༄༅། །བསྐྱེད་རྫོགས་ཀྱི་ཟིན་བྲིས་བླུན་གཏམ་དེ་ཉིད་གསལ་བ་བཞུགས་སོ། །༢

       ད་རྫོགས་རིམ་ཡང་དམིགས་བཅས་དམིགས་མེད་གཉིས་ལས། དང་པོ་དམིགས་བཅས་ཀྱི་རྫོགས་རིམ་ལ་ཡང་རྣམ་གྲངས་མང་སྟེ་བསྡུ་ན་ཟབ་མོའི་ཆོས་དྲུག་ཏུ་འདུས་པས། རྩ་བ་གཏུམ་མོ། གཞི་མ་སྒྱུ་ལུས། སྙིང་པོ་འོད་གསལ། དྲོད་ཚད་རྨི་ལམ། སུན་མ་བར་དོ། བློ་ཆོད་འཕོ་བ་དང་དྲུག་ལ་འདྲིས་གོམས་བྱེད་པར་བྱའོ། །གཉིས་པ་དམིགས་པ་མེད་པའི་རྫོགས་རིམ་ནི། ངེད་སྔ་འགྱུར་རྙིང་མ་པའི་ཕྱག་ལེན་ལྟར་ན། རྫོགས་ཆེན་མན་ངག་སྡེ་ཟེར་བ་རྒྱ་གར་གྱི་པཎྜི་ཏ་བི་མ་ལའི་བཀའ་དྲིན་གྱིས་བོད་དུ་འགྱུར་བ། ནངས་རྟོགས་ན་ནངས་སངས་རྒྱས་ཀྱི་དགོངས་པར་མཇལ་བ། ནུབ་རྟོགས་ན་ནུབ་སངས་རྒྱས་ཀྱི་དགོངས་པར་མཇལ་ནུས་པའི་ཁྱད་ཆོས་ཅན། གཞི་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་ནས། ལམ་ཐོད་རྒལ་སྣང་བ་བཞི་བརྗོད་བྲལ་བསམ་ངོ་དང་བྲལ་བའི་ངང་ནས་ཉམས་སུ་ལེན་ཐབས་ཤིག་ཡོད་པ་དེ་ཡིན་ནོ། །

​      ད་ནི་གོང་གི་ས་བཅད་བཞི་པ་རྒྱུད་ཀྱི་བཤད་པ་ཟེར་བ་དེ་གང་ཡིན་ཞེས་ཟེར་ན། དབང་དང་གཅིག །དམ་ཚིག་དང་གཉིས། བསྐྱེད་རིམ་དང་གསུམ། བསྙེན་པ་དང་བཞི། བསྒྲུབ་པ་དང་ལྔ། མཆོད་པ་དང་དྲུག །འཕྲིན་ལས་དང་བདུན། ལྟ་བ་དང་བརྒྱད། བསྒོམ་པ་དང་དགུ། སྤྱོད་པ་དང་བཅུ་ལ་རྒྱུད་ཀྱི་དངོས་པོ་བཅུ་ཞེས་བརྗོད། དེ་རེ་རེ་བཞིན་ངོ་བོ། ངེས་ཚིག །རྣམ་གྲངས། དབྱེ་བ། མདོར་བསྟན། རྒྱས་བཤད། དོན་བསྡུ་ཤེས་དགོས་པའི་རྒྱུ་མཚན་མ་ཤེས་པའི་ཉེས་དམིགས་དང་། ཚུལ་བཞིན་ཤེས་པའི་ཕན་ཡོན་ནམ་འབྲས་བུ་སོགས་ལུང་དང་རིགས་པས་བརྒལ་བརྟགས་ཀྱི་ལམ་ནས་སྒྲ་ཇི་བཞིན་པར་ཉམས་འོག་ཏུ་ཆུད་དགོས་རྒྱུ་ཡིན་ཡང་། ང་སྔགས་རྒན་དབང་པོ་རྟུལ་པོར་གྱུར་པས་ལག་ལེན་དུ་མ་ཐེབས་པ་ལ་ཐུགས་མི་ཁྲེལ་བར་ཞུ་ཟེར་བར། དགེ་སློང་སྔགས་རྒན་ལ་དད་པ་གསར་དུ་འཁྲུངས་ནས། ལགས་བཀའ་དྲིན་ཆེ་བ་བྱུང་། ངེད་དགེ་སློང་ཚོས་ཁྱེད་སྔགས་པ་ཚོ་གྲོང་གི་རྒད་པོ་རེ་ཡིན་སྙམ་པ་ལས་འདི་འདྲ་བའི་གདམས་ངག་ཡོད་པ་སེམས་ལ་མེད། ད་ནི་ང་དགེ་སློང་ལ་ཡང་འཆི་ཁར་ཕན་ཐོགས་པའི་གདམས་ངག་ཉུང་ངུར་དྲིལ་བ་ཞིག་ཁྱོད་སྔགས་རྒན་གྱིས་བསམ་བློ་ཐོངས་ལ་བསླབ་པར་ཞུ་ཟེར་བར། སྔགས་རྒན་ནས། ལགས་སོ་ཁྱེད་དགེ་སློང་ལ་དགོས་རྒྱུ་དེ་བསླབ་པ་གསུམ་དང་། ཁྱད་པར་ཚུལ་ཁྲིམས་གསུམ་གྱི་ཡིན་ལུགས་ལ་རག་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་གནང་བ་ལྟར་ནི་དེང་སང་ཕྱག་ལེན་ལ་འདེབས་པ་ཉུང་། འོན་ཏེ་ལག་ལེན་ལ་ཐེབས་པ་རེ་ཟུང་གལ་སྲིད་ཡོད་དུ་ཆུགས་ཀྱང་ཚེ་གཅིག་སངས་རྒྱས་པའི་ལམ་ནི་སྔགས་བླ་མེད་རྒྱུད་མ་གཏོགས་མདོ་སྔགས་གཞན་ལ་མེད་པ་ཡང་ལོས་མཁྱེན། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་བརྗོད་བྱ་བསླབ་པ་གསུམ་པོ་དེ་སྔགས་ཀྱི་ཁོང་ནས་ཉམས་སུ་ལེན་ཚུལ་ཞིག་ཤེས་དགོས་ཏེ་གང་ཡིན་ཞེ་ན། སོ་བྱང་སྔགས་གསུམ་གྱི་རྣམ་པ་དབང་གི་སྟ་གོན་གྱི་དུས་ནས་བསྲུང་དགོས་རྒྱུ་དེ་ཚུལ་ཁྲིམས་ཀྱི་བསླབ་པའི་མདོ་དོན། དངོས་གཞི་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་ནི་ཏིང་འཛིན་གྱི་བསླབ་པའི་མདོ་དོན། རྫོགས་རིམ་ནི་ཤེས་རབ་ཀྱི་བསླབ་པའི་མདོ་དོན། དེ་ཡང་བསྐྱེད་རྫོགས་གཉིས་ཟུང་འཇུག་ཏུ་དྲིལ་ནས། སྣོད་བཅུད་ལྷའི་རྟེན་དང་བརྟེན་པར་གསལ་བའི་བསྐྱེད་རིམ་དེ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། བསྐྱེད་རིམ་བསོད་ནམས་ཀྱི་ཚོགས། རྫོགས་རིམ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་བསྒོམ་པ་དེ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། ལས་བཞི་དམིགས་པའི་སྤྲོ་བསྡུ་ལ་སོགས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དེ་མདོའི་བསླབ་པའི་གནད་ཐམས་ཅད་སྔགས་སུ་དོན་གྱིས་ཚང་བར་ཤེས་ནས་ཉམས་སུ་བླང་ན་ཚེ་གཅིག་གིས་གྲོལ་འགྲོ་བ་ཡིན་ཟེར་བར། དགེ་སློང་ནས་དད་པ་ཡང་ཇེ་བཟང་ལ་སོང་། སྔགས་རྒན་ལ་ཞེ་ས་དང་བཅས་ཏེ། ལགས་སོ། །ད་ཅིའི་གསུངས་པ་དག་གི་གོ་དོན་ནི་སེམས་ལ་ཤིན་ཏུ་གོ་སླ་བ་བྱུང་སྟེ། ཐེ་ཚོམ་ཞིག་ད་རུང་མ་ཆོད་འདུག །དེ་ཅི་ཡིན་ཞེ་ན་དེང་སང་ཁ་ཏོན་ལ་རེམ་ན་འཚང་རྒྱ་ཟེར་བ་ཞིག་ལས། བསྒོམ་ན་འཚང་རྒྱ་ཟེར་བ་ཞིག་མ་ཐོས་པས་འདི་བདེན་པ་ཞིག་ཡིན་དང་ཅི་ཡིན་ཐེ་ཚོམ་གཅོད་པར་ཞུ་ཟེར་བར་སྔགས་རྒན་ནས། དགེ་སློང་དེ་ཁྱེད་ཐུགས་བདེན། ལྟ་སྒོམ་གྱི་མཚང་ནང་ནས་རྟོགས་པའི་ཚེ། སྤྱོད་པ་གུ་དོག་པོ་རང་བྱེད་མི་དགོས་པ་དེ་ངེད་སྔགས་པ་ཚང་ཡིན་ཏེ། དེང་སང་དེ་ཚོའི་གནད་མ་གོ་བར། སྤྱོད་པ་ཕྲན་བུ་རེ་ལ་བླང་དོར་ནན་ཆགས་བྱེད། གལ་ཆེན་ཁ་ཏོན་ཙམ་ལ་འབད་པ་ལས་མ་ཤེས་ཐབས་ཆག་དང་མི་མཁོ་ག་མེད་བསྐྱེད་རྫོགས་གཉིས་ཡིན་པ་ནི་རྩ་བ་ནས་མ་གོ་བས། ངེད་སྔགས་པ་ཕལ་ཆེར་མིང་སྔགས་པར་བཏགས་ཀྱང་དོན་ཁྱིམ་པ་ལས་ལོད་པ་འདི་བྱུང་བ་ཡིན་ཏེ། བཤད་པས་མི་གོ་གླེན་པ་ཨུ་ཚུགས་ཀྱིས་བསྡད་འདུག་ཀྱང་། ཚེ་ཕྱི་མར་འཚང་རྒྱ་བའི་ཐབས་དེ་ནི། ཁ་ཏོན་ཙམ་མིན། བཟླས་བརྗོད་ཙམ་མིན། བསམ་གཏན་བསྒོམ་པ་ཙམ་གྱིས་ཀྱང་མི་ཆོག་པས། བསྐྱེད་རྫོགས་གཉིས་ཀ་ལ་རེམ་དགོས། དེ་ཡང་མཐར་ཐུག་རྫོགས་རིམ་ལ་དྲིལ་ཏེ་གནས་ལུགས་བརྗོད་བྲལ་གྱི་དོན་ལ་མཉམ་པར་གཞག་པ་འདི་ཁོ་ན་གཙོ་ལགས་ཟེར་བར། དགེ་སློང་ནས་ཤིན་ཏུ་དད་པའི་ངག་གིས། བཀའ་དྲིན་ཆེ། ཁྱེད་འདྲ་བའི་སྔགས་པ་ལུས་ཐ་མལ་དུ་སྡོད་པ་ལ་སེམས་ཆོས་སྐུ་རུ་སྨིན་པའི་གདམས་ངག་ཅན་སྦས་པའི་སངས་རྒྱས་ཟེར་བ་དེ་ག་རང་དུ་འདུག །ད་ནི་མྱུར་དུ་འཚང་རྒྱ་བའི་གདམས་ངག་ཚིག་བརྒྱ་དོན་གཅིག་ཅིག་གསུངས་དང་། ང་དགེ་སློང་གིས་ཀྱང་བསྒོམ་ཞིག་བསླབ་ན་སྙམ་པ་སྙིང་ཐག་པ་ནས་ལེགས་ཟེར་བར། སྔགས་རྒན་གྱིས། ལགས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ད་ལྟའི་ཤེས་པ་ཡིད་དཔྱོད་དང་བྲལ་བའི་གནས་ལུགས་འདི་ག་རང་ཡིན། འདི་རྟོགས་མ་རྟོགས་ཀྱི་ཁྱད་པར་ལས་སངས་རྒྱས་དང་སེམས་ཅན་ཟེར་བ་ཡིན། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། གསང་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་མདོ་སྔགས་ཀྱི་དགོངས་འགྲེལ་དང་བཅས་པ་གནད་འདི་རྟོགས་པའི་ཐབས་དང་ངོ་སྤྲོད་གཉིས་སུ་འདུ་བས། ཁྱོད་བློ་མང་ཚིག་རྗེས་སུ་མ་འབྲང་བར། དོན་གྱི་འཇོག་སོ་སྤྲོས་བྲལ་གདོད་མའི་ཡིན་ལུགས་ལ་སྤར་འཛིན་གྱིས། དེ་ཡི་ཚེ་འབྲལ་མི་ཕོད་པའི་བདེ་ཉམས་ལ་མ་ཞེན། གསལ་ལེ། སང་ངེ་བའི་གཉུག་མའི་རྒྱུན་ཡིན་རློམ་གྱི་གསལ་ཉམས་ལ་མ་ཞེན། དྲན་སེམས་ཆད་པ་ལྟ་བུའི་མི་རྟོགས་ངང་དུ་ཡང་མ་ཞེན། བློ་བྲལ་དུ་འདུག་སྙམ་པ་དེ་གའི་ངང་དུ་ཕར་མ་བཞག་ལ། དེའི་རྒྱུ་མཚན་ཤེས་བྱེད་མཁན་པོའི་རང་ཐོག་ཏུ་ཞོག་དང་། འཇོག་ཏུ་མེད་པའི་མཉམ་བཞག །བསམ་དུ་མེད་པའི་གནས་ལུགས། བསྒོམ་འདུག་བྱས་ན་གཏད་སོ་དང་བྲལ་བ། མ་བསྒོམ་འདུག་བྱས་ན་ཡེངས་ཡུལ་སྟོར་བ། དྲན་པ་རང་གྲོལ་དུ་སོང་བའི་གུ་ཡངས་པ་ལ། རེ་དོགས་ཀྱི་མདུད་པ་ཞིག །ཐེ་ཚོམ་གྱི་སྒྲོག་བཅད། འཆིངས་གྲོལ་ཡེ་ནས་དག་པ། གཉེན་པོ་བྲལ་བའི་ཡེ་ཤེས། སྤང་བྱ་ཟད་པའི་ཆོས་ཉིད། རང་བཞིན་གདོད་མའི་མགོན་པོའི་དགོངས་པ་དེ་ད་ལྟར་ནས་རྟོགས་པ་ཡིན་ནོ། །ཞེས་ངོ་སྤྲོད་བཏབ་པས་དགེ་སློང་སྐད་ཅིག་གིས་གྲོལ་ནས་སློབ་དཔོན་དང་དགོངས་པ་མཉམ་པར་གྱུར་པའི་ཚེ་རང་གཞན་གྱི་སྐྱོན་མཚང་འདོན་པའི་གླུ་འདི་འདྲ་ཞིག་བླངས་སོ། །ཚུར་མཐོང་གི་སྣང་ངོར་ཐ་མལ་གཟུགས། །དོན་དམ་དུ་གདན་གསུམ་ལྷ་ཡི་དལ། །གསང་སྔགས་པ་མིང་དོན་མི་འཛོལ་བའི། །ཕ་སྔགས་རྒན་སྐྱེ་མེད་རྡོ་རྗེས་སྐྱོང་། །བདག་ཆུང་ནས་ཆོས་ལྟར་བཅོས་ལགས་ཀྱིས། །ངེས་འབྱུང་གི་བསམ་པ་ལྟ་ཅི་སྨོས། །མི་ཚེ་འདི་བན་ཆུང་མགྲོན་པོས་ཕུལ། །བསླབ་གསུམ་གྱི་བླང་དོར་མ་ཤེས་བླུན། །ཀྱེ་མ་ལ་དུས་ཀྱི་ཡང་སྙིགས་འདིར། །རྟགས་ཙམ་གྱི་བསྟན་པ་ལྷུར་ལེན་པའི། །གཟུགས་བརྙན་གྱི་དགེ་སློང་མང་ལགས་ཀྱང་། །ཁྲིམས་གཙང་དེ་ཉིན་མོའི་སྐར་མ་ཙམ། །སྔགས་རློམ་གྱི་བླ་གྲྭ་ཕལ་ཆེར་ཡང་། །ཡ་རབས་ཀྱི་ཕྱག་ལེན་ཐོས་བསམ་སྒོམ། །ལམ་བསྐྱེད་རྫོགས་གཞུང་ལ་མི་སློབ་པར། །ཐེག་དམན་གྱི་ལྟ་སྤྱོད་ཁོ་ནས་གཡེང་། །ཡུལ་རེབ་ཀོང་གསེར་མོ་རྫོང་ཤེད་ན། །མིང་སྔགས་པ་རུ་རློམ་པའི་གང་ཟག་འགའ། །ཚེ་གཏན་འདུན་གྱི་ལག་ལེན་མ་ཤེས་འཁྲུལ། །འདི་སློབ་མ་གཅིག་པུས་ལན་པ་མིན། །མདོ་སྔགས་ཀྱི་དགོངས་དོན་གཅིག་དྲིལ་ནས། །ཚེ་གཅིག་གིས་ས་ལམ་མཐར་ཕྱིན་པའི། །གཞུང་འཆད་ནུས་མདོ་ཁམས་ཡུལ་གྲུ་ན། །མགོན་གྲུབ་ཆེན་ཆོས་ཀྱི་རྒྱལ་པོ་ཙམ། །རི་གངས་ཅན་གྱི་ལྗོངས་འདིར་མཁས་རློམ་འགས། །གསར་རྙིང་གི་རྣམ་གཞག་མ་ཕྱེ་བཞིན། །ཐུབ་བསྟན་ལ་རང་གཞན་ཕྱོགས་གཉིས་འཛིན། །དེ་ལུང་རྟོགས་བསྟན་པ་ཉམས་པའི་རྟགས། །འདི་བསམས་ཤིང་བསམས་ན་སྙིང་རླུང་ལྡང་། །བློ་ནང་དུ་ཁུགས་དང་ཤེས་ལྡན་ཚོགས། །མི་ཚེ་འདི་གར་སོང་མ་གོ་འདུག །ད་ལྟ་རང་ཤི་ན་ཅི་བྱེད་ཨང་། །ལམ་སྟོན་གྱི་བླ་མ་ནོར་བ་ལ། །མིང་རྡོ་རྗེ་འཆང་གིས་ཅི་ཞིག་བྱེད། །གནད་བསྐྱེད་རྫོགས་ཟབ་མོ་མ་རྟོགས་ན། །ཆོས་ཟབ་དགུའི་རྣམ་གྲངས་ཅི་ལ་ཕན། །ཚེ་གཅིག་གིས་གྲོལ་བ་དོན་གཉེར་ན། །བློ་བྲལ་གྱི་ཡིན་ལུགས་ཅིས་མི་སྐྱོང་། །དེ་སྐྱོང་ཞེས་བྱ་བ་ཁ་སྐད་ཙམ། །སྐྱོང་རྒྱུ་ཞིག་འདུག་ན་ལྟ་སྒོམ་མིན། །ཡོངས་བལྟས་པས་མཐོང་དུ་མི་བཏུབ་ན། །ལྟ་བའི་ཐ་སྙད་ཀྱང་རྫུན་དུ་ཟད། །སྒོམ་བྱེད་ཀྱི་མཁན་པོའང་མི་འདུག་ན། །བསྒོམ་ཉམས་ཅན་ཟེར་བ་གླེན་པའི་གཏམ། །སྤྱོད་པའི་བླང་དོར་ཡང་སེམས་ལ་རག །སེམས་གཞི་རྩ་ཆོད་ན་ཐེ་ཚོམ་ཞིག །ལྟ་སྒོམ་དང་སྤྱོད་པའི་སྨིན་སོ་དེ། །ཆོས་ཉིད་ཀྱི་རིག་པ་སྐད་ཅིག་མ། །འདི་སྐྱེ་མེད་རྡོ་རྗེའི་དྲིན་གྱིས་རྟོགས། །དེ་རྟོགས་བཞིན་གླུ་རུ་བླངས་པའི་དགེས། །ཡོངས་མ་རྟོགས་རྨོངས་པའི་སེམས་ཅན་ཁམས། །ཕ་གདོད་མའི་མགོན་དེའི་སྐུ་ཐོབ་ཤོག །ཅེས་གསུངས་ནས་སྐད་ཅིག་ལ་ནང་དབྱིངས་དོན་གྱི་འོག་མིན་དུ་གཤེགས་སོ། །
​     ཞེས་པའང་རང་ཉིད་ལ་རི་མོ་སློབ་པའི་དགེ་རྒན་རྟོགས་པའི་དབང་ཕྱུག་འཇམ་དབྱངས་རྒྱ་མཚོ་སོགས་དད་ལྡན་སྔགས་པའི་ཚོགས་འགའ་ཞིག་ནས། ངེད་སྔགས་པ་ཚོའི་ལུགས་ཀྱི་ལྟ་གྲུབ་བསྐྱེད་རྫོགས་འབྲས་བུ་དང་བཅས་པ་ཉམས་སུ་ལེན་ཚུལ་ཞིག་དཔེར་བརྗོད་ཀྱི་ལམ་ནས་ཕྲིས་ཤིག་ཟེར་བར་རྒྱས་པ་ཞིག་བཤད་ན་བློར་མི་ཆུད་པའི་རྒྱུ་རུ་དོགས་ནས་མདོར་བསྡུས་གྲོང་པའི་ངག་ཚིག་གིས་བཀྲལ་བའི་མཚར་གཏམ་འདིས་ཀྱང་སྔགས་འཆང་གསར་བུའི་ཚོགས་ལ་བློ་གྲོས་ཀྱི་མིག་ཐོབ་པར་གྱུར་ཅིག །ཅེས་པའང་རྫོགས་ཆེན་བླ་མ་གཞོན་ནུ་ཡེ་ཤེས་རྡོ་རྗེས་ཤར་མར་སྤེལ་བ་དགེའོ། །ལེགས་སོ། །སརྦ་མངྒ་ལཾ། །

47.2K