲོན་ཟླ་ལས་མི་འདའ་བ་སོགས་དུས་ཀྱི་གཟེར་རྣམས་མི་འཆུག་པའི་དགོས་པའང་ཡོད་དེ། ཀུན་དགའ་དཔལ་བའི་དུས་བཞི་གསལ་བྱེད་ལས། འབྱུང་རྩིས་པ་རྣམས་དཔྱིད་ར་སྟག་ཟླ་བ། །སྐར་མ་མགོ་ཡིས་ཉ་བའི་ཟླ་བ་ཡིན། །དེ་ཡི་བརྒྱད་ལ་དགུན་ཉི་ལྡོག་པས་ཁྱབ། །དེ་ཡང་གོང་དུ་ཞིབ་པར་བཤད་པ་བཞིན། །ཁྱིམ་ཟླ་འདི་ལ་ཟླ་བའི་ངེས་པ་དང༌། །སྐར་རྩིས་གྲུབ་མཐའ་ཀུན་གྱི་རྩ་བ་ཡིན། །ནམ་ཟླ་གྲང་དྲོ་དུས་ཀྱིས་འཆར་བ་རྣམས། །འདི་ཉིད་ཁོ་ན་གཅེས་པར་འཛིན་པ་ཡིན། །ཞེས་གསུངས་པ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས་རྩིས་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བརྟག་པས། མགོ་ཟླའི་ཁྱིམ་ཞག་བརྒྱད་པ་ལ་གྲིབ་གཟུགས་འགྱུར་བས་དེ་ནི་བཅུ་གཅིག་པའི་སྒང་ཉིད་དུ་གཏན་ལ་ཕབ་པ་དང་། དེ་ཡང་ལོ་ཆེན་ཆོས་དཔལ་རྒྱ་མཚོས། མདོར་ན་ཁྱིམ་ཞག་བརྒྱད་པ་ལ་སྒང༌། ཉེར་གསུམ་པ་ལ་ཟླ་བ་ཕྱི་མའི་དབུགས་ཐོབ། སུམ་ཅུ་པ་ལ་ཁྱིམ་ཟླའི་རྫོགས་ཚད་སོགས་འཆར་ཏེ། དེ་བཞིན་དུ་ཟླ་བ་ཐམས་ཅད་ལ་སྦྱར་བས་རྒྱུད་ལས་བཤད་པའི་དུས་བཞིའི་གཟེར་གྱི་ངེས་པ་རྣམས་བདེ་བླག་ཉིད་དུ་རྟོགས་པར་འགྱུར་ཞིང༌། གཞན་ཡང་འཇིག་རྟེན་རྒན་རྩིས་ལས་གྲགས་པའི་འབྲུག་དང་བྱ་སླེབ་པ། ངང་པ་འདམ་ནས་འདོན་པ་ལ་སོགས་པའི་དུས་གཟེར་ཕྲན་ཚེགས་རྣམས་ཀྱང་སྟོན་པ་ཡིན་ནོ། །ཞེས་སོགས་དང་། དེ་དང་ཚུལ་མཐུན་པར་རིག་འཛིན་འཇིགས་མེད་གླིང་པའི་དགོངས་པའང་འདི་ཉིད་ཡིན་ཏེ། ཁོང་གིས་མཛད་པའི་སྐར་རྩིས་གོ་ལའི་རྣ་རྒྱན་ལས། ལྡོག་གཉིས་འཁྲིག་གཞུའི་ཞག་ལྔ་པས། །རགས་པར་སྟོན་ཞིང་གཞན་ཡང་ནི། །བགྲོད་གཉིས་ཐུར་གྲིབ་ལྷོ་བྱང་དུ། །སོ་སོར་ལོག་པའི་ཤེས་བྱེད་ནི། །རྒྱུད་འགྲེལ་དང་བསྟུན་དཔྱད་པ་ཡི། །གསལ་སྒྲོན་ལུགས་དང་དུས་འཁོར་ལུགས། །དེང་འདིར་བཤད་ལ་གསང་བ་ཡི། །ཉི་ལྡོག་ཅེས་གྲགས་འགང་ཆེ་བས། །གནད་ཀྱི་ལག་ལེན་ཕྲ་ཞིབ་ནི། །གཟའ་མཐུན་བརྟག་པ་ལ་རྨོངས་ན། །དུས་གཟེར་སྤྱི་དང་ཁྱད་པར་དུ། །བཤོལ་ཟླའི་ལུང་སྟོན་འཛོལ་བ་ཡི། །ཟླ་བའི་ས་བདག་འཆོལ་བས་སྒྲིམས། །ཞེས་དང་། ལྡོག་གཉིས་ཕུང་པོ་ཡོན་ཏན་མེ། །ཞེས་སོགས་གསུངས་པའི་དོན་ནི་གང་ཞེ་ན། ཕུག་པ་རྒྱ་མཚོའི་མཚན་ཅན་གསུམ་གྱི་ཡ་གྱལ་དུས་ཞབས་ནོར་བཟང་རྒྱ་མཚོའི་ཉི་ལྡོག་གསལ་སྒྲོན་དུ་དུས་འཁོར་ལས་ས་ཚིགས་སོ་སོར་ཉི་ལྡོག་འབྱུང་བར་གསུངས་པ་བཞིན་སྐར་འབྱུང་ཟུང་འབྲེལ་གྱིས་བོད་ཀྱི་ས་ཚིགས་རྣམས་སུ་བཅུ་གཅིག་པའི་སྒང་དང་འབྲེལ་ནས་གསུངས་པ་དང་། ཉིན་བྱེད་སྣང་བ་མ་ཡིག་སོགས་ཀྱི་ལུགས་ལྟར་དབུས་གཙང་ཉི་ལྡོག་རགས་པ་འཁྲིག་གཞུའི་ཞག་ལྔ་པར་ཉི་མ་ལྡོག་པ་བཀོད་པ་སྤྱི་ཙམ་དང་། གསང་བ་མན་ངག་གི་ལུགས་ཉིན་སྣང་བུ་ཡིག་དང་། བཻ་དཀར་བུ་ཡིག་དང་། མན་ངག་རྩ་ཐོ་སོགས་ལས་གསུངས་པ་བཞིན་འབྱུང་རྩིས་ཀྱི་སྒང་དང་ཉི་ལྡོག་བསྡེབས་ནས་སྐར་རྩིས་ཀྱི་རེས་གཟར་མཐུན་མིན་བརྟག་ནས་དུས་གཟེར་དང་། ཟླ་བཤོལ་དང་། ཟླ་བའི་ས་བདག་བརྩི་བར་བྱེད་པ་བཞིན། ཁོང་གིས་ཕུག་པའི་མན་ངག་གི་ལག་ལེན་རགས་ཞིབ་གཉིས་ཀ་ཇི་བཞིན་དུ་གསལ་བར་བཀོད་པ་དང་ཁྱད་པར་དུ་ཉི་ལྡོག་ལ་བརྟེན་ནས་ཟླ་འཁོར་ས་བདག་བརྩི་བར་གསུངས་པས། གལ་ཏེ་ཁོང་གི་དགོངས་པ་དྲུག་པ་སྤྲེལ་ཟླར་བྱས་ན་འདི་དང་ནང་འགལ་བར་འགྱུར་རོ། །ཡང་དཔལ་སྤྲུལ་རིན་པོའི་ཆེའི་མན་ངག་རྩིས་གཞུང་དགེ་ལེགས་ཉི་མ་ལས། དེ་ལས་ཁྱིམ་ཞག་བརྒྱད་པ་དང་། །ཉེར་གསུམ་པ་དང་སུམ་ཅུ་རྣམས། །རང་རང་སྒང་དང་། ཞེས་དང་། ཡང་དེ་ལས། ཁྱད་པར་འཁྲིག་གཞུའི་ཞག་ལྔ་པས། །དབྱར་དགུན་ཉི་མ་ལྡོག་ཚིགས་སྟོན། །ཞེས་དང་། ཡང་དེ་ལས། ལྡོག་གཉིས་ཉིན་སྣང་འབྱུང་ཡོན་མེ། །བཻ་ཌཱུར་ལུགས་ལ་བུག་དུས་མཚོ། །རང་ལུགས་ཉི་ལྡོག་མཚོ་མེ་གཟུགས། །ཞེས་ས་ཚིགས་མི་འདྲ་བས། ཕུག་ལུགས་སྤྱི་ལྟར་དུ་འཁྲིག་གཞུའི་ཞག་བརྒྱད་པ་དང་། ཉིན་སྣང་དང་བཻ་དཀར་ལྟར་ཉི་ལྡོག་ཞག་ལྔ་པ་དང་བདུན་པ་དང་། ཁམས་ཕྱོགས་སུ་འཁྲིག་གཞུའི་ཞག་གཉིས་པར་ཉི་མ་ལྡོག་པ་ཕུག་ལུགས་ཀྱི་ལག་ལེན་ཇི་བཞིན་དུ་བྱས་ཕྱིར། དེ་ཡང་དྲུག་པ་སྤྲེལ་ཟླར་འདོད་པ་དང་དངོས་སུ་ནང་འགལ་དུ་འགྱུར་བས་ཕྱོགས་སུ་ལྷུང་བར་མི་བྱ་སྟེ། ལུགས་ཀྱི་བསྟན་བཅོས་ལས། ཕྱོགས་སུ་ལྷུང་བའི་སྤྱོད་པ་ཡིས། །སྐྱེས་བུའི་དོན་རྣམས་མི་རྫོགས་ཀྱི། །ཞེས་གསུངས་པ་ལྟར་གཟབ་པར་མ་བྱས་ན་དཔལ་ལྡན་ཕུག་ལུགས་ཀྱི་རྩིས་གཞུང་སྤྱི་དང་ལྷག་པར་སྔ་འགྱུར་རང་ལུགས་ཀྱི་སྐར་ནག་རྩིས་རིག་གི་གཞུང་ཡོངས་དང་འགལ་བར་འགྱུར་བས་སོ། །ཁྱད་པར་དུ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སྐྱབས་གཅིག་འཁོར་ལོས་མགོན་པོ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གིས་མཛད་པའི་གངས་རིའི་ལྗོངས་སུ་སྔར་བྱུང་མྱོང་མེད་པའི་ལེགས་བཤད་རིན་ཐང་དང་བྲལ་བ་སྐར་རྩིས་ཀྱི་གོ་དོན་མེ་ཏོག་ཕྲེང་མཛེས་ལས། ཁྱིམ་ཞག་བརྒྱད་པ་དང་ཉེར་གསུམ་པ་རྫོགས་ཚེ་རིམ་བཞིན་ཁྱིམ་རང་རང་གི་སྒང་དང་ཁྱིམ་ཕྱི་མའི་དབུགས་ཐོབ་ཡིན། ཞེས་དཔལ་ལྡན་ཕུག་ལུགས་ཀྱི་སྐར་ནག་ཟུང་འབྲེལ་གྱི་མན་ངག་གཞིར་བཞག་བྱས་པ་དང་། ཡང་དེ་ལས། ཉིན་སྣང་ཉི་ལྡོག་ལ་འབྱུང་ཡོན་མེ་བྱིན། ཉིན་སྣང་ཉི་ལྡོག་དེ་ཉིན་བཅས་ཡར་བརྩིས་པས་ཉིན་ཞག་དགུ་པ་ན་ཡུལ་འདིར་ལྡོག་སྟེ་དེ་ནི་ཀུན་མཁྱེན་མི་ཕམ་པས་རྙེད་པ་ལུང་རིགས་མངོན་སུམ་གྱི་གནད་དང་ཤིན་ཏུ་འགྲིགས་པ་སྟེ་གཞན་དུ་སྤྲོས་པས་ཆོག་གོ།  །ཞེས་ཕུག་ལུགས་གཞིར་བཞག་གིས་རི་མོའི་ལམ་ནས་བརྩིས་པས་འཁྲིག་གཞུའི་ཐོག་མར་ས་འདིར་འབྱུང་རྩིས་ཀྱི་སྒང་དང་ཁེལ་བས་ཉི་ལྡོག་འབྱུང་བར་གསུངས་པ་ནི་ད་ལྟ་མངོན་སུམ་དང་འགྲིགས་པས་མན་ངག་ངོ་མཚར་ཅན་ཡིན་པས་རང་ཅག་ཚོས་ཀྱང་ལོ་ཐོར་ལག་ལེན་འདེབས་བཞིན་པ་འདི་ཉིད་དོ། །འདི་ལྟ་བའི་མན་ངག་རིན་ཐང་ཅན་ཡལ་བར་དོར་ནས་དགོངས་པ་གང་ཡིན་མི་ཤེས་པའི་ལུང་ཙམ་ལ་འཆེལ་ནས་དྲུག་པ་སྤྲེལ་ཟླར་བྱེད་པ་དག་ནི་འདི་དང་ནང་འགལ་བར་འགྱུར་བས་གོང་བཞིན་དགོངས་པ་འགྲེལ་བར་མཁས་པར་བྱས་ན་བཟང་ངམ་སྙམ་མོ། །གཞན་ཡང་སྨིན་གླིང་ལོ་ཐོའི་ལག་ལེན་དང་། ལྷ་སའི་ལོ་ཐོ་སོགས་ལ་བལྟས་པས་སྐར་རྩིས་དང་འབྱུང་རྩིས་ཟུང་འབྲེལ་གྱི་ལག་ལེན་རྣམས་མི་ལོ་བརྒྱ་ཕྲག་དུ་མར་གཅིག་ནས་གཅིག་ཏུ་བརྒྱུད་པའི་ནོར་འཁྲུལ་མེད་པའི་བོད་གངས་ཅན་གྱི་རིག་གནས་ཁ་ཡོད་ལག་ཡོད་ཅིག་ཡིན་པ་ཤེས་པར་འགྱུར་རོ། །རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་ནས། གཞན་ཡང་གནམ་གྱིས་བསྐོས་པའི་རྒྱལ་པོ་སྡེ་སྲིད་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་གདོང་རྩེར། དྲུག་ཅུ་སྐོར་བདུན་པའི་མཇུག་གི་ཆུ་ཕོ་ཁྱི་༼ཕྱི་ལོ༡༤༤༢༽ལ་རྟེན་འབུལ་བ་འོང་སྐབས། ཆིང་ཤྲཱི་སྐལ་བཟང་གིས་ཁྱེར་བའི་རྒྱལ་པོའི་ཁྲིམས་བཅད་ཀྱིས་བཅད་པའི་ཁྱི་ལོའི་ལིའུ་ཐོ་ལ་དགུ་དམར་དབུས་སུ་བྱས་པ་དང་། ཡང་དྲུག་ཅུ་དགུ་པའི་ཆུ་སྤྲེལ་༼ཕྱི་ལོ༡༥༡༢༽ལོ་ལ་གཉིས་ནག་དབུས་སུ་བྱས་པ་སོགས། རྩིས་རིག་སྨྲ་བའི་གཙུག་རྒྱན་ཆོས་རྗེ་དཔལ་མགོན་འཕྲིན་ལས་པས་མངོན་སུམ་དུ་གཟིགས་ཤིང་། ཁོ་བོས་ཀྱང་ཤར་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་བགྲོད་ཚེ་༼རབ་དྲག་ཆུ་འབྲུག་ཕྱི་ལོ༡༦༥༢༽ལིའུ་ཐོ་ཚར་གཉིས་ཙམ་མཐོང་བའི་ཚེས་ཀྱི་ཆད་ལྷག་བཤོལ་སོགས་ཐམས་ཅད་གྲྭ་ཕུག་ལུགས་ཀྱི་ཕྱག་ལེན་དང་ཞུས་དག་ཕེར་བར་སྣང་ངོ་། །ཞེས་གོང་མའི་ཕོ་བྲང་ནང་གི་སྒོ་ཐེམ་མི་བརྒལ་བའི་ལོ་ཐོའམ་ཁྲིམས་བཅད་ལོ་ཐོ་ལས་ཆད་ལྷག་བཤོལ་སོགས་ཕུག་ལུགས་ཇི་ལྟ་བ་བཞིན་ཡིན་པར་གསུངས་སོ། །དེས་ན་བཤོལ་སྒང་ལ་བརྟེན། སྒང་ཉི་ལྡོག་དང་བསྟུན་ནས་བརྩི་བ་ནི་རྩིས་ཀྱི་རྒྱུན་ཤེས་ཙམ་ཤེས་པས་ཀྱང་རྟོགས་སོ། །ཁྱད་པར་དུ་རྒྱ་རྩིས་སམ་འབྱུང་རྩིས་ཀྱི་ལོ་ཐོའི་ལག་ལེན་ནི། སྔོན་རྒྱ་ནག་ཧན་རྒྱལ་རབས་༼ཕྱི་ལོ་སྔོན་གྱི་ལོ་ཉིས་བརྒྱ་ཡས་མས་༽ནས་གཏན་ལ་ཕབ་ནས་མན་ཆིང་ཁང་ཤིས་རྒྱལ་པོའི་ཁྲི་ལོ་ཉེར་གསུམ་པ་དྲུག་ཅུ་སྐོར་བཅུ་གཅིག་པའི་ཤིང་བྱི༼ཕྱི་ལོ༡༦༨༤༽བར་དུ་དར་རྒྱས་བྱུང་བའི་རིག་གཞུང་ཁྱད་མཚར་ཞིག་སྟེ། དེའི་ལུགས་ལའང་། དེ་ཡང་ཞག་ཉེར་དགུ་རྗེས་འབྲང་ལ་ཟླ་བ་གཅིག་དང་། ལོ་སྔ་མའི་དགུན་ཉི་ལྡོག་ནས་ལོ་རྗེས་མའི་དགུན་ཉི་ལྡོག་བར་གྱི་ཞག་གྲངས་ལ་ལོ་འཕོའི་ཞག་དང་། བཤོལ་ཟླ་བདུན་དང་བཅས་པའི་ལོ་བཅུ་དགུ་ངོ་འཁོར་བ་ལ་ཟླ་བའི་གྲངས་ཉིས་བརྒྱ་སོ་ལྔ་ཡོད་པ་ལ་ཀྲང་ཞེས་ཟེར། ཀྲང་གྱ་གཅིག་ལ་ཐུན་ཞེས་དང་། ཐུན་གསུམ་ལ་ཡོན་ཞེས་པའི་ཐ་སྙད་འདོགས། ཡོན་གཅིག་གམ་ཐུན་གསུམ་འཁོར་རྗེས་སུ་སླར་ཡང་མགོ་ཟླ་བའི་ཡར་ངོའི་ཚེས་གཅིག་གི་ཉི་ཁམས་ཤིང་བྱི་ཉིན་གྱི་མགོ་ཚུགས་པ་དེ། ནམ་ཕྱེད་བྱི་བའི་དབུས་དང་ཅུང་ཟད་ཀྱང་མ་ཡོལ་བའི་དུས་སུ་དགུན་ཉི་ལྡོག་འཆར་བས་ན་ཉིན་གྱི་ཐོག་མ་ནམ་ཕྱེད་དང་། ཟླ་བའི་ཐོག་མ་ཚེས་གཅིག་དང་། ལོའི་ཐོག་མ་དགུན་གྱི་ཉི་ལྡོག་ནས་འཛིན་པའི་ཕྱིར་རོ། །དེ་ལྟར་ལུང་དང་རིགས་པ་མན་ངག་ལག་ལེན་ཀུན་མཐུན་པར་འབྱུང་རྩིས་ཀྱི་ལོ་མགོ་འཁྲུལ་མེད་ཉིད་བོད་ཟླ་བཅུ་གཅིག་པ་ཡིན་པར་གྲུབ་བོ། །འོ་ན་ལོ་མགོ་འཛིན་ཚུལ་ལུགས་གཞན་པ་རྣམས་འཐད་མིན་ཅི་ཞེ་ན། བོད་ཟླ་དྲུག་པ་སྟག་ཏུ་འདོད་པ་ནི་ཡུལ་ཁོལ་བུ་རེའི་སྲོལ་ཙམ་ཡིན་ལ། བོད་ཟླ་དང་པོ་སྟག་ཏུ་བཞེད་པ་ནི་གསོ་རིག་དང་དགོངས་འདུས་སྐར་མཛོད་ལུགས་གཅིག་དང་། དཔལ་ལྡན་མཚུར་ལུགས་པས་བཞེད་པ་ཡིན་པས། དེའི་དགོངས་པ་ནི་བོད་རང་གི་ས་ཆ་ལ་དཔྱིད་དབུགས་ཐོབ་ནས་ཕྱིའི་ཤིང་རྩི་ཁ་འབུས་པ་དང་། ནང་དུ་དུས་རྩ་ཤིང་ཁམས་མཆིན་རྩ་ཞག་དོན་གཉིས་ལ་རྒྱུ་བ་སོགས་དང་འགྲིགས་པས། ཕྱི་ནང་གི་དུས་གཟེར་དང་ལྟོ་འབྱོར་བས་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ཡོད་པའི་རྩི་ཚུལ་ཡང་དག་པ་ཞིག་ཡིན་པས་བླང་བར་བྱ་བ་ཡིན་མོད། འོན་ཀྱང་འབྱུང་རྩིས་ཀྱི་ཉི་ལྡོག་དང་། ལོ་མགོ་འཛིན་ཚུལ་སོགས་དང་ལུགས་ཐ་དད་ཡིན་པས་སྒྲུབ་བྱེད་དུ་མི་ཆེའོ། །ཡང་འབྱུང་རྩིས་ཀྱི་ལོ་མགོ་བོད་ཟླ་བཅུ་གཉིས་པ་རྒྱལ་ཟླར་འདོད་མཁན་རྣམས་ན་རེ། ལོ་མགོ་རྒྱལ་ཟླ་ཡིན་ཏེ། དགེ་རྩེའི་རྩིས་གཞུང་ལས། ལོ་མགོ་དཔྱིད་ར་རྒྱལ་ཟླ་བའི། །ཚེས་གཅིག་དཔྱིད་དབུགས་ཐོབ་པ་སྟེ། །གཙུག་ལག་འབྱུང་བ་ཀུན་འདུས་ལས། །དགུན་དང་དབྱར་གྱི་ཉི་ལྡོག་སྐབས། །དཔྱིད་ཟླ་ར་བ་རྒྱལ་གྱི་ཉ། །ཞེས་དང་། དེ་བཞིན་འཕྲུལ་གྱི་ཟླ་མཛོད་ལས། །དཔྱིད་ཟླ་རྒྱལ་ཉ་གྲོ་བཞིན་ཚེས། །གསུངས་དོན་ཉི་མས་བྱང་བགྲོད་ནས། །ཚེས་པའི་ཟླ་མགོ་རྒྱལ་ཟླ་བ། །ཡིན་ཕྱིར་དཔྱིད་རའི་དབུགས་ཐོབ་སྦྱར། །དེ་སྐད་དུས་ཀྱི་སྒྲོན་མེ་ལས། །གཞུང་མང་ལོ་མགོ་ལོ་ཟླ་དང་། །བྱང་བགྲོད་ཐོག་མ་རྒྱལ་ཟླ་བར། །དགོངས་སོགས་གསུངས་དོན་ཤེས་པར་བྱ། །ཞེས་དང་ཡང་དེ་ལས། གསུངས་དང་མདོ་སྡེ་ཀོལ་ཆུང་ལས། །དཔྱིད་ཟླ་ར་བ་གང་ཡིན་པ། །ང་ལ་མ་དྲི་རྒྱལ་ལ་དྲིས། །ཞེས་པ་སོགས་རིན་ཆེན་སྒྲོན་མེ་དང་ཉི་མ་གསེར་ཕྲེང་སོགས་བར་འགྱུར་གྱི་འབྱུང་རྩིས་རྙིང་མའི་ལུང་ཐོར་བུ་མང་པོ་ཞིག་དྲངས་ནས་རྒྱལ་ཟླ་ལོ་མགོ་ཡིན་པར་སྒྲུབ་པ་དང་། ཡང་དེ་ལས། གཞན་ཡང་རྡོ་རྗེ་མཁའ་འགྲོ་ལས། །ཉི་མ་བྱང་དུ་འགྲོ་བའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་དང་དང་པོ་འཕེལ་བའོ། །ཞེས་གསུངས་དུས་ཀྱི་འཁོར་ལོ་སོགས། །སྔགས་ཀྱི་རྒྱུད་སྡེ་དུ་མ་དང་། །ཀླུ་སྒྲུབ་རྟེན་འབྲེལ་རྩིས་སོགས་ལས། །རྒྱལ་ཟླ་མ་རིག་ཟླ་བ་དང་། །ཞེས་དང་། ཡང་དེ་ལས། དགོངས་འདུས་སྐར་མཛོད་རྡོར་གཙུག་རྒྱུད། །ལ་སོགས་ཇི་སྙེད་པདྨའི་ལུགས། །བཅོས་བསླད་མེད་པའི་བཀའ་ཚད་མ། །ཡིན་ཕྱིར་འདི་ཉིད་གཙོ་བོར་ཟུངས། །ཞེས་དང་། ཡང་དེ་ལས། མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། །དྲེགས་པའི་རྒྱུ་ཐེབས་བཤད་པའི་སྐབས། །རྒྱལ་གྱི་ཟླ་བ་ལོ་མགོ་མཛད། །ཅེས་པ་ལ་སོགས་པ་རྒྱ་གར་ནག་གི་གཞུང་དང་། རྙིང་མའི་ཐེབས་དུས་སོགས་ཐམས་ཅད་བསྲེས་ནས་སྒྲུབ་པར་བྱེད་མོད། དེ་ལ་ཅུང་ཟད་དཔྱད་ན། ཐོག་མར་འབྱུང་རྩིས་ཀྱི་ལུང་དེ་དག་ནི། རྒྱ་མོ་བཟས་བསྲེས་སླད་ཅན་ཡིན་པར་དྲང་སྲོང་ཟུར་མཁར་བ་བློ་གྲོས་རྒྱལ་པོའི་ཞལ་ནས། ལོ་གསར་ཟླ་བ་གང་ཡིན་པ། །ང་ལ་མ་འདྲི་རྒྱལ་ལ་དྲིས། །ཞེས་པའི་མདོ་སྡེ་ཀོལ་བུ་ཆུང་བྱ་བ་བརྩམས་ནས་ལོ་མགོ་དང་ས་བདག་ཐམས་ཅད་འཕྱུགས་སུ་བཅུག་པ་ཡིན་ལ། ཞེས་དང་། རྩིས་གཞི་བཅོས་པ་རྣམས་བསྒྱུར་བའི་ལུགས་སུ་བྱས་ཀྱང་འཕྲོ་ལ་བསྡུས་པའི་གཞུང་རྣམས་ཀྱིས་རྗེས་སུ་འབྲང་པ་ལ་ཧོར་ཟླ་བཅུ་གཉིས་པ་རྒྱལ་ལ་དཔྱིད་ར་སྟག་ཏུ་འདོད་པ་འདི་བྱུང་བ་ཡིན་ནོ། །ཞེས་བཅོས་བསླད་ཀྱིས་འཁྲུལ་བ་ཅན་གྱི་གཞུང་ཡིན་པར་གསུངས་སོ། །འོན་ཀྱང་རང་གིས་བསམ་ཚོད་ལ་གཞུང་བཅོས་བསླད་ཅན་ཡིན་པར་མི་སེམས་ཏེ། སྔོན་གྱི་མཁས་པ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་། དབུས་པ་བློ་གསལ་དང་། ཤོང་རྡོར་རྒྱལ་གྱི་ཡི་གེ་དང་། པཎྜི་ཏ་བི་མ་ལ་ཤྲཱིའི་གསུང་རྒྱུན་སོགས་ལས་རྒྱལ་ཟླ་བ་བོད་ཟླ་བཅུ་པའི་མར་ངོའི་ཚེས་བཅུ་དྲུག་ནས་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་བར་ལ་ཕྱིར་བསྣུར་ནས་ངོས་འཛིན་བྱེད་པ་ཡིན་པས། དེ་ལྟར་བརྩིས་ན་རྒྱལ་ཟླའམ་བོད་ཟླ་བཅུ་གཅིག་པར་ཉི་ལྡོག་འཆར་བས་ལུགས་དེ་དང་མཐུན་པར་ཕྱིས་སུ་འགྱུར་བཅོས་བྱས་སམ་སྙམ་མོ། །གང་ལྟར་ཟླ་བ་བཅུ་གཉིས་པར་མི་འགྲིགས་ཏེ། རྒྱ་ནག་དང་བོད་ལ་རྒྱལ་ཟླར་ཉི་ལྡོག་མི་འབྱུང་བ་དང་། རྒྱའི་ལོ་རྒྱུས་དང་མི་མཐུན་པས་སོ། །ཡང་རྒྱ་གར་གྱི་གཞུང་རྡོ་རྗེ་མཁའ་འགྲོ་དང་། དུས་འཁོར་དང་། གདན་བཞི་དང་། ཀླུ་སྒྲུབ་ཀྱི་རྟེན་འབྲེལ་འཆར་རྩིས་སོགས་ལས་རྒྱལ་ཟླ་ལ་རྒྱ་གར་དུ་ཉི་མ་ལྡོག་པས་དེ་ནས་རྟེན་འབྲེལ་གྱི་དང་པོ་མ་རིག་པ་འཆར་བ་ཡིན་པས་ལོ་མགོར་བཟུང་ཡང་། དེ་ནི་རྒྱ་གར་ཡུལ་དབུས་ཀྱི་ས་ཚིགས་ཉི་ཤུ་བཅོ་ལྔའི་ལྡོག་ཐིག་དང་འབྲེལ་ནས་གསུངས་པ་ཡིན་པར་གངས་རིའི་ལྗོངས་ཀྱི་དུས་འཁོར་བ་ཐམས་ཅད་ཞལ་མཐུན་པས། རྒྱ་གར་གྱི་ཉི་ལྡོག་དང་རྟེན་འབྲེལ་ལུགས་དེ་འབྱུང་རྩིས་ཀྱི་ལོ་མགོ་ལ་འབྲེལ་བ་གང་ཡང་མེད་པར་མ་ཟད་གཞུང་དེ་དག་ལས་གསུངས་པའི་རྒྱལ་ཟླ་དེ་དཔྱིད་ར་ཙམ་ཡང་མིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནི་རིམ་པ་བཞིན་དུ་བཞག །ཅེས་དགུན་འབྲིང་ཡིན་པར་གསུངས་པ་བཞིན་དུ། དུས་འཁོར་ལས་ཀྱང་། རྒྱལ་དང་མཆུ་ཡི་མཚམས་སུ་ཆུ་སྲིན་དག་ལ་ཉི་མ་གནས་པའི་གཟའ་དེ་ལ་ནི་མ་རིག་པ། །ཞེས་གསུངས་པ་དུས་འཁོར་དབང་ལེའུའི་འགྲེལ་ཆེན་གྱི་དགོངས་པ་ལྟར་དུ། མདོ་ཉི་སྙིང་དང་། འདུལ་མངོན་སོགས་ཐམས་ཅད་ཡོངས་གྲགས་ཀྱི་ལུགས་ལ་རྒྱལ་ཟླ་དགུན་འབྲིང་དང་ལྟོ་འབྱོར་བ་དང་། རྒྱུད་དེ་དག་ན་སྟག་ཡོས་སོགས་ཀྱི་ཐ་སྙད་ཀྱང་མི་འབྱུང་བས། དེ་རྣམས་འབྱུང་རྩིས་ཀྱི་ལོ་མགོ་དཔྱིད་ར་སྟག་ཡིན་པར་འབྲེལ་བ་གང་འདུག་ཞིབ་མོར་དཔྱོད་དང་ཤེས་སོ། །དེའི་ཕྱིར་ལུགས་གཞན་གྱིས་ལུགས་གཞན་སྒྲུབ་པ་ནི་ཧ་ཅང་ཐལ་ཏེ། རྣམ་འགྲེལ་གསེར་ཤིང་ལས། གཞན་ཡང་མདོ་དང་། སྨན་གཞུང་གི་ལུང་སོགས་མང་དུ་དྲངས་པ་དེ་རྣམས་ཀྱང་ངལ་བའི་རྒྱུ་ཁོ་ན་སྟེ། ལུགས་ཐ་དད་པ་གཅིག་གིས་གཅིག་འགོག་པ་ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་གསུངས་པ་དང་། འགྲེལ་བ་དོན་གསལ་ལས་ཀྱང་། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་པས་ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱའོ། །ཞེས་གསུངས་པ་དང་མཐུན་ནོ། །ཡང་དགོངས་འདུས་སྐར་མཛོད་དྲངས་པ་དེ་ཡང་དཔྱད་བྱ་ཡིན་ཏེ། དེ་ཡང་ལྷད་ཅན་ཡིན་པར་འདོད་མཁན་དང་། དགོངས་པ་གཞན་དུ་འགྲེལ་ཚུལ་བྱུང་བ་དང་། དགོངས་འདུས་བསླད་མེད་ཀྱི་ཟླ་མགོ་འཛིན་ཚུལ་དང་མི་འདྲ་བ་སྟེ་གསུམ་ལས། དང་པོ་ལྷད་ཅན་དུ་འདོད་མཁན་ནི། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་ནས། གཏེར་སྟོན་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་དགོངས་འདུས་ཀྱི་སྐར་ཡིག་གི་ལོ་མགོ་རྒྱལ་ལ་ངོས་བཟུང་འདུག་པས། དེ་ལྟ་ན་བཻ་རོའི་འགྱུར་སོགས་བར་འགྱུར་གྱི་རྗེས་སུ་འབྲང་བ་རྣམས་ཀྱི་ལུགས་དང་མཐུན་དགོས་འདྲ་ནའང་། འགྱུར་རྙིང་དག་རྩིས་ཁུངས་མ་དེ་དང་མ་མཐུན་ཚེ་ལྷད་ཅན་དུ་འགྲོ་ལ། རྣམ་པར་མི་དག་པ་ལོ་ཆེན་བཻ་རོ་ལྟ་བུས་བསྒྱུར་བའི་སྐབས་ག་ལ་སྲིད། བར་སྐབས་སུ་བླུན་པོ་སྙིང་ཁམས་ཅན་གྱིས་རང་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་ལྷད་སྣ་ཚོགས་པ་མ་བཅུགས་པའི་ངེས་པ་ནི་མི་འདུག་རུང་། དགོངས་འདུས་གཏེར་ཆོས་སུ་སོང་བས་བར་སྐབས་སུ་ལྷད་རང་ནི་འོང་དོན་མི་འདུག དུས་གསུམ་མཁྱེན་པ་ཨོ་རྒྱན་འཁྲུལ་བ་མི་སྲིད། སངས་རྒྱས་གླིང་པ་གཏེར་སྟོན་རྣམ་དག་ཏུ་ངེས་ནའང་། སྐར་ཡིག་དེ་གདུལ་བྱའི་ཁམས་ཅི་རིགས་ལ་དགོངས་པའི་དྲང་དོན་ཡིན་ནམ། གལ་ཏེ་དགོངས་པ་ཅན་མིན་ན་བླུན་པོ་སྙིང་ཁམས་ཅན་གྱིས་ལེའུ་ཐོ་རྙིང་པ་ཞིག་ལ་མགོ་རུ་མཁའ་འགྲོའི་བརྡ་ཡིག་དང་མཇུག་ཏུ་ས་མ་ཡ་རྒྱ་རྒྱ་བྲིས་ནས་གཏེར་ཆོས་ཀྱི་ཁྲོད་དུ་བཅུགས་པ་མིན་ལས་ཆེ་སྙམ་ཕྱང་མོ་ཉུག་ཏུ་གྱུར་ཏོ། །ཞེས་གསུངས་པ་དང་། འབར་ཆུང་བཀྲ་ཤིས་རྒྱ་མཚོའི་ཚེས་བཅུའི་ངོས་འཛིན་ལས་ཀྱང་དེ་དང་མཐུན་པར་བསླད་ཅན་དུ་གསུངས་པ་འོག་ཏུ་འཆད་དོ། །གཉིས་པ་གཏེར་ཆོས་རྣམ་དག་ཡིན་ཡང་ས་ཚིགས་ཐ་དད་ཀྱི་དབང་ལས་འདིར་མི་འབྲེལ་བས་དགོངས་པ་གཞན་དུ་འགྲེལ་བ་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་ལས། རྩིས་རྒྱུད་རེ་གཉིས་དང་རྙིང་མའི་ལུགས་སུ་གསུངས་པ་ནི་འཛམ་གླིང་ཆུང་ངུའི་ཚངས་ཐིག་ཉི་ཤུ་བཅོ་ལྔར་དགུན་ཉི་ལྡོག་པའི་ས་ཚིགས་དང་ཡུལ་ལ་མཚོན་ཏེ་གསུངས་ཤིང་། ཚད་དེ་ཧོར་ཟླ་བཅུ་གཉིས་པ་ལས་མ་འདས་ཤིང་སྤྱིར་བཏང་རགས་པའི་དགོངས་པས་གསུངས་པ་ཡིན་པས་གཏེར་ལ་སྐྱོན་ཞུགས་སོགས་ཀྱི་ལོག་ལྟ་མི་རུང་མོད། ཡིན་ཀྱང་ས་འདིར་བཅུ་གཉིས་པ་སྟག་ཟླར་བྱེད་པ་ནི་རགས་པའི་དབང་ལས་རྣམ་དག་གི་དགོངས་པ་མིན་པས་འཁྲུལ། ཞེས་གཏེར་ཆོས་རྣམ་དག་ཏུ་འདོད་ནའང་། དེ་ལྷོ་གླིང་དབུས་མའི་དགུན་ཉི་ལྡོག་གི་ཚངས་ཐིག་ཉི་ཤུ་བཅོ་ལྔའི་ས་ཚིགས་ཀྱི་དབང་དུ་བྱས་ཕྱིར། བོད་དང་རྒྱ་ནག་གི་ཉི་ལྡོག་དང་མི་འགྲིགས་པར་གསུངས་སོ། །དེ་ཡང་ལྷོ་གླིང་དབུས་མའི་ཚངས་ཐིག་དང་རང་ཅག་རྣམས་གནས་པའི་ས་ཚིགས་ཀྱི་ཉི་ལྡོག་ཟླ་ཚེས་མི་འདྲ་བའི་ཚུལ་བཻ་དཀར་ཉི་ལྡོག་དམར་ནག་འཁོར་ལོའི་རེའུ་མིག་ལ་བལྟས་པ་ཙམ་གྱིས་ཤེས་སོ། །གསུམ་པ་དགོངས་འདུས་སྐར་ཡིག་ལ་དག་རྫུན་གཉིས་ཡོད་པར་འདོད་པ་ནི། འབར་ཆུང་བཀྲ་ཤིས་རྒྱ་མཚོའི་ཚེས་བཅུའི་ངོས་འཛིན་ལས། རྩིས་གཞི་ཐམས་ཅད་དཀྲུགས། ལོ་གསར་དཀྱུས་ལ་ཟླ་བ་གཅིག་སྔ་བར་རྒྱལ་ཟླ་ལོ་གསར་བྱེད་པ་འདི་བྱུང་ཟེར། འདི་ཡང་བརྟག་དགོས་ཏེ། བླ་མ་དགོངས་འདུས་ཀྱི་སྐར་མཛོད་དུ། རྒྱལ་ལོ་མགོར་འབྱུང་བའི་ཨོ་རྒྱན་དུས་གསུམ་མཁྱེན་པ་འཁྲུལ་བའི་རྗེས་སུ་འབྲངས། ཞེས་དང་ཡང་དེ་ལས། ཨོ་རྒྱན་དུས་གསུམ་མཁྱེན་པ་ལ་འཁྲུལ་བ་མི་མངའ་ནའང་རྗེས་འཇུག་དགོངས་འདུས་ཀྱི་མཁན་པོ་འགའ་ཞིག་གིས་རྩིས་འཁྲུལ་ཅན་གྱི་རྗེས་སུ་འབྲང་ནས་བཅོས་བསྒྱུར་བྱས་པ་མ་གཏོགས། དགོངས་འདུས་ཀྱི་སྐར་མཛོད་བཅོས་བསླད་མ་སོང་བ་ཚད་ལྡན་འགའ་ཞིག་ཏུ་དཔྱིད་ར་སྟག་ཟླ་ནི་མཆུ་ཟླ་བར་བྱས་སྣང་བ་ནི་ཡིད་ཆེས་ཀྱི་གནས་སུ་སྣང་ངོ་། །ཞེས་དགོངས་འདུས་སྐར་ཡིག་དག་རྫུན་གཉིས་ཡོད་པ་དང་། དག་མའི་ལུགས་ལ་མཆུ་ཟླའམ་བོད་ཟླ་དང་པོ་ལོ་མགོ་ཡིན་པར་གསུངས་པས་མཐའ་གཅིག་ཏུ་ཁས་ལེན་པའང་དཀའ་བར་སྣང་ངོ་། །དེ་བཞིན་དུ་འཇམ་མགོན་མི་ཕམ་རྒྱ་མཚོའི་དྲེགས་པའི་རྒྱུ་ཐེབས་ཀྱི་ཁུངས་གཏུགས་ས་གཙོ་བོ་ནི། རྒྱ་གར་གྱི་རྒྱུད་སྡེ་ནག་མོའི་སྔགས་རྒྱུད་དང་། མ་མོ་ཡང་ཏིག་བཀོལ་བའི་རྒྱུད་དང་། ལྷ་མོ་རེ་ཏིའི་བསྟོད་པ་རྒྱུད་ལས་གསུངས་པ་དང་། ཀློང་སྡེ་རྡོ་རྗེ་ཟམ་པ་དང་། ཀི་ཀང་རོག་ཏི་སྙིང་གཟེར་དྲག་པོའི་རྒྱུད་དང་། གཤེད་དམར་གྱི་རྒྱུད་སོགས་བཀའ་མ་དང་། འཇའ་ཚོན་མ་ནིང་སོགས་གཏེར་མ་རྣམས་ཡིན་ལ། དེ་དག་ལས་གསུངས་པའི་འབྱུང་རྩིས་སུ་མིང་ཙམ་ཡང་མ་གྲགས་པ། ཨེ་ཀ་ཛཱ་ཊི་དང་། དཔལ་མགོན་འཁོར་བཅས་དང་། རེ་མ་ཏི་དང་། སྤྲུལ་པའི་སྡེ་བརྒྱད་དང་། དམ་ཅན་སོགས་ཀྱི་ཐེབས་དུས་བཤད་པ་ཡིན་པས། ལུགས་དེ་དག་ནི་དུས་འཁོར་སོགས་རྒྱུད་སྡེ་སྤྱི་དང་མཐུན་པར་གོང་བཤད་ལྟར་ལོ་མགོ་དགུན་འབྲིང་རྒྱལ་ཟླ་བཅུ་གཉིས་པ་ནས་འཛིན་པ་རྩོད་མེད་ཡིན་ཀྱང་། དེའི་སྟག་ཟླ་ཡིན་པར་མི་གྲུབ་སྟེ་གཞུང་དེ་རྣམས་ལས་ཐ་ན་སྟག་སྤྲེལ་སོགས་ལོ་སྐོར་ཀྱི་ཐ་སྙད་ཙམ་ཡང་མེད་པས་བཅུ་གཉིས་པ་སྟག་ཟླ་ཡིན་པ་ཅི་ལྟར་ཤེས། གཞན་ཡང་འདི་དང་འབྱུང་རྩིས་ནི་ཡུལ་ཐ་དད་ཀྱི་རིག་གནས་ཐ་དད་ཡིན་པས་ར་མགོ་ལུག་སྦྱར་བྱེད་ཐབས་དེ་བས་མེད་པ་དང་། གལ་ཏེ་བྱས་ན་གོང་དུ་དྲངས་པའི་རྩིས་སྐོར་གྱི་ལུང་དེ་དང་ནང་འགལ་བར་འགྱུར་རོ། །དེས་ན་ལུགས་དེ་རྣམས་ལྷོ་གླིང་དབུས་མའི་ཚངས་ཐིག་གི་དབང་དུ་བྱས་ནས་རྟེན་འབྲེལ་བཅུ་གཉིས་དང་ཉི་ལྡོག་སྦྱར་བར་བྱས་པ་ཡིན་ཏེ། འཇམ་མགོན་མི་ཕམ་རྒྱ་མཚོས་ཉི་ལྡོག་ལ་དཔྱད་པ་དང་རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ་སོགས་ལས་གསུངས་པའི་ཉི་ཤུ་བཅོ་ལྔའི་ལྡོག་ཚིགས་དང་མཐུན་པས་སོ། །འབྱུང་རྩིས་ཀྱི་ཉི་ལྡོག་དེ་ལྷོ་གླིང་ཤར་མའི་ས་ཚིགས་རྣམས་དང་མངོན་སུམ་གྱིས་འགྲིགས་པའི་ཕྱིར་རྒྱལ་ཟླ་དང་ནམ་ཡང་སྒྲིག་ཏུ་མེད་དོ། །འབྱུང་རྩིས་ཀྱི་ལོ་མགོ་རྣམ་དག་འཁྲུལ་མེད་བོད་ཟླ་བཅུ་གཅིག་པ་མགོ་ཟླ་ལ་དཔྱིད་ར་སྟག་ཏུ་བྱས་ནས་བརྩིས་པས་སློབ་དཔོན་པདྨའི་སྐུའི་འཁྲུངས་སྐར་གྱི་སྤྲེལ་ཟླ་དེ་བོད་ཟླ་ལྔ་པ་སྣྲོན་ཟླ་བ་ཉིད་ཡིན་པར་འབད་མེད་དུ་གྲུབ་བོ། །དེ་ལྟར་ཁས་ལེན་མཁན་ཕུག་ལུགས་ཙམ་དུ་མ་ཟད། སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ་སྨིན་གླིང་གཏེར་ཆེན་སྐུ་མཆེད་དང་། གདན་ས་རྡོར་སྨིན་དང་། ལྷོ་བྲག་མཁར་ཆུ་སོགས་ཀྱི་ཚེས་བཅུའི་དུས་མཆོད་གནའ་ནས་ད་བར་བོད་ཟླ་ལྔ་པ་སྣྲོན་ཟླ་ལ་བྱེད་པ་འདིས་ཀྱང་ཤེས་སོ། །བླ་མ་གསང་འདུས་ཀྱི་སྒྲུབ་ཆེན་ཟིན་བྲིས་འགར་ཡང་སྣྲོན་ཟླའི་ཡར་ཚེས་བདུན་ལ་མགོ་བཟུང་ནས་ཚེས་བཅུར་གར་འཆམ་བྱེད་པར་གསུངས་པ་དང་། དེ་བཞིན་དུ་བླ་མ་ཨོ་རྒྱན་ཆེན་པོ་དང་དམིགས་བསལ་གྱི་དད་འདུན་ཆགས་པ་འབྲུག་རྒྱལ་ཁབ་ཀྱི་ལོ་ཐོར་ཡང་། བོད་ཟླ་ལྔ་པ་སྣྲོན་ཟླའི་ཚེས་བཅུར་དུས་དྲན་གཙོ་སྐྱོང་བྱེད་མུས་དང་། བུམ་ཐང་ཕྱོགས་སུ་གནའ་བོའི་སྲོལ་མ་ཉམས་པ་སྤྲེའུའི་མཆོད་པ་ཞེས་སྣྲོན་ཟླའི་ཚེས་བཅུ་རྒྱས་རོལ་བྱེད་པ་དང་། ཞེ་ཆེན་རྒྱལ་ཚབ་ཀྱི་ཚེས་བཅུའི་རྣམ་གཞག་ལས། སྤྲེལ་ཟླ་ངོས་འཛིན་ཀྱང་། ཕུག་ལུགས་རྗེས་འབྲང་དབུས་གཙང་མཁས་པ་ཡོངས་ལ་གྲགས་ཤིང་གྲུབ་པ་ནི་ཧོར་ཟླ་ལྔ་པ་སྣྲོན་གྱི་ཟླ་བ་འདི་ཉིད་ཡིན་པས། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་སོགས་ཚད་མར་གྱུར་པའི་སྐྱེས་ཆེན་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ཚེས་བཅུའི་དུས་མཆོད་ཟླ་ཁོངས་འདིར་མཛད་པ་བཞིན། སྐྱབས་རྗེ་གོང་མ་རིམ་བྱོན་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་རྒྱུ་ལས། ཆོས་གྲྭ་ཆེན་པོ་འདིར་ཡང་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་རྨ་མེད་པའི་མཐོང་བརྒྱུད་སྔོན་ནས་ད་བར་གཏན་འཇགས་སུ་གྱུར་པས། ཞེས་གདན་ས་ཆེན་པོ་ཞེ་ཆེན་དུའང་སྣྲོན་ཟླའི་ཚེས་བཅུ་ཡིན་པར་གསུངས་སོ། །རྒྱལ་སྲས་ཆོས་ཀྱི་བློ་གྲོས་ཀྱི་ཚེས་བཅུའི་རྣམ་གཞག་ལས། ལོ་ཚིགས་རྣམས་ལ་མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་ཡང་འཁྲུལ་མེད་མཁས་དབང་ཕུག་པའི་ལུགས་བཞིན་བཀོད། ཅེས་སོགས་གསུངས་སོ། །འོ་ན་རིག་འཛིན་འཇིགས་མེད་གླིང་པ་དང་། དཔལ་སྤྲུལ་རིན་པོ་ཆེའི་ལུགས་གཅིག་ལ་དེ་ལྟར་མི་བཞེད་དོ་སྙམ་ན། དེ་ནི་ལུགས་གཞན་སྐར་མཛོད་ཀྱི་དགོངས་པ་ལྟར་ཡིན་མོད། འོན་ཀྱང་དེ་ལྟར་ཁས་བླང་ན་མི་བདེ་བས། རེ་ཞིག་སྐར་མཛོད་གཏེར་ཆོས་རྣམ་དག་ཡིན་པར་བྱས་ནས་བཻ་དཀར་གཡའ་སེལ་ལྟར་དགོངས་པ་འགྲེལ་དགོས་ཏེ། གལ་ཏེ་མིན་ན་གོང་དུ་དྲངས་པའི་དེ་དག་གི་རྩིས་གཞུང་གི་ལུང་དང་ནང་འགལ་དུ་འགྱུར་བས་སོ། །དགོངས་འདུས་སྐར་ཡིག་མི་འདྲ་བ་གཉིས་པོ་གང་དག་མ་ཡིན་མིན་ཆ་མ་འཚལ་ཡང་། གང་ལྟར་ཡང་དགོན་སྡེ་དང་ས་ཆ་ལ་ལའི་ཡུལ་སྲོལ་མི་འདྲ་བ་ཡིན་པས་རང་རང་གི་སྲོལ་ལྟར་བྱེད་པའང་མི་ཆོག་རྒྱུ་ཅི་ཡོད། འོན་ཀྱང་འདིར་ལུང་རིགས་དང་མཐུན་པ་གང་ཡིན་དཔྱད་པ་ཙམ་ལས་དགོན་སྡེ་སོ་སོའི་རང་རང་གི་བླ་མ་གོང་མ་རྣམས་ཀྱིས་ཕྱག་བཞེས་དང་། ས་ཆ་རང་རང་གི་ཡུལ་སྲོལ་སོགས་ལའང་བྱིན་རླབས་དང་རྟེན་འབྲེལ་གྱི་གནད་རེ་ཡོད་པ་གོར་མ་ཆག་གོ །

རང་གིས་ཅུང་ཟད་ངེས་པའི་དོན། །མི་བརྗེད་ས་བོན་ཙམ་དུ་ནི། །སྔོན་གྱི་དམ་པའི་རྗེས་ཞུགས་ནས། །བྲག་ཆ་བཞིན་དུ་བརྗོད་པ་ལགས། །རང་ལུགས་ཞེས་པའི་མཁྲེགས་བཟུང་མེད། །གཞན་ལུགས་རྒོལ་འདོད་དེ་བས་མེད། །དེ་ཕྱིར་ལུང་རིགས་ལམ་གྱིས་ནི། །གང་གྲུབ་དེ་ཉིད་གཙོ་བོ་རུ། །འཛིན་པ་གཟུར་གནས་མཁས་པའི་ལུགས། །

ཞེས་པའང་ཉེ་ཆར་ངག་ཐོག་ནས་བཤད་པ་ཁག་ཅིག་ཡི་གེའི་ལམ་ནས་སྤེལ་ན་བཟང་ཞེས་ནང་ཉེའི་ཆོས་གྲོགས་རྣམས་དང་། ཁྱད་པར་དུ་རྩིས་རིག་སྨྲ་བ་མཁན་ཚངས་དབྱངས་ཉི་མའི་དགོངས་བཞེད་མ་ལྡོག་ཙམ་དུ་གངས་ལྗོངས་རྩིས་རིག་སྨྲ་བའི་གྲལ་མཐར་གནས་པ་དགེ་དཔལ་གྱིས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བོད་རབ་རྒྱན་མེ་སྤྲེལ་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ་བྲིས་པ་དགེ་བར་གྱུར་ཅིག །

 

47.2K