༄༅། །བསྐྱེད་རྫོགས་ཀྱི་ཟིན་བྲིས་བླུན་གཏམ་དེ་ཉིད་གསལ་བ་བཞུགས་སོ། །༡

       ༄༅། །ཕ་མཆོག་དྲིན་ཅན་བླ་མ་དེ། །རིག་འཛིན་བྱང་ཆུབ་རྡོ་རྗེ་ཡིན། །གཞལ་དུ་མེད་པའི་ཐུགས་རྗེ་ཅན། །ཐམས་ཅད་མཁྱེན་དེས་རྟག་ཏུ་སྐྱོངས། །གང་དེའི་བྱིན་རླབས་འོད་སྟོང་གཟིས། །བདག་བློའི་པད་ཚལ་རབ་བཞད་མཐུས། །སྐལ་བཟང་རྐང་དྲུག་དགའ་བསྐྱེད་པའི། །ལེགས་བཤད་དྲི་བསུང་ཅིར་ཡང་སྤྲོ། །

​      དེ་ལ་རེ་ཞིག་གི་ཚེ་ཡུལ་ཉམས་དགའ་བྱ་བའི་རི་ཁྲོད་ནས་དུས་ཀྱི་བརྟུལ་ཞུགས་ལ་སློབ་པའི་དགེ་སློང་ཞིག་དང་། གང་ཤར་རང་གྲོལ་གྱི་བརྒྱུད་འཛིན་འདོད་ཡོན་ལམ་དུ་འཁྱེར་བའི་སྔགས་རྒན་ཞིག་དང་གཉིས། བདེན་ཞེན་སྣང་བའི་གྲོང་ཁྱེར་བྱ་བར་ལྷན་གཅིག་ཏུ་ཚོགས་སོ། །དེར་དགེ་སློང་དེས་སྔགས་རྒན་ལ་ན་རེ། བོད་ཡུལ་འདིར་བསྟན་པ་སྔ་དར་ཕྱི་དར་དང་། གསང་སྔགས་གསར་རྙིང་སོགས་གྲུབ་མཐའི་ཁ་འཛིན་མང་པོ་ཞིག་བྱེད་འདུག་པ། དེ་ཚོའི་རྒྱུ་མཚན་ཁྱོད་ཀྱིས་ཤེས་སམ། ཁྱོད་རང་ཡང་གྲུབ་མཐའ་གང་ལ་གཏོགས་དྲིས་པར། སྔགས་པས། དགེ་སློང་། རྒྱ་གར་ན་སངས་རྒྱས་ཀྱི་བསྟན་པ་ལ་གསར་རྙིང་མེད་ཀྱང་། བོད་འདིར་བསྟན་པའི་འཕེལ་འགྲིབ་ཀྱིས་དེ་ལྟར་བཞག་པ་ཐུགས་བདེན། ལྷ་ཐོ་ཐོ་རི་སྙན་ཤལ་རྒྱལ་པོ་ནས་མངའ་བདག་ཁྲི་རལ་བའི་བར་ལ་སྐྱིད་པའི་གདུང་རབས་བཅུ་གསུམ་ཟེར། དེའི་རིང་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་བསྟན་པ་སྔ་དར་ཟེར་ཞིང་། དེའི་ཚུན་ལ་བསྟན་པ་ཕྱི་དར་ཟེར་བ་ཡིན། གསང་སྔགས་ཀྱང་མངའ་བདག་ཁྲི་རལ་གྱི་སྐུ་ཐོག་ཡན་ཆད་དུ་བོད་ལ་འགྱུར་ཚད་གསང་སྔགས་སྔ་འགྱུར་ཟེར། དེ་ཚུན་ཆད་ལ་ཕྱི་འགྱུར་ཟེར་བ་ཡིན། ཅིའི་དོན་ཡིན་ན་བར་དེར་རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་ཉམས་ཉེས་བྱས་པས་ལན་གྱི་ཡིན། གྲུབ་མཐའི་ཁ་འཛིན་བྱེད་མཁན་དེང་སང་བོད་ལ་ཤིན་ཏུ་མང་འདུག་ཀྱང་། ང་སྔགས་རྒན་གྱི་བསམ་ཚོད་ལ་དེ་ཚོ་ཀུན་ཆོས་ལུགས་ཆེན་པོ་གསུམ་དུ་མ་འདུས་པ་མེད་ངེས་ཡིན་སྙམ། དེ་ཡང་ཆེན་པོ་རྣམ་གསུམ་གང་ཡིན་ཞེ་ན། གཞི་ཕྱག་རྒྱ་ཆེན་པོ། ལམ་དབུ་མ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་དང་གསུམ་ལ་ཟེར་བ་ནི་ལོས་ཤེས། ངེད་རང་ཚང་ནི་ཨ་མྱེས་རིང་ནས་སྔ་འགྱུར་རྙིང་མ་པ་ཞིག་ཡིན་འདུག་པར་ངས་དེའི་གྲུབ་མཐའ་ཚོ་ཅང་མི་ཤེས་ཀྱང་ཨ་ཕས་སྔགས་ཆོས་ཤིག་བསླབས་ནས་བསྡད་ཡོད་པ་ཡིན་ཟེར་བར། ཡང་དགེ་སློང་ནས། སྔགས་རྒན་འོ་ན་ཁྱོད་ཚོ་རྙིང་མ་པའི་གཞུང་ལུགས་དེ་གང་ཡིན། སངས་རྒྱས་ཀྱི་བསྟན་པ་དེ་གང་ལ་ངོས་འཛིན་དར། ཁྱོད་རང་སྔགས་རྒན་ཚོའི་གྲུབ་མཐའི་ལག་ལེན་དེ་ཇི་ལྟར་བགྱི་བ་ཡིན་ཟེར་བར། སྔགས་རྒན་གྱིས། དགེ་སློང་། ཁྱེད་ཐུགས་མ་གླེན་ཞིག །གཞུང་ལུགས་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དེའི་དགོངས་འགྲེལ་དང་བཅས་པ་ཡིན་རྒྱུ་དེ་ལོས་ཤེས། གསུང་རབ་སྡེ་སྣོད་གསུམ་དང་བཅས་པ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་དུ་འགྱུར་བ་དེ་ཚོ་ངེད་རྙིང་མ་པའི་གཞུང་ལུགས་ཡིན། དེ་ཡང་སྡེ་སྣོད་གསུམ་གང་ཡིན་ཞེ་ན། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དང་གསུམ། རྒྱུད་སྡེ་བཞི་གང་ཡིན་ཞེ་ན། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའམ་བླ་མེད་རྒྱུད་དང་བཞི་ཡིན་པ་ནི་ལོས་དགོངས། སངས་རྒྱས་ཀྱི་བསྟན་པ་ནི་ལུང་དང་རྟོགས་པའི་ཆོས་གཉིས་ཡིན་ལ། དེ་ཡང་ལུང་གི་ཆོས་ནི། གསུང་རབ་ཡི་གེའི་ཚོགས་ཡན་ལག་བཅུ་གཉིས་དང་། རྟོགས་པའི་ཆོས་ནི་གང་ཟག་རང་རང་གི་རྒྱུད་ལ་གསུང་རབ་དེ་དག་གི་དགོངས་དོན་བསླབ་པ་གསུམ་དང་བསྐྱེད་རྫོགས་ཀྱི་ཡོན་ཏན་ཅི་ཙམ་འབྱོར་བ་དེ་ཡིན་པས། བསྟན་པ་འདི་འཛིན་པར་འདོད་ན་ཐོས་བསམ་སྒོམ་གསུམ་ལ་བརྩོན་རྒྱུ་གལ་ཆེ་བའི་རྒྱུ་མཚན། ཐོག་མར་ལུང་གི་ཆོས་ལ་ཐོས་བསམ་བྱེད་པའི་སྐབས་སུ་བཤད་གྲྭ་པ་ཟེར་ཞིང་། རྗེས་ནས་རྟོགས་པའི་ཆོས་ལ་སྒོམ་སྒྲུབ་བྱེད་པའི་དུས་སུ་སྒྲུབ་གྲྭ་པ་ཟེར་རྒྱུ་ཡིན་ཡང་། དེང་སང་དེ་དག་གི་ལག་ལེན་གོ་ལྡོག་བྱེད་པ་གསར་རྙིང་གཉིས་ཀའི་ཁྲོད་དུ་མང་པོ་སྣང་བ་འདི་སངས་རྒྱས་ཀྱི་བསྟན་པ་ཉམས་པའི་ལྟས་སུ་འདུག །བསླབ་པ་གསུམ་ནི་དགེ་སློང་ཁྱོད་ཀྱིས་ལོས་མཁྱེན་ཏེ། དམ་པའི་ཆོས་འདུལ་བའི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། དམ་པའི་ཆོས་མདོ་སྡེའི་བརྗོད་བྱ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། དམ་པའི་ཆོས་མངོན་པའི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་ཡིན་ལགས། བསླབ་པ་གསུམ་པོ་དེ་ཡང་མདོ་ཧྲིལ་གྱིས་དྲིལ་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་སྟོན། དེ་ཇི་ལྟར་སྟོན་ན། ཡང་དག་པའི་ལས་ཀྱི་མཐའ། ཡང་དག་པའི་ངག །ཡང་དག་པའི་རྟོག་པ། ཡང་དག་པའི་འཚོ་བ་དང་བཞིས་ཚུལ་ཁྲིམས་ཀྱི་བསླབ་པའི་མདོ་རྩ་སྟོན། ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་གྱི་བསླབ་པའི་མདོ་རྩ་སྟོན། ཡང་དག་པའི་ལྟ་བས་ནི་ཤེས་རབ་ཀྱི་བསླབ་པའི་མདོ་རྩ་སྟོན། ཡང་དག་པའི་རྩོལ་བ་དང་དྲན་པ་གཉིས་ཀྱིས་ནི་བསླབ་པ་གསུམ་པོ་བརྟན་ཞིང་གོང་འཕེལ་དུ་འགྲོ་བར་བྱེད་པ་ཡིན་ཞེས་ཐོས། འདི་ངེད་ཚོ་སྔགས་པའི་བསྐྱེད་རྫོགས་གཉིས་དང་སྦྱར་ནས་འཆད་ཅིང་ཉམས་སུ་ལེན་ལུགས་ཤིག་ཡོད་པ་དེ་ཤེས་ན་མདོའི་བརྗོད་བྱ་ཐམས་ཅད་སྔགས་ཀྱིས་བདེ་བླག་ཏུ་རྟོགས་པ་ཡིན། ངེད་སྔགས་རྒན་ཚོའི་གྲུབ་མཐའི་ལག་ལེན་ནི། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་ལ་བགྱི། དེ་གང་ཡིན་ཞེ་ན། དབང་དང་གཅིག །བསྐྱེད་རིམ་དང་གཉིས། རྫོགས་རིམ་དང་གསུམ། རྒྱུད་ཀྱི་བཤད་པ་དང་བཞི་ཡིན་ལ། དེ་ཡང་བསྒྲུབ་གཞི་ལས་ཀྱི་ཕྱག་རྒྱ། བསྒྲུབ་བྱ་ཆོས་ཀྱི་ཕྱག་རྒྱ། སྒྲུབ་བྱེད་དམ་ཚིག་གི་ཕྱག་རྒྱ། བསྒྲུབ་འབྲས་ཕྱག་རྒྱ་ཆེན་པོ་བཞི་ཡི་ཆིངས་སུ་འཆིངས་ཤེས་དགོས་རྒྱུ་ལས། ཐོག་མར་དབང་བསྐུར་བ་ལ་ངེད་རྙིང་མ་པ་འདི་མགོན་པོ་ཀླུ་སྒྲུབ་དང་པདྨ་སཾ་བྷ་ཝའི་བརྒྱུད་འཛིན་ཡིན་པའི་རྟགས་སྡོམ་པ་སུམ་ལྡན་དུ་བསྒྲུབ་དགོས་ན། རྟེན་གྱི་གཙོ་བོ་དགེ་ཚུལ་སློང་ལ་བྱེད་ཀྱང་། ང་སྔགས་རྒན་ནི་གྲོང་པའི་ཤན་ཤོར་སྟབས་རབ་བྱུང་བསྒྲུབ་པའི་རྟེན་འབྲེལ་ཞིག་མ་འགྲིགས་ཏེ་ངའི་རྟེན་དགེ་བསྙེན་ཡིན། དགེ་བསྙེན་གྱི་ནང་ནས་ཀྱང་ངས་སྐྱབས་འགྲོའི་སྡོམ་པའི་སྤང་བྱ་གསུམ། བསྒྲུབ་བྱ་གསུམ། ཆ་མཐུན་གསུམ་ལ་བརྩོན་འགྲུས་བྱས་པས། ང་ལ་བཅས་པའི་ཁྲིམས་ཡང་དག་དགེ་བསྙེན་གྱི་སྡོམ་པ་ཡོད། དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་སྡོམ་པའི་རྩ་བ་ཡང་དམ་པ་གསུམ་དུ་བསྡུས་ནས་འདིའི་ནང་དུ་སྔགས་སྡོམ་བསྐྱེད་རྫོགས་གཉིས་ཀྱང་ཚུད་པར་བྱས་ཤིང་བསྒོམ་གྱིན་ཡོད་པ། སྔགས་ཕྲུག་ཤེས་རབ་ཆུང་བ་རྣམས་ལ་ངས་འདི་ལྟར་བསླབ་པ་ཡིན་ལགས། དེ་ལྟ་བུའི་སྡོམ་པ་གསུམ་གྱི་རྣམ་གཞག་མདོ་ཙམ་ཤེས་པར་བྱས་ནས་དབང་དངོས་གཞི་ཞུ་བ་ལ། དེ་ཡང་སྨིན་བྱེད་དབང་གི་རྣམ་གྲངས་ནི་མང་པོ་སྣང་སྟེ་རྩ་བ་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་བཞི་ལ་བསྡུས་ནས་བླ་མ་ཐུགས་རྗེ་ཅན་གཅིག་གིས་གསང་གསུམ་ནུས་མཐུའི་བྱིན་རླབས་བུམ་པ། བདུད་རྩི། རིག་ཙཀ །ཤེལ་རྡོ་སྟེ། རྟེན་འབྲེལ་དབང་རྫས་ལ་བརྟེན་ནས། ལས་ཅན་གྱི་སློབ་བུའི་རྩ་ཐིག་རླུང་སེམས་བཞི་ལ་བསྐུར་མ་ཐག །ལམ་བསྐྱེད་རྫོགས་རིམ་པ་གཉིས་ལ་སྦྱངས་པས་ཚེ་གཅིག་ལུས་གཅིག་གིས་འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་ཐོབ་པར་བྱེད་པ་ཡིན་ནོ། །
​      དེ་ཡང་སྐྱབས་འགྲོའི་སྡོམ་པའི་སྤང་བྱ་གསུམ་གང་ཡིན་ཞེ་ན། འཇིག་རྟེན་པའི་ལྷ་ལ་སྐྱབས་འཚོལ་བ། སེམས་ཅན་ལ་གནོད་འཚེ་བྱེད་པ། དགེ་འདུན་གྱི་སྡེ་གཉིས་ལ་མི་དད་པ། འདི་གསུམ་སྤང་བྱའི་རྩ་བ་ཡིན། བླང་བྱ་གསུམ་གང་ཡིན་ཞེ་ན། སངས་རྒྱས་ཀྱི་སྐུ་གཟུགས་ཆག་དུམ་ཡན་ཆད། ཆོས་ཡི་གེ་རས་མ་ཡན་ཆད། དགེ་འདུན་གྱི་རྟགས་ཙམ་འཛིན་པ་ཡན་ཆད་ལ་དད་གུས་དང་ཞབས་ཏོག་ཞུ་རྒྱུ་ཡིན། ཆ་མཐུན་གསུམ་གང་ཡིན་ཞེ་ན། བླ་མ་མཁས་གྲུབ་ལྡན་པ་བསྟེན་རྒྱུ། ཆོས་ལ་ཐོས་བསམ་བྱེད་རྒྱུ། དགེ་འདུན་གྱི་རྟགས་མི་སྤང་རྒྱུ་འདི་རྣམས་ཡིན། དེང་སང་ངའི་གྲོགས་མཆེད་སྔགས་རྒན་འགའ་རེ་ཡོད་པ། བླ་མ་གཅིག་གིས་ཆོག་པར་བྱེད། ཐོས་བསམ་མི་ཉན་རབས་ཀྱི་ལོ་རྒྱུས་བཤད་ནས་བསྐྱེད་རྫོགས་ཀྱི་ཚིག་དོན་མི་སློབ། སྔགས་འཆང་ཐབས་ལམ་པས་དཀར་ཆས་བྱེད་དགོས་རྒྱུ་ལྟ་ཅི་སྨོས་ཐ་ན་རས་གཟན་དང་སྣམ་ལྭ་ཙམ་གྱི་བླ་གོས་གྱོན་དགོས་རྒྱུ་ཡང་མི་ཤེས་བཞིན། ཐོད་པ་འབུར་འབུར་དུ་ཕྱག་འཚལ། སེན་མོ་ཟད་ཟད་དུ་ཕྲེང་བ་བགྲངས། སྐྱུར་སྐྱུར་ཁ་ལ་མ་རེག །དམར་དམར་མིག་གིས་མ་རིག་ནས་ལོ་མང་པོ་སོང་ཡོད་པ་ཁོ་རང་ཚོས་གཅིག་གིས་གཅིག་ལ་དམ་ལྡན་རེ་ཡིན་ཆགས་བྱེད་འདུག་སྟེ། ངས་བསམ་བློ་ཞིག་བཏང་ན། སྐྱབས་སྡོམ་ཙམ་ཡང་མི་ཤེས་པར་མི་ལུས་ཐོབ་པ་ཆུད་ཟོས་ཁོ་ནར་འདུག་ཀྱང་། དགེ་སློང་ཁྱོད་ཀྱིས་ཅིག་གསུངས་ན་མ་གཏོགས་ང་སྔགས་རྒན་གྱི་ཁ་ལ་ནི་མི་ཉན་འདུག །ངའི་ཁ་ལ་ཉན་ན་ནི་ཐེག་ཆེན་ཆོས་ཀྱི་མདོ་དོན་དམ་པ་གསུམ་ཡང་ཤེས་དགོས་ཏེ། དེ་གང་ཡིན་ཞེ་ན། སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་ལ་བསྔོ་བ་དམ་པ་སྟེ་གསུམ་མོ། །དེ་ལ་རང་རང་གི་ཆོས་དང་དགེ་སྦྱོར་གང་སྒྲུབ་ཀྱི་ཐོག་མར་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་ཕྱིར་ངས་དགེ་རྩ་འདི་བསྒྲུབ་སྙམ་པ་ནི་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་རྩ་གང་ཡིན་དེ་བསྒྲུབ་མ་ཚར་བར་ལྷག་བསམ་རྣམ་དག་གི་འདུན་པ་ལས་སེམས་གཞན་དུ་མི་གཡེང་བ་ནི་དངོས་གཞི་དམིགས་མེད་དམ་པ། དགེ་རྩ་གང་ཡིན་དེ་བསྒྲུབ་ཚར་མ་ཐག་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་བསྔོའོ་སྙམ་པ་ནི་རྗེས་ལ་བསྔོ་བ་སྟེ་དམ་པ་གསུམ་པོ་འདིས་མ་ཟིན་ན་བསོད་ནམས་ཆ་མཐུན་གྱི་དགེ་བ་ལྷ་མིའི་གོ་འཕང་ཙམ་ཐོབ་པའི་རྒྱུ་དང་། ཟིན་ན་ཐར་པ་ཆ་མཐུན་གྱི་དགེ་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཡིན་པས་གནད་འདི་མ་ནོར་བ་གལ་བོ་ཆེ་ཡིན། ཁྱད་པར་ངེད་སྔགས་པའི་ནང་དུ་དམ་པ་གསུམ་གྱི་འཁྱེར་སོ་མི་ཤེས་པ་ཞིག་བྱུང་ན་དེ་སྔགས་ལོག་རཱུ་ཏྲར་གོལ་བ་དང་། ཁྱེད་དགེ་སློང་ཚོས་མ་ཤེས་ན་ཡང་ཐེག་དམན་དུ་གོལ་འགྲོ་བས་ཐུགས་བརྗེད་མི་ཁུར་བར་ཞུ། ལར་ངེད་ཚོ་སྔགས་པས་ཡིན་ན་སྡོམ་པའི་གནད་འགག་དེ་བསྐྱེད་རིམ་དང་། དམ་ཚིག་གི་གནད་འགག་དེ་རྫོགས་རིམ་སྟེ། དམ་སྡོམ་གྱི་རྩ་བ་བསྐྱེད་རྫོགས་གཉིས་ལ་ངོས་འཛིན་རྒྱུ་ཞིག་ཡིན་རབས་འདུག་ཀྱང་། འདི་དག་ནི་ཐུགས་ལ་ནི་ལོས་མཁྱེན་ཏེ། ཞལ་ནས་ནི་བླ་མས་ཀྱང་མི་གསུང་འདུག །བསྒྲུབ་རྒྱུ་ནི་ལོས་ཤེས་ཏེ། ལག་ལེན་ལ་ནི་སློབ་མས་ཀྱང་མི་འདེབས་འདུག །འོན་ཀྱང་ང་སྔགས་རྒན་གྱི་གོ་ཚོད་ཅིག་ཞུ་ན། བསྐྱེད་རིམ་ནི་ཏིང་འཛིན་རྣམ་གསུམ་དང་འབྲེལ་བར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་དང་མཐུན་པའི་བསྐྱེད་རིམ་རྒྱས་འབྲིང་བསྡུས་པ་དང་། ཤིན་ཏུ་བསྡུས་པ་བཞིའི་རྒྱུ་མཚན་ཤེས་པར་བྱས་ནས། ལག་ལེན་དངོས་ལ་སྦྱངས་གོམས་བརྟན་པའི་ཐབས་ཀྱི་སྔོན་འགྲོའི་ས་བཅད་ལྔ། དངོས་གཞི་ལག་ལེན་གྱི་ས་བཅད་གཅིག་དང་དྲུག །རྗེས་སུ་ལམ་འཁྱེར་ལ་སློབ་པའི་ས་བཅད་གཅིག་དང་བདུན་གྱིས་ཤེས་པར་བྱ་བ་ཡིན་ནོ། །
​       དེ་ལ་ཏིང་འཛིན་རྣམ་གསུམ་གང་ཡིན་ཞེ་ན། གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་གནས་ལུགས་མ་བཅོས་པའི་ངང་ལ་མཉམ་པར་བཞག་པ་དང་། ལམ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི་ཡིན་ལུགས་མ་བཅོས་པ་དེ་གའི་རང་གདངས་འགགས་མེད་སྙིང་རྗེ་ཆེན་པོར་ཤར་བ་སྟེ། འབྲས་བུ་རྒྱུའི་ཏིང་ངེ་འཛིན་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་རྩལ་སྣང་ཧཱུཾ་དང་ཧྲཱིཿལ་སོགས་པའི་ས་བོན་དུ་བསྒྱུར་བ་ཡིན་ནོ། །སྐྱེ་གནས་བཞི་ནི། སྒོང་སྐྱེས་མངལ་སྐྱེས་དྲོད་གཤེར་སྐྱེས་རྫུས་སྐྱེས་དང་བཞི་ཡིན་ལ། དེ་དག་སྦྱང་བྱར་བཞག་ནས། སྦྱོང་བྱེད་བསྐྱེད་རིམ་རྒྱས་འབྲིང་བསྡུས་པ་དང་ཤིན་ཏུ་བསྡུས་པ་བཞི་ལས། དང་པོ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པའི་བསྐྱེད་རིམ་ནི་བདག་སྲས་ལྔ་དང་གཞན་སྲས་བརྒྱད་ཀྱིས་བསྒོམ་པ་དང་། མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བ་འབྲིང་གི་བསྐྱེད་རིམ་ནི་མངོན་བྱང་ལྔ་ཅན་དང་མངོན་བྱང་བཞི་ཅན་དང་། རྡོ་རྗེ་ཆོ་ག་གསུམ་ཅན་སོགས་ཀྱིས་བསྒོམ་པ་དང་། དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་བསྡུས་པའི་བསྐྱེད་རིམ་ནི་ས་བོན་ནམ་སྔགས་བརྗོད་པ་ཙམ་གྱིས་བསྒོམ་པ་དང་། རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བ་ཤིན་ཏུ་བསྡུས་པའི་བསྐྱེད་རིམ་ནི། དྲན་པ་ཙམ་གྱིས་རྫོགས་པ་སྐད་ཅིག་གིས་བསྒོམ་པ་དང་བཞི་སྟེ་འདི་དག་གི་ཡིན་ལུགས་སྒྲ་ཇི་བཞིན་པར་ཤེས་པར་བྱས་ནས། དངོས་གཞི་ཇི་ལྟར་བསྒོམ་པའི་ལམ་ལ་བདུན། དང་པོ་ལྷ་ལ་སེམས་བཟུང་བ། གཉིས་པ་འགྱུར་བའི་སྐྱོན་བཅོས་པ། གསུམ་པ་ལྷ་དབྲལ་བ། བཞི་པ་ལྷ་ལམ་དུ་སློང་བ། ལྔ་པ་ལྷ་རང་སེམས་དང་བསྲེ་བ། དྲུག་པ་ལྷ་དོན་ལ་སྦྱོར་བ། བདུན་པ་སྤྱོད་ཡུལ་ལམ་དུ་འཁྱེར་བའོ། །དེ་ལ་དང་པོ་ལྷ་ལ་སེམས་བཟུང་བ་ནི། རང་གིས་འདི་ཉིད་བསྒྲུབ་སྙམ་པའི་རྩ་བ་གསུམ་གྱི་ལྷ་གང་ཡིན་པ་དེའི་སྐུ་འདྲ་གཡས་གཡོན་གྱི་ཞལ་ཕྱག་དང་སྟངས་སྟབས་སོགས་གོ་ལྡོག་པ་ཞིག་བྲིས་ལ་རང་གི་རྒྱབ་ཕྱོགས་ནས་ཞལ་རང་གི་མདུན་ཕྱོགས་སུ་བསྟན་ལ། རང་གི་མདུན་སྟེགས་ཀྱི་ཁར་ཤེལ་སྒོ་རྙེད་ན་རབ། མ་རྙེད་ན་མེ་ལོང་བཞག་ལ་དེའི་ནང་དུ་ལྷ་སྐུ་འཆར་དུ་བཅུག་པས་སྣང་ལ་རང་བཞིན་མེད་པ་ཞིག་དྲང་པོར་འཆར་འོང་བའི་ཚེ་སྐུ་དེ་ལ་སེམས་གཏད་ནས་བསྒོམ་ཞིང་བར་བར་ལྷ་སྐུ་ལ་མིག་ཅེར་རེ་གཏད། བར་བར་ལྷ་སྐུ་དེ་སེམས་ལ་འཆར་དུ་བཅུག་ནས་རེས་མོས་ཀྱིས་བསྒོམ་ན། དང་པོ་རྣམ་རྟོག་མི་འཚུབ་དགུ་འཚུབ་ཅིག་འོང་བ་དེ་ལ་གཡོ་བའི་ཉམས་ཟེར། ཇི་ཞིག་ནས་རྣམ་རྟོག་མང་པོ་དེ་མི་འཆར་བར་ལྷ་སྐུ་བཀྲ་ལམ་མེ་འཆར་འོང་བས། དེ་ལ་ཐོབ་པའི་ཉམས་ཞེས་ཟེར་བ་ཡིན། གཉིས་པ་འགྱུར་བའི་སྐྱོན་བཅོས་པ་ནི། ལྷ་དེའི་སྐུ་མདོག་ཕྱག་མཚན་རྣམ་འགྱུར་སོགས་གང་གསལ་མ་ཐེབས་པ་དེ་ཁོ་ན་གསལ་དུ་བཅུག་ནས་དེ་ལ་སེམས་བཟུང་བ་ཡིན། གསུམ་པ་ལྷ་དབྲལ་བ་ནི། ཐུན་རེ་རེ་ལ་བསྒོམ་བྱའི་ལྷ་དེ་གར་སེམས་གཏད་ནས་མ་ཡེངས་པར་ནན་གྱིས་བསྒོམ། ཡང་ཐུན་རེ་རེ་ལ་ལྷ་སྐུ་མི་བསྒོམ་པར་བསྒོམ་མཁན་པོའི་སེམས་ཁོ་ནའི་ཡིན་ལུགས་སྐྱོང་བ་སྟེ། དེ་གཉིས་རེས་མོས་སུ་བསྒོམ་པའོ། །བཞི་པ་ལྷ་ལམ་དུ་སློང་བ་ནི། ལྷ་དེ་ཆེན་པོར་བསྒོམ། ཡང་ཆུང་ཆུང་བསྒོམ། ཡང་སྤྱོད་ལམ་ཐ་དད་པའི་རྣམ་འགྱུར་མང་པོ་བྱས་ནས་བསྒོམ་པས། བསྒོམ་དང་མ་བསྒོམ་མེད་པར་ལྷར་སྣང་རྒྱུན་དུ་འཆར་བ་ནི་གོམས་པའི་ཉམས་ཆུ་ཀླུང་ལྟ་བུ་ཞེས་ཟེར་རོ། །ལྔ་པ་ལྷ་རང་སེམས་དང་བསྲེ་བ་ནི། བསྒོམ་བྱའི་ལྷ་དང་བསྒོམ་བྱེད་ཀྱི་སེམས་གཉིས་ལོགས་སུ་མི་ཕྱེད་པར་གཅིག་ཏུ་མཉམ་པར་བཞག་ནས་བསྒོམ་པས་རྣམ་པ་ཀུན་ཏུ་ལྷ་སྐུའི་གསལ་སྣང་དང་མི་འབྲལ་བ་ཞིག་འབྱུང་བ་ནི་བརྟན་པའི་ཉམས་རི་རབ་ལྟ་བུ་ཞེས་བརྟན་པ་ཤིན་ཏུ་ཐོབ་པའི་ཚད་དོ། །འདིའི་ཚེ་གསལ་བའི་ཚད། གསལ་ལེ། སང་ངེ་། ལྷག་གེ། ལྷང་ངེ་བཞི། བརྟན་པའི་ཚད། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་གཏུབས་པ་སྟེ་གསལ་བརྟན་གྱི་ཚད་བརྒྱད་གྱད་དུ་མ་གྱུར་བར་དུ་བསྒོམ་པས་ངེས་པར་གང་སྣང་ལྷ་སྐུ་རུ་འཆར་བ་ནི་མཐར་ཕྱིན་པའི་ཉམས་སྣང་བ་ལྷའི་འཁོར་ལོ་ཞེས་བརྟན་པ་ཡོངས་སུ་ཐོབ་པའི་ཚད་དོ། །དེ་ལྟར་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་གྱི་ཉམས་རིམ་གྱིས་འཆར་ཚུལ་འདི་ཡན་ཆད་ཀྱི་ས་བཅད་ལྔའོ། །དེ་ནི་སྦྱངས་གོམས་བརྟན་པའི་ཐབས་ཀྱི་སྔོན་འགྲོའི་ས་བཅད་ལྔའོ། །དྲུག་པ་ལྷ་དོན་ལ་སྦྱོར་བ་ནི། བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བའི་ཉམས་ལེན་ལ་ཞུགས་པ་སྟེ། རང་གི་མདུན་དཀྱིལ་གྱི་དབུས་སུ་ཐུགས་རྟེན་ཕུར་བུའི་མགུལ་དུ་གསུང་རྟེན་དར་རང་མདོག་གམ་དམར་པོ་ལ་སྔགས་བྱང་བྲིས་པའི་མདུན་དུ་ཐོད་པ་ཚད་ལྡན་དཔྲལ་བ་གྱེན་བསྟན་གྱི་ནང་ལོགས་སུ་བཟོ་བོ་སྔགས་པས་བདག་འཇུག་གསར་དུ་བླངས་ནས་འཕྲལ་དུ་འགྲུབ་པར་བྱས་ཏེ་བྲིས་པའི་སྐུ་རྟེན་ཡི་དམ་གྱི་འདྲ་སྐུ་རབ་གནས་ཅན་འདུ་བགྱིས་ལ་དེ་བཀོད། དེའི་མདུན་དུ་མཆོད་ཚོགས་བཤམ། རང་ཉིད་སྟན་བདེ་བ་ལ་འདུག །ཆོ་གའི་གཞུང་བསྲང་ལ་བསྙེན་པའི་མཚམས་སུ་སླེབས་ཚེ། ཐོག་མར་བསྙེན་པའི་ལག་ལེན་ཏིང་ངེ་འཛིན་གྱི་གཟེར་ནི། སྔོན་ཆད་མདུན་དུ་བསྒོམ་པའི་ལྷ་དེ་སྐབས་འདིར་རང་ཡིན་པར་བསྒོམ་པས་གསལ་ཐེབས་མིན་བྱུང་ན་ཐོད་སྐུ་ལ་བལྟ་ཞིང་སྐད་ཅིག་ཀྱང་མི་གཡེང་བར་བསྒོམ་པའོ། །གཉིས་པ་ཉེ་བསྙེན་གྱི་ལག་ལེན་སྙིང་པོ་སྔགས་ཀྱི་གཟེར་ནི། བདག་ཉིད་ལྷའི་ང་རྒྱལ་ལ་གནས་པའི་ཏིང་ངེ་འཛིན་གསལ་བརྟན་གྱི་ཚད་བརྒྱད་གྱད་དུ་གྱུར་པའི་ངང་དེ་ནས་སྙིང་པོའི་སྔགས་གྲངས་བསྙེན་འབྲུ་འབུམ་མམ་དུས་བསྙེན་བཞི་འགྱུར་རམ། རྟག་བསྙེན་ཉམས་དངོས་རྨི་ལམ་སོགས་ཀྱི་རྟགས་མ་མཐོང་བར་དུ་བསྒོམ་བཟླས་ཟུང་འཇུག་ལ་བསླབ་པའོ། །གསུམ་པ་བསྒྲུབ་པའི་ལག་ལེན་དགོངས་པ་མི་འགྱུར་བའི་གཟེར་ནི། སྐབས་ཤིག་ནས་བསྒོམ་བྱའི་ལྷ་དང་བཟླ་བྱའི་སྔགས་སོགས་རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཙམ་ལས་དངོས་གྲུབ་ལོགས་ན་མེད་པའི་ཁོ་ཐག་ནང་ནས་ཆོད། བསྒོམ་བྱའི་ཆོས་བོར། སྒོམ་མཁན་རང་ཡལ་དུ་སོང་། དྲན་འཛིན་གྱི་ཐག་པ་ཆད། གཉེན་པོའི་རྩོལ་བ་ཞིག །རེ་དོགས་ཁོང་གྲོལ་དུ་སོང་། བསམ་དུ་མེད་པའི་ཆོས་ཉིད་གུ་ཡངས་བརྗོད་བྲལ་བློ་འདས་ཆེན་པོའི་ཡེ་ཤེས་མངོན་དུ་གྱུར་པ་ལ་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཞེས་ལྷག་པའི་ལྷའི་རང་ཞལ་མངོན་སུམ་དུ་མཐོང་བ་ལགས་སོ། །བཞི་པ་བསྒྲུབ་པ་ཆེན་པོའི་ལག་ལེན་འཕྲོ་འདུའི་གཟེར་ནི། ཞི་རྒྱས་དབང་དྲག་སོགས་རབ་འབྱམས་འཕྲིན་ལས་ཀྱི་འཇུག་པ་གང་ཡང་ལྷག་པའི་ལྷ་གཅིག་པུ་དེའི་སྒོ་ནས་དམིགས་པས་འཕྲུལ་ཤེས་པར་བྱ་བ་ཁོ་ནའོ། །འདི་དག་ནི་དངོས་གཞིའི་ལག་ལེན་གྱི་ས་བཅད་ཟེར་བ་དེ་ཡིན་པས་གནད་གལ་པོ་ཆེའོ། །བདུན་པ་སྤྱོད་ཡུལ་ལམ་དུ་འཁྱེར་བ་ལ་ཤེས་པར་བྱ་བ་དང་། ལམ་དུ་འཁྱེར་བ་གཉིས། དང་པོ་ཤེས་པར་བྱ་བ་ནི་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་ཏེ། ཕུང་པོ་ལྔ་དང་ཁམས་ལྔ་དག་པ་གཤེགས་པ་ལྔ་དང་གཤེགས་མ་ལྔའི་གདན། དབང་པོ་བཞི་རྣམ་ཤེས་བཞི་ཡུལ་བཞི་དུས་བཞི་བཅས་དག་པ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ཀྱི་གདན། ལུས་ཀྱི་རྣམ་ཤེས་དབང་པོ་རེག་བྱ་རེག་ཤེས་བཞི་དང་། རྟག་པར་ལྟ་བ་ཆད་པར་ལྟ་བ་བདག་ཏུ་ལྟ་བ་དང་མཚན་མར་ལྟ་བ་བཅས་དག་པ་ཁྲོ་བོ་བཞི་དང་ཁྲོ་མོ་བཞིའི་གདན་ཏེ། གདོད་ནས་དག་བྱ་ཡེ་དག་དང་དག་འབྲས་ཡེ་ལྡན་གྱི་ཡིན་ལུགས་ཤེས་པ་ནི་ངེད་སྔགས་པ་བྱ་བ་རྣམས་ཀྱི་ཁྱད་ཆོས་ཤིག་ཡིན་ཏེ། གོ་མཁན་ནི་དཀོན་པོར་གྱུར་འདུག །འོན་ཀྱང་འདི་མི་ཤེས་ན་ནི་བཟའ་བཏུང་ཚོགས་འཁོར་ཡིན་ཟེར་བའི་སྐད་ཆ་དེ་ཡང་རྫུན་དུ་འགྲོ་ཉེན་ཡོད་འདུག་ལགས། ད་གཉིས་པ་ལམ་དུ་འཁྱེར་ཟེར་བ་དེ་ལ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་དང་གཅིག །འཆི་བ་ཆོས་སྐུའི་ལམ་འཁྱེར་དང་གཉིས། བར་དོ་ལོངས་སྐུའི་ལམ་འཁྱེར་དང་གསུམ་ལས། དང་པོ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ནི། ད་ནངས་སྔ་མོ་ནས་དོ་ནུབ་བསྡུ་རིམ་ལ་ཐུག་གི་བར་དུ་སྣོད་བཅུད་དག་པ་རབ་འབྱམས་ལ་གདན་གསུམ་ཞི་ཁྲོའི་དཀྱིལ་འཁོར་དེ་ལྷག་པའི་ལྷའི་རྣམ་རོལ་དུ་ཤར་བའི་གསལ་སྣང་དང་མ་བྲལ་བ་ནི་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར། གཉིས་པ་འཆི་བ་ཆོས་སྐུའི་ལམ་འཁྱེར་ནི་བསྐྱེད་རིམ་གྱི་སྣང་ཆ་དེ་རྫོགས་རིམ་སྣང་བ་མེད་པའི་དབྱིངས་སུ་བསྡུས། དེ་ཡང་མི་དམིགས་པའི་ངང་དུ་མཉམ་པར་བཞག་ནས་གཉིད་འོད་གསལ་དུ་སྦ་བ་ལ་འཆི་བ་ཆོས་སྐུའི་ལམ་འཁྱེར་ཞེས་བཤད་དོ། །གསུམ་པ་བར་དོ་ལོངས་སྐུའི་ལམ་འཁྱེར་ནི་མཚན་མོའི་རྨི་ལམ་གྱི་གྲོང་ཁྱེར་དུ་སླེབས་ཚེ་རྨི་ལམ་ངོ་ཤེས་པར་བྱས་ནས། ཉིན་དུས་ཀྱི་བསྐྱེད་རྫོགས་དང་རྨི་ལམ་གྱི་སྣང་བ་གཉིས་ལྷན་གཅིག་ཏུ་བྱས་ཏེ་ལམ་དུ་འཁྱེར་བ་ལ་བར་དོ་ལོངས་སྐུའི་ལམ་འཁྱེར་ཞེས་བརྗོད་དོ། །འདི་དག་ནི་རྗེས་སུ་ལམ་འཁྱེར་བསྒོམ་པའི་ས་བཅད་ཟེར་བ་དེ་ཡིན། དེ་ལྟར་སྐྱེ་འཆི་བར་དོ་སྐུ་གསུམ་ལམ་འཁྱེར་དུ་བསྒོམ་པའི་དགོས་པ་ནི། འཆི་བ་ཆོས་སྐུའི་ལམ་འཁྱེར་མཐར་ཕྱིན་པས་ནམ་ཞིག་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་དུ་འོང་བ་ཡིན། བར་དོ་ལོངས་སྐུའི་ལམ་འཁྱེར་མཐར་ཕྱིན་ན་འཆི་ཁར་གྲོལ་མ་ཐུབ་ཀྱང་རང་སྣང་ཆོས་ཉིད་ཀྱི་བར་དོར་ཟུང་འཇུག་གི་སྐུ་ཐོབ་པ་ཡིན། སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ལ་གོམས་པ་མཐར་ཕྱིན་པས་ཐ་ན་ཡང་སྲིད་པ་བར་དོར་རང་སྣང་འོག་མིན་གྱི་ཞིང་ཁམས་སུ་དག་པ་མཁའ་སྤྱོད་ལ་སོགས་པར་བགྲོད་ངེས་པ་ནི་གསང་སྔགས་བླ་མེད་རྒྱུད་ཀྱི་ཁྱད་ཆོས་ལགས་སོ། །འདི་ཡན་ནི་ངེད་སྔགས་པ་ཚོའི་བསྐྱེད་པའི་རིམ་པ་མདོ་ཙམ་ཞིག་སྨོས་པ་ཡིན་ལགས། (མུ་འགོད།)

47.2K