༄༅། །ཀརྨ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་པ་རྣམས་ལ་དྲི་བའི་ཆབ་ཤོག་གནང་བའི་དྲིས་ལན་ལུང་དང་རིགས་པའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །༤

ཡང་། རྒྱ་གར་ན་ཡོད་ན་ཁྲི་སྲོང་ལྡེའུ་བཙན་གྱི་གོང་དུ་ཡང་འགྱུར་དགོས་ལ། ཕྱིས་ཀྱང་འགྱུར་དགོས་ཤིང་། དེ་དུས་ན་ཡང་རྒྱུད་རེ་རེ་ལ་ལོ་པཎ་རེ་རེས་འགྱུར་བྱེད་བྱས་ལ། རྒྱུད་གཅིག་ལ་འགྱུར་བྱེད་ཀྱི་ལོ་པཎ་ནང་མཐུན་པར་བྱུང་བ་བཤད་པ་མི་འདུག་པས་འདི་དག་ལོ་པཎ་ཐ་དད་ཀྱི་བརྩམས་རྒྱུད་ཡིན་ངེས་སུ་སྣང་ན་བརྩམས་རྒྱུད་མ་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད།

ཅེས་གསུངས་པ་ལ། དེ་ནི་ཧ་ཤང་སུན་ཕྱུང་བའི་རྗེས་སུ་རྒྱལ་པོའི་བཀས་བཅད་དེ། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས། སྤྱོད་པ་འདུལ་བ། རྒྱུད་སྡེ་འོག་མ་གསུམ་ལ་བསྟེན་པར་གནང་། བླ་མེད་ཀྱི་རྒྱུད་སྡེ་རྣམས་རེ་ཞིག་འགོག་པའི་ཟོལ་གྱི་གསང་ནས་བསྒྱུར་ཅིང་སྤྱོད་པ་ཡིན་ཏེ། དེའི་རྒྱུ་མཚན་གྱིས་འཕང་ཐང་མ་དང་ལྡན་དཀར་མ་ལ་སོགས་པའི་དཀར་ཆག་ཏུ། གསང་བ་འདུས་པ་དང་། བདེ་མཆོག་དང་། དགྱེས་རྡོར་ལ་སོགས་པའི་རྒྱུད་རྣམས་ཀྱང་མ་ཐེབས་པ་ཡིན་ལ། རྒྱུད་གཅིག་ལ་ལོ་པཎ་ནང་མཐུན་མ་བྱུང་བ་བརྩམས་རྒྱུད་ཡིན་པའི་གཏན་ཚིགས་སུ་འཇོག་ན། ཁ་ཆེ་ཟླ་མགོན་གྱི་དྲི་མེད་འོད་ཀྱི་ཡེ་ཤེས་ལེའུ། དོན་དམ་བསྙེན་པ། བཀའ་འགྲེལ་པདྨ་ཅན། ཇོ་བོ་ཆེན་པོའི་རང་འགྱུར་འགའ་ཞིག །པཎྜི་ཏ་སྨྲི་ཏི། འཕྲ་ལ་རིང་བ། བི་བྷཱུ་ཏི་ཙནྡྲ་ལ་སོགས་པའི་རང་འགྱུར་མང་པོ་དང་། ཀུན་མཁྱེན་བུས། དབང་མདོར་བསྟན་གྱི་དཀའ་འགྲེལ་སུམ་བརྒྱ་དྲུག་ཅུ་པ། དེའི་དཀའ་འགྲེལ་ཡིད་བཟང་རྩེ་བས་བསྒྱུར་བ། སྤང་ལོས་བཤད་སྦྱར་མི་གཡོ་སྣང་བ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། རྡོ་རྗེ་ས་འོག །གསང་བ་རྒྱན་གྱི་རྒྱུད་གསུམ་སུ་ག་ཏ་ཤྲཱི་དང་། ས་པཎ་གྱི་འགྱུར་དང་། ཀུན་མཁྱེན་བུས་གཤེད་དམར་གྱི་རྒྱུད་གསུམ་ལ་སོགས་པ་མང་པོ་དང་། ཀྲྀ་ཡ་ས་མུ་ཙྪ་པཎྜི་ཏ་མཉྫུ་ཤྲཱི་དང་། ས་བཟང་ལོ་ཙཱ་བ་མ་ཏིས་བསྒྱུར་བ་སོགས། དེ་དུས་ལས་སྔར་ཡང་མ་འགྱུར། ཕྱིས་ཀྱང་མ་འགྱུར་བ་དང་། ལོ་པཎ་ནང་མཐུན་པར་མ་བྱུང་བ་མང་ན། དེ་དག་ཀྱང་བརྩམས་རྒྱུད་དུ་འདོད་དམ་ཅི། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་ལོ་ཙཱ་བ་ཆེན་པོ་དེ་དག་གིས་ཆོས་ལོག་དང་རྒྱུད་བརྩམས་སོ་ཞེས་སྒྲོག་པ་ཡང་འཕགས་པ་ལ་སྐུར་བ་འདེབས་པའི་ཚིག་ཏུ་བས་སོ། །ཚུལ་འདི་ཡང་འགོས་ལོ་ཙཱ་བས། དུས་ཕྱིས་རྨ་རིན་ཆེན་མཆོག་གི་གསང་བ་སྙིང་པོ་བརྩམས་སོ་ཞེས་པ་དང་། དཔལ་འཛིན་གྱིས། རྨ་བན་རིན་ཆེན་མཆོག་ཅེས་པས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་གསན་ནས་བཙལ་བའི་ཚེ། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲགས། །ཞེས་པ་དང་། འགོས་ལོས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཞེས་སོགས་ཀྱི་ཚིག་ལ་བསྟན་པ་ཙམ་ཡིན་གྱི་ཁུངས་ཐུབ་པའི་རྒྱུ་མཚན་གཞན་ཅི་ཡང་མེད་དེ། རྨ་རིན་ཆེན་མཆོག་གིས་བོད་དུ་གསང་བ་སྙིང་པོའི་རྒྱུད་བརྩམས་པ་ཡིན་ན། དེའི་སྔོན་དུ་རྒྱ་གར་དུ་སློབ་དཔོན་སྣ་ཚོགས་བཤེས་གཉེན་གྱིས་མཛད་པའི་གསང་འདུས་ཀྱི་འགྲེལ་བར་གསང་བ་སྙིང་པོའི་རྒྱུད་ཀྱི་ལུང་འདྲེན་འོང་དོན་མེད་པའི་ཕྱིར་དང་། ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་བོད་དུ་བརྩམས་པའི་ཆོས་ལོག་དྲི་མ་ཅན་ཡིན་ན། སངས་རྒྱས་མཉམ་སྦྱོར་གྱི་རྒྱ་འགྲེལ་དུ་དེ་ལ་བསྐྱེད་རྫོགས་རྣམ་པ་གསུམ་དུ་ཕྱེ་སྟེ་དང་པོ་རྒྱུད་ཀྱི་རྣམ་གྲངས་བཅོ་བརྒྱད་དུ་གསུངས་པ་ལས། ཞེས་པ་རྙིང་མ་ལ་གྲགས་པ་དང་ཁྱད་པར་མེད་པ་དང་། གཞན་ཐམས་ཅད་ཀྱང་འདི་དང་འདྲ་ན་ཅིའི་ཕྱིར་ཁྱེད་རྣམས་ལ་བརྩམས་རྒྱུད་ཡིན་པའི་གཏན་ཚིགས་ཡོད་ན་གསལ་བར་བསྟན་དགོས་སོ་ཞེས་གསོལ་བ་ལགས། (མུ་འགོད།)

47.2K