༄༅། །སྔགས་སྡོམ་གྱི་རྩ་བའི་ལྟུང་བ་བཅུ་བཞི་བཤད་པ་བཞུགས་སོ། །

མག་གསར་ཀུན་བཟང་སྟོབས་ལྡན་དབང་པོ།

དེ་ནས་རྣམ་གྲངས་སོ་སོ་ངོས་བཟུང་སྟེ་བཤད་པ་ལ་རྩ་ལྟུང་དང་པོ་ནི། གང་ཞིག་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་པས། དེ་ལ་སྤྱིར་སློབ་དཔོན་དྲུག་ལ་སོགས་པ་བཤད་པ་ཡོད་ཀྱང་། འདིར་ཁྱད་པར་གྱི་སློབ་དཔོན་རྣམ་པ་གསུམ་སྟེ། དབང་བསྐུར་རྒྱུད་བཤད་མན་ངག་བྱིན་པའི་བཀའ་དྲིན་གསུམ་ལྡན་ནམ། དེ་ལས་གཉིས་ལྡན་ནམ། གཅིག་ལྡན་གང་རུང་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་ཞེ་སྡང་ངམ་ཕྲག་དོག་གི་དབང་གིས་སྙིང་ཐག་པ་ནས་དམའ་འབེབས་པར་འདོད་པའི་ངག་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་སྨོད་པ་དང་བཀུར་བསྟི་མི་བྱེད་པར་བརྙས་པ་སོགས་ཀྱིས་ཐུགས་དཀྲུགས་ཏེ་མི་མཉེས་པར་བྱས་པ་སྟེ། སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས། ཡུལ་གཉན་པར་མ་ཟད་རང་ཉིད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེ་ཉིད་མཉེས་པས་རྗེས་སུ་བཟུང་བ་ལ་རག་ལས་ཕྱིར། རྩ་ལྟུང་བཅུ་བཞིའི་ནང་ཚན་ལས་ཉེས་པ་ཤིན་ཏུ་ལྕི་བས་ན་དང་པོར་བཞག་པའོ། །
རྩ་ལྟུང་གཉིས་པ་ནི། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་པས་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་གདུལ་བྱ་ལ་བླང་དོར་གྱི་གནས་སྟོན་པ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའམ་དྲུག་གིས་བསྡུས་པའི་བདེ་བར་གཤེགས་པའི་བཀའ་ཐམས་ཅད་དང་། དེའི་རྗེས་སུ་མཐུན་པའི་འཇུག་ལྡོག་གི་བསླབ་བྱ་བླ་མ་དམ་པས་རང་ལ་འདོམས་པར་མཛད་པ་སོགས་ལ་དོན་གོ་བཞིན་ཁྱད་དུ་གསོད་པའི་བློས་བཀའ་ལས་འདས་ཏེ་མི་མཐུན་པར་སྤྱོད་པ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་སྟེ། རྩ་ལྟུང་དང་པོའི་འོག་ནས་ཉེས་པ་ཆེ་བས་རྩ་ལྟུང་གཉིས་པར་བཞག་གོ། །
རྩ་ལྟུང་གསུམ་པ་ནི། རྡོ་རྗེ་སྤུན་ལ་ཁྲོས་ནས་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །ཞེས་པས། ཡུལ་ནི་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་ཏེ། དེ་བཞི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉེ་ཞིང་། ཁྱད་པར་ནང་འདྲེས་པའང་མ་གཅིག་པ་ལས་ཕ་གཅིག་པ་དང་། དེ་གཉིས་ཀའང་གཅིག་པ་དང་དབང་ཐོབ་པའི་དུས་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང་། དུས་གཅིག་པ་མཚེ་མ་ལྟ་བུ་རྣམས་ཡིན་པས་ཕྱི་རིམ་གྱིས་ཉེ་ལ། དེ་ཡང་དབང་བཞི་ཀ་རྫོགས་པར་ཐོབ་པའི་སྤུན་རྣམས་ཤིན་ཏུ་ཉེ་བ་ཡིན་ནོ། །དེ་ལྟར་ན་སྤུན་དེ་རྣམས་ལ་ཡིད་ཀྱིས་ཁྲོས་ཤིང་འཁོན་ཞེ་ལ་འཛིན་པ་དང་། ཕྲག་དོག་གི་བསམ་པ་ལུས་ངག་གི་བརྙས་པ་དང་སྐྱོན་བརྗོད་པས། དེས་སེམས་ཕྱུང་ན་རྩ་ལྟུང་དུ་འགྱུར་ལ་སྐྱོན་བརྗོད་ཀྱི་ཚིག་སྨྲ་དུས་ཀྱི་ཡུལ་ལ་སྐྱོན་བརྗོད་ཡུལ་གྱི་རྡོ་རྗེའི་སྤུན་དེ་ཁ་ཡིན་མིན་འདྲའམ་སྙམ་སྟེ་བརྟག་གོ། །དེ་ཡང་ནང་འདྲེས་པའི་སྤུན་ཡིན་ན་རྡོ་རྗེ་ནང་དམེ་ཡིན་པས་ཤིན་ཏུ་ལྕི་ཞིང་སྦྱང་དཀའ་བའི་རིགས་ཏེ། དེང་སང་དབང་ཐོབ་ངེས་ན་རྡོ་རྗེ་སྤུན་ལ་ཁྲོས་པའི་རྩ་ལྟུང་འདི་ཡང་འབྱུང་ཤིན་ཏུ་ཉེའོ། །
རྩ་ལྟུང་བཞི་པ་ནི། སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་པས། ཡུལ་སེམས་ཅན་གང་ཡང་རུང་བ་བདེ་བ་དང་བྲལ་ཞིང་སྡུག་བསྔལ་དང་འཕྲད་ན་ཅི་མ་རུང་སྙམ་དུ་ཁྲོ་བའམ་བསམ་པས་སྙིང་ཐག་པ་ནས་བྱམས་པ་བཏང་ན་རྩ་ལྟུང་དུ་འགྱུར་རོ། །དེ་ཡང་རྩ་ལྟུང་ལྔ་པ་ལ་ཀུན་དཀྲིས་ཆེན་པོའི་ཡན་ལག་ཚང་མི་དགོས་པར་གསུངས་པ་ལྟར་ན་འདིར་ཡང་མི་དགོས་པ་འདྲ་སྙམ་སྟེ་རིགས་པ་མཚུངས་ཀྱང་བརྟག་གོ། །
རྩ་ལྟུང་ལྔ་པ་ནི། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་པས་ཀུན་དཀྲིས་ཀྱི་ཡན་ལག་ཚང་མི་དགོས་པར་གཞན་ཕན་བྱང་ཆུབ་ཀྱི་སེམས་དོར་ན་རྩ་ལྟུང་དུ་འགྱུར་རོ། །འདི་ལ་སྨོན་འཇུག་གཉིས་ལས་འཇུག་སེམས་ཀྱིས་ཁྱབ་པར་སྔགས་གསར་མ་པ་བཞེད་ལ། ལོ་ཆེན་དྷརྨ་ཤྲཱིའི་སྡོམ་ཊིཀ་ལས། བསྐྱེད་རིམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་སྨོན་སེམས་བཏང་བ་དང་། དེ་མ་བཏང་ནའང་འཇུག་པའི་རྩ་ལྟུང་ཐུན་མོང་པ་སྤྱད་པས་འཇུག་སེམས་བཏང་བ། སྤྱི་དང་ཁྱད་པར་གསང་དབང་གི་ལམ་པས་སྐྱུག་བྲོ་བའི་དབང་གིས་ཐབས་ཤེས་ཀྱི་ཁུ་ཁྲག་སྤང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་པས་གསང་དབང་བསྐུར་པའི་རྫས་དང་། བདུད་རྩི་རིལ་བུ་སྒྲུབ་པའི་ཆེད་སོགས་གནང་བའི་སྐབས་བདུན་མ་ཡིན་པར་མི་འགྱུར་བའི་བདེ་བ་ལ་མ་དད་ཅིང་། ཞུ་བདེ་འགྱུར་མེད་ལ་དགོས་མེད་དུ་བསམ་ནས་འདོད་ཆགས་པས་བསླབ་པ་ཁྱད་གསོད་ཀྱིས་བསམ་བཞིན་དུ་ཁུ་བ་འབྱིན་པས་ནོར་བུའི་ཕྱིར་ལྟུང་ན་རྩ་ལྟུང་ལྔ་པའོ། །དེ་ལ་གནང་བའི་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་བརྒྱུད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་པ་ལྟར་རོ་གསུངས།
རྩ་ལྟུང་དྲུག་པ་ནི། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པས་མུ་སྟེགས་ཀྱི་གྲུབ་མཐར་བཤད་པའི་དཀར་ཆོས་རྣམས་ཀྱང་ལམ་གྱི་རྟེན་མཐོ་རིས་སྒྲུབ་པས། ངན་འགྲོ་ལས་ངེས་འབྱུང་གི་ལམ་འཚོལ་བའི་ཕྱིར་དང་། ནང་པ་སངས་རྒྱས་པ་ལས་ཉན་རང་གི་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ལ་ཞུགས་པ་དང་། མཐའ་གཉིས་ལས་ངེས་པར་འབྱུང་བའི་ལམ་ཆེན་པོར་ཞུགས་པ་ཐེག་ཆེན་ཕ་རོལ་དུ་ཕྱིན་པ་སྟེ། དེ་ཐམས་ཅད་ཀྱང་གསང་སྙིང་ལས། ཐེག་པ་བཞི་ཡི་ངེས་འབྱུང་བ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སྔགས་ཀྱི་ཐེག་པའི་ལམ་སྟེགས་སུ་འགྱུར་བའི་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར། ཐེག་པ་གོང་མ་ལ་དྲངས་པའི་ཆེད་སོགས་མ་ཡིན་པར། ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་མཆོག་དམན་དུ་བཟུང་སྟེ། སྡང་སེམས་ཀྱིས་སྨད་ན་རྩ་ལྟུང་དུ་འགྱུར་རོ། །
རྩ་ལྟུང་བདུན་པ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་པས། སྣོད་ཀྱིས་མ་སྨིན་པ་ལོག་ལྟ་ཅན་དང་། ཆོ་ག་མ་བྱས་པའི་མ་སྨིན་པ་བུམ་དབང་མ་ཐོབ་པ་དང་། ཆོ་ག་མ་རྫོགས་པས་མ་སྨིན་པ་མཆོག་དབང་གསུམ་མ་ཐོབ་པ་དང་། ཉམས་པས་མ་སྨིན་པ་རྩ་ལྟུང་བྱུང་ནས་འགྱོད་པའི་ཕྱིར་མི་འཆོས་པ་དང་། ཟབ་མོས་འཇིགས་པ་ཉན་རང་སོགས་དབང་པོ་མ་སྨིན་པས་ཟབ་དོན་ལ་སྐྲག་པ་སྟེ། དེ་ལྟར་ཡུལ་རྣམ་པ་ལྔ་ལ་འདུལ་བའི་དུས་དང་བསྟན་བྱ་དེ་ལ་ལྟོས་པའི་སྣོད་ཀྱི་སྐབས་མ་ཡིན་པར་ཀུན་དཀྲིས་ཆེན་པོ་ཚང་བའི་སྒོ་ནས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫས་དང་སྤྱོད་པ་དང་ཆོས་ཟབ་མོའི་དོན་གྱི་གསང་བ་བསྒྲགས་པ། དེས་ཀྱང་གོ་བཞིན་མ་དད་པ་སྐྱེས་ན་རྩ་ལྟུང་དུ་འགྱུར་ལ། ཡུལ་དེ་སྔགས་ལ་ཞུགས་པ་ཡིན་ཡང་། རྒྱུད་སྡེ་གོང་མའི་དབང་མ་ཐོབ་ན། དེའི་ཐུན་མོང་མ་ཡིན་པའི་གསང་སྒྲོག་གི་ཡུལ་དང་། བུམ་དབང་ཐོབ་ཀྱང་གསང་དབང་མ་ཐོབ་ན་གསང་དབང་གི་གསང་སྒྲོག་གི་ཡུལ་དང་། བདེ་མཆོག་གི་དབང་ལྟ་བུས་སྨིན་ཀྱང་། སྙིང་ཐིག་གི་དབང་མ་ཐོབ་ན་དེའི་ཐུན་མོང་མ་ཡིན་པའི་གསང་སྒྲོག་གི་ཡུལ་དུ་འགྱུར་རོ། །གསང་བ་ནི་སྐབས་གང་ཡིན་གྱི་ཟབ་དོན་ཁྱད་པར་ཅན་དང་འབྲེལ་བའམ་སྟོང་ཉིད་ཀྱི་གསང་བ་མིན་ན་རྩ་ལྟུང་དུ་མི་འགྱུར་རོ། །ཞེས་བཞད་པའི་རྡོ་རྗེས་གསུངས་སོ། །
རྩ་ལྟུང་བརྒྱད་པ་ནི། ཕུང་པོ་སངས་རྒྱས་མངའ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་པས། ཕུང་པོ་སངས་རྒྱས་ལྔའི་རང་བཞིན་རིགས་ལྔའི་སངས་རྒྱས་ཡིན་པ་ལྟར། དབང་དུས་སུ་ངོ་སྤྲད་ནས་དེ་འདོད་ཡོན་གྱིས་མཉེས་པར་མཆོད་པས་རྟེན་བདེ་བར་འཕེལ། དེས་བརྟེན་པ་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་པ་ལས། ཀུན་དཀྲིས་ཆེན་པོའི་སྒོ་ནས་ཕུང་པོ་ཀུན་འབྱུང་གི་གཙོ་བོར་བཟུང་སྟེ། ལྷའི་ཁྱད་པར་དུ་སྒྲུབ་པ་སོགས་ཀྱི་དགོས་པ་མེད་པར་རང་ལུས་མི་གཙང་ངོ་ཞེས་ངག་གིས་སྨད་ཅིང་། སེམས་ཀྱིས་དེ་ལྟར་བཟུང་ནས་བརྙས་པའམ། ཡན་ལག་གཅོད་པ་སོགས་ཀྱི་དཀའ་སྤྱད་ཕུང་པོ་ཉམ་ཐག་ཕྱིར་ཟས་གཅོད་པ་སོགས་དཀའ་ཐུབ་ཀྱིས་གདུངས་པར་བྱས་པ་དང་། རང་སྲོག་གཅོད་འདོད་སྐྱེས་པ་གང་རུང་གི་ཚེ་ན་རྩ་ལྟུང་དུ་འགྱུར་རོ། །
རྩ་ལྟུང་དགུ་པ་ནི། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་པས། ཕྱག་རྫོགས་དབུ་སེམས་ཀྱི་ལུགས་ཀྱི་སྟོང་ཉིད་གང་ཡང་རུང་བའམ། ཁྱད་པར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་དབྱེར་མི་འབྱེད་པའི་ཟུང་འཇུག་འོད་གསལ་བྱང་ཆུབ་ཀྱི་སེམས་བདེར་གཤེགས་སྙིང་པོ་གདོད་མའི་གནས་ལུགས་སུ་བཞུགས་པར་བཤད་པ་ནི་ལམ་ལ་བཀྲི་བའི་ཆེད་དུ་སྤྲོ་བ་བསྐྱེད་པས། དོན་ལ་དེ་ལྟར་མ་ཡིན་ནོ་སྙམ་དུ་ཐེ་ཚོམ་ཟ་བས་ཡིད་མ་ཆེས་ཏེ་མ་དད་ན་རྩ་ལྟུང་དུ་འགྱུར་རོ། །འདི་ཡང་དེང་སང་རྫོགས་ཆེན་གྱི་གཞུང་ལ་སྡང་བ་རྣམས་དང་། དབུ་མ་པར་སྨྲ་ཡང་རྣམ་རིག་པ་སོགས་ལ་སྡང་བའི་གང་ཟག་རྣམས་ལ་འབྱུང་ཉེའོ། །ཞེས་བཞད་པའི་རྡོ་རྗེས་གསུངས།
རྩ་ལྟུང་བཅུ་པ་ནི། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་བར་འདོད། །ཅེས་པས། སྤྱིར་བསྟན་པ་ལ་གནོད་པའི་དཀོན་མཆོག་གསུམ་གྱི་སྐུ་དགྲ་དང་། ཁྱད་པར་བླ་མའི་སྐུ་དགྲ་དང་། སྔགས་ཀྱི་དམ་ཚིག་ཉམས་ནས་གསོ་བར་མི་བྱེད་པ་དང་། སྔགས་ཀྱི་ཐེག་པར་ཞུགས་པ་ལས། ཕྱིར་ལོག་སྟེ་སྤོང་བ་དང་། བླ་མ་དང་མཆེད་ལ་ཞེ་སྡང་བས་འཁུ་བ་དང་། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་རྐུ་ཐབས་ཀྱི་འདུས་པའི་ནང་དུ་འོང་བ་དང་། སེམས་ཅན་ཡོངས་ལ་གནོད་པའི་ལས་བྱེད་པ་དང་། དམ་ཚིག་དང་ལྡན་པའི་དགྲར་གྱུར་པ་དང་། མི་དགེ་བའི་ལས་འབའ་ཞིག་ལ་འཇུག་པའི་སྤྱོད་པ་ངན་པའི་ངང་ཚུལ་ཅན་དེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དང་། སྡུག་བསྔལ་དངོས་ལ་སྤྱོད་པ་ངན་སོང་གསུམ་པོ་གཅིག་ཏུ་བསྡོམས་པས་བཅུ་པོ་དེ་དག་གང་ཟག་གཅིག་ལ་མི་ཚང་བས་མི་འཐད་དམ་སྙམ་ཡང་། དམ་ཚིག་གི་སྐབས་སུ་འདི་དག་ཡིན་པར་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་བཤད་པའི་ཕྱིར་དེ་ལྟར་བསྒྲལ་བའི་ཞིང་དུ་གྱུར་པ་དེ་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་ནུས་བཞིན་དུ་ཡལ་བར་དོར་ནས་མི་སྒྲོལ་བ་དང་། དེ་ལས་ཀྱང་བླ་མ་དང་བསྟན་འགྲོར་འཚེ་བའི་གདུག་པ་ཅན་དེ་དག་ལོག་པའི་སྲེད་པས་རང་གི་མཛའ་བོར་བྱས་ནས་ལུས་ངག་གང་རུང་གིས་བྱམས་པར་བྱེད་པ་དང་། འཕྲལ་དུ་བཟོད་པ་བསྒོམ་ན་རྩ་ལྟུང་དུ་འགྱུར་རོ། །དེར་མ་ཟད་གཡོ་སྒྱུའི་བྱམས་པ་ལྟར་སྟོན་པ་ཁ་འཇམ་ལ་ཞེ་གདུག་པར་བྱེད་ནའང་རྩ་ལྟུང་དུ་འགྱུར་བར་དུས་འཁོར་ལས་བཤད། ཅེས་གསུངས་སོ། །དེ་ཡང་ལུས་ངག་གིས་བྱམས་པ་མི་བྱེད་པ་ལས། སེམས་ཀྱིས་མི་བྱམས་པ་མ་ཡིན་ཏེ། ཞིང་བཅུ་ཚང་བའི་དགྲ་བོ་ལ་མངོན་སྤྱོད་བྱེད་པའི་ཚེ་རྒྱུའི་ཀུན་སློང་དུ་ལྷག་པར་བརྩེ་བ་ངེས་པར་དགོས་ཤིང་། གལ་ཏེ་ཡིད་ཀྱི་བྱམས་པ་སྤང་ན་རྩ་ལྟུང་བཞི་པར་འགྱུར་བའི་ཕྱིར་རོ། །
རྩ་ལྟུང་བཅུ་གཅིག་པ་ནི། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་པས། རང་ལྟ་བ་མཐར་ཐུག་ཏུ་འདོད་པའི་དབུ་སེམས་ཕྱག་རྫོགས་སོགས་གང་རུང་གི་ལྟ་བ་རྙེད་ནས་སྐྱོང་དུ་ཡོད་བཞིན་དུ། མ་བསྒོམ་པར་ཉིན་ཞག་གཅིག་འདས་ན་རྩ་ལྟུང་དུ་འགྱུར་རོ། །རྗེ་བཞད་པའི་རྡོ་རྗེས། འདི་ལ་ཆེན་པོ་དག་མིང་སོགས་མཚན་མ་དང་བྲལ་བའི་དོན་དམ་བདེན་པ་ལ་ཐེ་ཚོམ་ཟ་བའི་རྟོག་གེའི་རིགས་པས་དངོས་པོའམ། དངོས་མེད་གང་རུང་དུ་སྒྲོ་འདོགས་པས་རྟོག་ཅིང་ཞེན་ན་རྩ་ལྟུང་ངོ་། །ཞེས་སྟོང་ཉིད་ཁྱད་པར་བ་ཞིག་དགོས་པར་གསུངས་ནའང་། དེ་ལྟར་ན་འཕགས་ཡུལ་དུ་སེམས་ཙམ་པའི་རིག་པ་འཛིན་པ་ཆེན་པོ་ཡང་མང་དུ་བྱུང་བ་དེ་ཐམས་ཅད་རྩ་ལྟུང་གིས་གོས་པར་འགྱུར་བའི་དགག་བྱ་ཆེའོ། །ཞེས་གསུངས་སོ། །
རྩ་ལྟུང་བཅུ་གཉིས་པ་ནི། སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་པས། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ལ་དང་བ་དང་འདོད་པ་ཡིད་ཆེས་ཀྱི་དད་པ་གསུམ་དང་ལྡན་པའི་ཆོས་འདོད་ཅིང་སྦྱིན་དུ་རུང་བ་ལ་མི་སྟེར་བ་ལྟ་བུ། དེའི་དོན་བྱེད་ནུས་ཀྱང་མི་བྱེད་པས་སམ། དེ་འདྲའི་དད་འདུན་ལྡོག་འདོད་ཀྱི་བསམ་པས་ལྡོག་ཐབས་གང་ཡང་རུང་བ་བགྱིས་པ་སྟེ་དེའི་རྐྱེན་གྱིས་དད་འདུན་ལོག་པ་ན་རྩ་ལྟུང་དུ་འགྱུར་རོ། །དཔེར་ན་ནང་དགོས་པ་ཁྱད་པར་ཅན་མེད་པར་གང་ཟག་གཅིག་ཕྱག་ཆེན་ལ་མོས་ཤིང་དད་པ་དང་ལྡན་ཞིང་འདུན་པར་བྱེད་པའི་ཡིད་རང་གི་ཕྱོགས་རིས་ཀྱིས་དེ་ལས་ལྡོག་ནས་རྫོགས་ཆེན་དུ་བཅུག་པ་ལྟ་བུའོ། །
རྩ་ལྟུང་བཅུ་གསུམ་པ་ནི། དམ་ཚིག་ལ་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་པས། སྔགས་ཀྱི་སྤྱོད་པའི་དུས་སུ་ཚོགས་འཁོར་དཔའ་བོ་དཔའ་མོའི་སྟོན་མོ་གང་རུང་གི་ཚེ་དང་དེའི་བརྟེན་པ་སྐབས་སུ་བབ་པའི་དམ་ཚིག་གི་རྫས་རྡོར་དྲིལ་གོས་རྒྱན་སོགས་བཅིང་བའི་ཡོ་བྱད་དང་། ཕྱི་ནང་གི་ཤ་ལྔ་བདུད་རྩི་ལྔ་ཆང་སོགས་བཟའ་བཏུང་གི་ལོངས་སྤྱོད་དང་། བྲོ་གར་གླུ་ཚིག་རིག་མ་སོགས་སྤྱོད་པ་དུས་ཚོད་འབྲེལ་ཀྱང་ཉན་ཐོས་ཀྱི་བརྟུལ་ཞུགས་ལ་འཆེལ་བ་ལ་སོགས་པའི་ཐེ་ཚོམ་ཟ་བའམ། མི་གཙང་བ་དང་ཉེས་དམིགས་ཀྱི་བསམ་པས་མི་བརྟེན་ཅིང་། སྤང་ན་རྩ་ལྟུང་དུ་འགྱུར་རོ། །
རྩ་ལྟུང་བཅུ་བཞི་པ་ནི། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པས། རྡོ་རྗེ་ཕག་མོ་སོགས་ཀྱི་སྤྲུལ་པའི་བུད་མེད་དམ། ཐ་མལ་གྱི་བུད་མེད་བཞི་ཡན་ཆད་གང་རུང་དང་སྤྱོད་པའི་དུས་ཡིན་ན་རང་གིས་བརྟེན་བྱར་འགྱུར་ངེས་ལ་ལྟོས་པའི་ཤེས་རབ་ཆོས་འབྱུང་གི་རང་བཞིན་ཅན་དེ་དག་ལ་སྐྱོན་འདོགས་ཀྱི་བསམ་པ་དངོས་སམ་ལྐོག་ཏུ་ཞེ་ཐག་པ་ནས་སྙིང་ཚིམ་པས་བརྙས་ཐབས་དང་། སྨོད་ཚིག་བརྗོད་པ་ལས་སྤྲུལ་པ་ཡིན་ན་དེ་ཉིད་ཀྱིས་གོ་མ་གོ་ལ་མ་ལྟོས་པར་བརྗོད་པ་ཙམ་དང་ཡུལ་ཐ་མལ་པ་ཡིན་ན་བུད་མེད་སྤྱི་ལ་སྨོད་ཚིག་ཏུ་འགྲོ་བའི་སྐྱོན་བརྗོད་ནས་གཞན་གྱིས་གོ་ནས་ཞེས་པའང་འདུག་ལ། ངེས་པར་སྨོད་པའི་བུད་མེད་དེས་གོ་སྟེ་ཡིད་འཁྲུག་ན་རྩ་ལྟུང་དུ་འགྱུར་རོ། །དེ་ཡང་འདིར་ཡུལ་གྱི་བུད་མེད་བླ་མེད་ཀྱི་སྡོམ་ལྡན་མིན་པའི་དབང་དུ་བྱས་ཀྱི་སྔགས་སྡོམ་དང་ལྡན་པའི་བུད་མེད་ནི་རང་གི་བླ་མའམ་སྤུན་ལས་མི་འདའ་བའི་ཕྱིར་སྨད་ན་རྩ་ལྟུང་དང་པོ་དང་གསུམ་པ་བཅུ་བཞི་པ་གསུམ་པོར་འགྱུར་བའི་ཕྱིར་རོ། །རྩ་ལྟུང་འདི་དག་གི་ངོས་འཛིན་ལ་དམིགས་གསལ་འགའ་རེ་མ་གཏོགས་རྒྱུད་སྡེ་འོག་མ་རྣལ་འབྱོར་རྒྱུད་དང་འདི་གཉིས་འདྲའོ། །
དེ་ལྟར་རྩ་ལྟུང་བཅུ་བཞི་ལས། བཞི་པ་བྱམས་པ་འདོར་བ་དང་། ལྔ་པ་བྱང་སེམས་འདོར་བའི་རྩ་ལྟུང་གཉིས་ཀ་མ་གཏོགས་གཞན་ཐམས་ཅད་ལ་ཀུན་དཀྲིས་ཀྱི་ཡན་ལག་བཞི་མ་ཚང་ན་ཉེས་ལྟུང་བསྐྱེད་པ་ཙམ་ལས་རྩ་ལྟུང་དངོས་སུ་མི་འགྱུར་ལ། ཡན་ལག་བཞི་ནི། རྩ་ལྟུང་དུ་འགྲོ་རྒྱུའི་ཉེས་སྤྱོད་རྣམས་སྤྱད་ཅིང་། ད་དུང་སྤྱོད་འདོད་ཀྱི་འཆབ་སེམས་ཡོད་པ་ནི། ཡན་ལག་དང་པོ། ཉེས་པ་དེ་སྤྱོད་པ་ལ་རང་ལ་ལྟོས་པས་ངོ་ཚ་དང་། གཞན་ལ་ལྟོས་པས་ཁྲེལ་ཡོད་ཆུང་ངུ་ཙམ་དུ་ཡང་མ་སྐྱེས་པ་ནི་ཡན་ལག་གཉིས་པ། བྱ་བ་དེར་འཇུག་པ་ལ་དགའ་ཞིང་མགུ་བ་ནི་ཡན་ལག་གསུམ་པ། བྱ་བ་དེ་བྱེད་པ་ལ། འདི་བྱས་པ་ལ་སྐྱོན་མེད་སྙམ་པའི་ཡོད་མེད་ཀྱི་རྟོག་དཔྱོད་གང་ཡང་མ་བྱུང་ཡང་ཉེས་དམིགས་སུ་མི་ལྟ་བ་ནི་ཡན་ལག་བཞི་པ་སྟེ། བཞི་པོ་དེ་ཚང་ན་ཀུན་དཀྲིས་ཆེན་པོ་ཚང་བའོ། །དེ་བཞི་ཀའི་ཀྱང་ཕྱི་མ་ཤིན་ཏུ་ཐུ་བ་སྟེ། ཕྱི་མ་ཉེས་དམིགས་སུ་མི་ལྟ་བ་མེད་ན་སྔོན་མ་གསུམ་འཛོམ་ཡང་ཀུན་དཀྲིས་ཆུང་ངུར་བརྗོད། སྔོན་མ་གསུམ་མེད་པར་ཕྱི་མ་གཅིག་པུ་ཡིན་ཀྱང་ཀུན་དཀྲིས་འབྲིང་དུ་འཇོག་གོ། །གལ་ཏེ་རྩ་ལྟུང་གི་རྒྱུ་རྣམས་བསྲུང་མ་ཐུབ་པར་སྤྱོད་དགོས་པ་བྱུང་ཡང་། འདི་སྤྱད་པ་ལ་ཉེས་པ་འདི་འབྱུང་སྙམ་པའི་ངེས་ཤེས་ཡོད་པ་ན་རྩ་ལྟུང་མི་སྐྱེ་བས་རྩ་ལྟུང་ངོ་ཤེས་པ་གཅིག་གོ་ལ་ཡང་དགོས་པ་ཁྱད་པར་ཅན་ཡོད་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་ཡན་ལག་བཞི་པོ་དེ་ཀུན་སློང་ཁོ་ན་ལ་ལྟོས་ནས་བཤད་ཀྱི། ལྟུང་བ་རྫོགས་པར་བསྐྱེད་པ་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ཀ་ཚང་དགོས་ཏེ། དེ་ཡང་གང་ལ་ལྟུང་བ་འབྱུང་བའི་ཡུལ་སོགས་ཚང་བ་གཞིའི་ཡན་ལག་དང་། དེ་ཡིན་ལ་དེར་འདུ་ཤེས་ཤིང་ཀུན་དཀྲིས་ཆེན་པོ་ཚང་བའི་ཡན་ལག་དང་སྤུན་ལ་ཁྲོས་པ་ལྟ་བུའི་ལུས་ངག་གི་སྦྱོར་བ་ཞུགས་པའི་སྦྱོར་བའི་ཡན་ལག །སྒོ་གསུམ་གང་གིས་གྲུབ་པའི་ལས་སམ་རྫོགས་པར་སྤྱད་པ་མཐར་ཐུག་པ་སྟེ། རང་ཉིད་སྔགས་སྡོམ་དང་ལྡན་པ། མྱོས་པ་ལ་སོགས་པས་ཐོབ་བློ་མ་སྐྱེས་པ་མཐར་ཐུག་མ་ཡིན་པར་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་བཞི་ལྡན་ནམ། ཡང་ན་ཡན་ལག་བདུན་ལྡན་ཏེ་ཀུན་སློང་ཉོན་མོངས་པ་དྲག་པོས་བསླད་པ་དང་། གང་ལ་བརྟེན་ནས་དམ་ཚིག་དང་འགལ་བར་འགྱུར་བའི་ཡུལ་དེ་ལ་དེར་ཤེས་པ་དང་། རྩ་ལྟུང་བཅུ་བཞི་ལས་ལྔ་པ་ཁྱད་པར་པ་ཀུནྡ་འདོར་བ་ལྟ་བུ་ལུས་ཀྱི་སྦྱོར་བའི་གྲོགས་ལ་ལྟོས་པས་བྱ་བ་དེ་ཟིན་པ་དང་། བདུན་པ་གསང་སྒྲོགས་ལྟ་བུ་ངག་གི་སྦྱོར་བའི་གྲོགས་ལ་ལྟོས་པས་བརྗོད་ཅིང་། དེ་ཕ་རོལ་གྱིས་གོ་ན་དངོས་གཞི་སྟེ་རྩ་ལྟུང་དུ་གྲུབ་པ་དང་། དགུ་པ་ལྟ་བུ་ཡིད་ཀྱིས་འགྲུབ་པ་རྣམས་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབས་པར་ཐུན་ཚོད་ཀྱིས་བར་ཆོད་པ་དང་འདུ་ཤེས་མ་འཁྲུལ་བས་སྤྱད་པ་དང་། དེས་མགུ་བས་འགྱོད་པ་མེད་པས་དང་། བཤགས་ཚད་རང་རང་གི་དུས་ལས་འདས་པ་སྟེ། དེ་ལྟར་ཡན་ལག་བདུན་ཚང་བར་སྤྱད་ན་སྔགས་སྡོམ་གཏོང་བས། ཤིན་ཏུ་ལྕི་ཞིང་། མི་མཐུན་ཕྱོགས་ཀྱི་གཉེན་པོ་བཅོམ་པས་ཕམ་པ་ཞེས་བརྗོད་དོ། །ཡང་རྩ་ལྟུང་གང་རུང་གཉེན་པོ་དང་སྦྲེལ་ནས་སྐྱེས་པ་ལྟ་བུ་དངོས་གཞི་མ་ཚང་ཞིང་མ་བཤགས་པར་ཐུན་ཚོད་འདས་ན་ལྟུང་བ་ཞེས་བརྗོད་དོ། །སོ་ཐར་གྱི་དགེ་འདུན་ལྷག་མ་ལྟར་ཕམ་པའི་འོག་ནས་ལྕི་བའོ། །དེ་བཞིན་དུ་རིམ་པས་ཉེས་པ་དམན་པ་སྟེ་ཕམ་པའི་སྡེར་གཏོགས་ཡན་ལག་མི་ཚང་བ་ཉོན་མོངས་པ་ཅན་གྱི་སྦོམ་པོ་ཡན་ལག་གི་ལྟུང་བ་གཞན་ཐམས་ཅད་ནི་ལྟུང་བྱེད་དང་ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོ་རྣམས་ནི་ཉེས་བྱས་དང་འདྲའོ། །གལ་ཏེ་རྡོ་རྗེ་མཆེད་ལ་ཕན་སེམས་ཀྱིས་ཁྲོས་པ་ལྟ་བུ་ནི་ལྟུང་བའི་གཟུགས་བརྙན་ཏེ། དོན་ལ་ལྟུང་བ་མེད་དོ། །ཡང་དེ་དག་ཀུན་ལ་རང་ཉིད་ན་བ་དང་། དབང་པོ་དང་དྲན་པ་ཉམས་པ་དང་། བྱ་བ་གཞན་དོན་དེ་བས་ཆེ་བར་འབྱུང་བ་དང་། གཞན་དུ་འགྱུར་བའམ། དོན་ཆེན་པོ་མཐོང་བ་དང་། སྐྱེ་བ་མེད་པའི་དོན་བསྟན་པ་དང་། གཞན་དྲངས་པ་སོགས་ཀྱི་དགོས་པ་ལྡན་པ་དང་། རྟོགས་གོམས་ཀྱི་ནུས་པ་རྙེད་པ་དང་། ལྷག་པའི་ལྷ་ལྟ་བུ་ཡུལ་ཁྱད་པར་ཅན་གྱི་གནང་བ་ཐོབ་པ་དང་། བཀའ་བསྒོ་བ་སྟེ། བླ་མའི་ལུང་དང་། སྲོག་གི་བར་ཆད་འབྱུང་བ་ལས་ཉེས་མེད་དུ་བསྟན་ཏེ། སྙིང་པོ་རྒྱན་ལས། ན་དང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བསྟན་པ་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་གསུངས།

(རྩོམ་ཡིག་འདི་ནི་རེབ་ཀོང་སྔགས་མང་གི་མཁས་ཤིང་གྲུབ་པའི་དབང་ཕྱུག་མག་གསར་ཀུན་བཟང་སྟོབས་ལྡན་དབང་པོས་བརྩམས་པའི་ཕུར་པའི་རྣམ་བཤད་ཧེ་རུ་ཀ་དཔལ་བཞད་པའི་ཞལ་ལུང་ཞེས་པའི་བསྟན་བཅོས་ཆེན་པོ་ལས་ཁོལ་དུ་ཕྱུང་བ་ཡིན།)

47.2K