སྔགས་འཆང་སྒྱུ་རྩལ་པ་གསེར་བྲག་དོན་གྲུབ་ཚེ་བརྟན།

  གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ནི། སྤྱི་ལོ་གཅིག་དགུ་དོན་བཞི་ལོར་མཚོ་སྔོན་ཞིང་ཆེན་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཁོངས་ཀྱི་གསེར་གཞུང་བོད་རིགས་ཡུལ་ཚོར་སྐྱེས་ལ། ཕ་མས་སྔགས་གྲལ་དུ་གཞུག་པར་དམིགས་ནས་སློབ་གྲྭར་མ་བཏང་། རང་ལོ་དགུ་པ་ཙམ་དུ་བྲག་དཀར་བུ་རྒྱུད་སྔགས་མང་གི་སྒྲུབ་སྡེ་ཆེན་པོ་པདྨ་ཆོས་འཕེལ་གླིང་གི་སྔགས་གྲྭར་ཞུགས། ཆུང་ངུའི་དུས་ནས་གསང་སྔགས་རྙིང་མའི་ལྟ་སྒོམ་སྤྱོད་པའི་ཤུགས་རྐྱེན་ཐེབས་པར་བརྟེན། དེ་ལས་སྒྱུ་རྩལ་གསར་གཏོད་ཀྱི་བསམ་པའི་ཁེན་ས་དང་རིག་པའི་བྱེད་སྟོབས་སོགས་འཛད་མཐའ་མེད་པ་ཐོབ། ཁོང་གི་བསམ་པར་རྫོགས་པ་ཆེན་པོ་ནི་ཆོས་ལུགས་ཙམ་མ་ཡིན་པར་ནམ་མཁའ་ལྟར་རྒྱ་ཆེ་ཞིང་གཏིང་མི་དཔོག་པ། མཐའ་དབུས་དང་བྲལ་བ། ཚད་གཟུང་མེད་པའི་སྒྱུ་རྩལ་གྱི་གཞུང་ལུགས་ཤིག་ཏུ་ངོས་འཛིན་བྱེད། སྔགས་འཆང་ཀླུ་རྒྱལ་དོན་གྲུབ་ལགས་ཀློག་སློབ་པའི་དགེ་རྒན་དུ་བསྟེན་པ་ནས་རིམ་པར་རི་མོ་འབྲི་བ་ལ་བརྟེན་ནས་ཕྱོགས་ཀྱི་རྒྱལ་ཁམས་ཉུལ། ས་གར་བསྡད་དུ་དགེ་རྒན་རེ་བསྟེན་ནས་གནའ་དེང་གི་རིག་གནས་སྤྱི་ལ་ཐོས་བརྩོན་ཅུང་ཟད་དང་མཁན་སྤྲུལ་བཅུ་ཕྲག་ལྷག་ལས་གསར་རྙིང་བཀའ་བརྒྱུད་བཅས་པའི་དབང་ལུང་ཁྲིད་གསུམ་བཅས་པ་གང་འཚམ་ཉན་སྐལ་ཐོབ།

མགོན་པོ་ཕྱག་དྲུག་པ།
མགོན་པོ་ཕྱག་དྲུག་པ།

  རང་ལོ་བཅུ་བཞི་པར་འགག་ཚ་སེ་ཏྲི་དགོན་པའི་བླ་མ་ཡར་ཁ་རིན་པོ་ཆེ་ལྷ་སྡེའི་ནང་ཁུལ་དུ་ཇ་ཞུས་སུ་ཕེབས་སྐབས། ཁོས་རང་སྦྱོང་བྱས་ནས་བྲིས་པའི་རི་མོ་མཐོང་བས་བསྔགས་བརྗོད་དང་འབྲེལ་རི་མོ་སྦྱོང་བར་སྐུལ་མ་གནང་། དེར་མ་ཟད་ཁ་གཡང་སྨོན་འདུན་བཟང་པོ་དང་བཅས་ཐུགས་བརྩེ་བས་རྗེས་སུ་བཟུང་བས་ཡུལ་དེའི་རིག་གསར་ཚུན་གྱི་སྐྱ་བོ་ལྷ་རིས་པ་ཐོག་མར་གྱུར་ལ། ཁོང་གི་ཤུགས་རྐྱེན་ལ་བརྟེན་ནས་ས་ཕྱོགས་དེར་ལྷ་རིས་སྦྱོང་མཁན་མང་པོ་བྱུང་ཞིང་ཕལ་ཆེ་བར་སློབ་སྟོན་ཡང་བྱ་མྱོང་། བླ་མ་ཡར་ཁ་རིན་པོ་ཆེའི་མདུན་སར་སྦྱངས་པ་མཐར་ཕྱིན་རྗེས་སུ། ཁོང་གིས་རྒྱལ་ཁབ་ཕྱི་ནང་གི་གནའ་དེང་བཅས་པའི་རི་མོ་སྤྱི་ལ་རང་སྦྱོང་དང་ལག་ལེན་འདྲེས་མར་བྱས་པ་དང་། རི་མོ་བྲི་ལུགས་ཀྱི་འཆིང་རྒྱ་སྣ་ཚོགས་གཏོར་བའམ་ས་མཚམས་མང་པོ་བསྲེས་པས་རང་ལོ་སུམ་ཅུ་ཙམ་དུ་བཟོ་སྣ་མང་པོའི་བློ་སྤོབས་རྒྱས་ཤིང་གཞན་དྲིང་མི་འཇོག་པའི་ཁྱད་གཤིས་གྲུབ། སྔ་གཞུག་ཏུ། རྒྱལ་བ་སྲས་དང་བཅས་པའི་སྐུ་བརྙན་བྲིས་དྲུབ་འབུར་གསུམ་དང་གེ་སར་སྒྲུང་ཐང་། ཡིན་ཐང་། འདྲ་བརྙན། སྤྱི་མཚན་རི་མོ། དམངས་སྲོལ་རི་མོ། དྲས་དྲུབ། ཚེམ་དྲུབ། རྒྱན་སྤྲས་དང་ཨར་ལས། ལས་རྟགས་ཇུས་འགོད། ལྗོངས་རྒྱུའི་གནད་ཁུལ་སྔོག་སྤེལ། རྩོམ་ཡིག་གསར་རྩོམ་སོགས་ལ་བརྩམས་ཆོས་སྟོང་ཕྲག་གཉིས་ལོངས་ཙམ་ཞིག་གསར་གཏོད་དང་འབྲི་བཞེངས་བྱས་ལ། སློབ་བུ་བརྒྱ་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱས།

མི་ལ་རས་པ།
མི་ལ་རས་པ།

   དེ་ཡང་བརྩམས་ཆོས་གཙོ་བོ་སྐོར་ཞིག་དམིགས་བཀར་ངོ་སྤྲོད་ཞུས་ན། ༢༠༠༥ལོར་བོད་ཀྱི་རྒྱན་རིས་པ་ཏྲ་ཞེས་པ་མཚོ་སྔོན་མི་རིགས་པར་སྐྲུན་ཁང་ནས་པར་དུ་བསྐྲུན། ༢༠༠༩ལོ་ནས༢༠༡༡ལོའི་བར་རྨིད་ཆིག་སྟོང་ཉིས་བརྒྱའི་བདག་ཉིད་ཅན་གྱི༼རྗེ་ཙོང་ཁ་པའི་མཛད་རྣམ་ཞལ་ཐང་རིང་མོ༽ཡི་དབུ་ཆེན་པ་ལྔའི་ཁོངས་སུ་གདན་ཞུས་པ་ལྟར་དབུ་ཆེན་ཁོངས་སུ་ཞུགས་ནས་ཞལ་ཐང་རིང་མོ་དེར་སྤྱི་ཁྱབ་བཀོད་འདོམས་བྱས། ༢༠༡༡ལོ་ནས༢༠༡༣ལོའི་བར་རྨིད་བརྒྱ་རྩ་བརྒྱད་ཅན་གྱི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་གཏམ་རྒྱུད་ཞལ་ཐང་ལས་མཐུན་ཞེས་པ་བཟོ་རྩལ་ཕུན་སུམ་ཚོགས་པས་གྲུབ་པར་བྱས་པས་ཆེད་མཁས་པས་བསྔགས་བརྗོད་མེ་ཏོག་གཏོར། ༢༠༡༢ལོ་ནས༢༠༡༤ལོའི་བར་འཛམ་གླིང་གི་ཆེ་བའི་ཟིན་ཐོ་བརྙེས་པའི་ཙོང་ཁ་ལབ་ཙེ་ཆེན་མོ་ཇུས་འགོད་དང་བཞེང་སྐྲུན་བྱས་ཤིང་དེ་འབྲེལ་དམངས་སྲོལ་རིག་གནས་འཛམ་གླིང་སྤྱི་བསང་ལ་སོགས་བྱེ་བྲག་མང་པོ་ད་ཆའི་དབར་འཛུགས་སྐྲུན་བྱེད་མུས་སུ་མཆིས། ༢༠༡༥ལོ་ནས༢༠༡༦ལོའི་བར་ཀྲུང་གོའི་ཐང་ཀ་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་དང་གསེར་གྱི་སྒྲོལ་མ་མཐུན་གཉེར་ཁང་གིས་མངག་བཅོལ་ལྟར། མཁས་པ་འཇམ་དཔལ་རྒྱ་མཚོས་མཛད་པའི་གནས་འདི་ནི་དམར་དམག་འགྲོ་སའི་ཡུལ་ལུང་ཡིན་ཞེས་པའི་ནང་དོན་ལྟར་ཐང་ཀ་བརྒྱད་བཅུ་བཞེངས་སོ། །

རྒྱ་བཟའ་ཀོང་ཇོ།
རྨིད་བརྒྱ་རྩ་བརྒྱད་ཅན་གྱི་རྒྱ་བཟའ་བོད་དུ་ཕེབས་པའི་གཏམ་རྒྱུད་ཞལ་ཐང་རིང་མོ་ལས་མཐུན་ཞེས་པའི་ཟུར་ཞིག

  ད་ལྟ་ཁོང་ནི་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ལས་མཐུན་རིག་གནས་ལྗོངས་རྒྱུ་སྔོག་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ཁྲིམས་འཛིན་པ། མཚོ་ལྷོ་ཁུལ་དོན་གྲུབ་བོད་ཀྱི་རིག་གནས་སྒྱུ་རྩལ་སྔོག་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱིའི་སྒྱུ་རྩལ་ལྟ་སྐུལ་པ། མཚོ་སྔོན་ཙོང་ཁ་ལབ་ཙེ་རིག་གནས་ལྗོངས་རྒྱུ་སྔོག་སྤེལ་ཚད་ཡོད་ཀུང་སིའི་སྤྱིའི་ཇུས་འགོད་པ་བཅས་ཀྱི་འགན་ཁུར་ཡོད།

བྱ་རྒྱལ་ཁྱུང་ཆེན།
བྱ་རྒྱལ་ཁྱུང་ཆེན།
ཞ་ལུ་ལོ་ཙཱ་བ།
རྨིད་ཆིག་སྟོང་ཅན་གྱི་ཙོང་ཁ་པའི་རྣམ་ཐར་གྱི་ཆ་ཤས་གཅིག
དགེ་འདུན་ཆོས་འཕེལ།
དགེ་འདུན་ཆོས་འཕེལ།
ཞ་ལུའི་ལྡེབས་རིས་བཤུས་བྲིས༼ ཐུགས་ཆེན་ཕྱག་བཞི་པ༽
ཞ་ལུའི་ལྡེབས་རིས་བཤུས་བྲིས་ཐུགས་ཆེན་ཕྱག་བཞི་པ།
སེང་ལྕམ་འབྲུག་མོ།
སེང་ལྕམ་འབྲུག་མོ།
སེང་སྟག་ཨ་དོམ།
སེང་སྟག་ཨ་དོམ།
ཞིན་ཅང་ཁེ་ཙེར་སྟོང་སྐུ་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་ཁེ་ཙེར་སྟོང་སྐུ་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་གི་ཁིར་ཙི་ཀ་ཧ་དུང་དཀར་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་ཁེ་ཙེར་སྟོང་སྐུ་ཕུག་པའི་ལྡེབས་རིས་འདྲ་བཤུས།

ཞིན་ཅང་གི་ཁིར་ཙི་ཀ་ཧ་དུང་དཀར་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་ཁེ་ཙེར་སྟོང་སྐུ་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་གི་ཁིར་ཙི་ཀ་ཧ་དུང་དཀར་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཞིན་ཅང་ཁེ་ཙེར་སྟོང་སྐུ་ཕུག་པའི་ལྡེབས་རིས་འདྲ་བཤུས།
ཙོང་ཁ་ལབ་ཙེ་ཆེན་མོ།
ཙོང་ཁ་ལབ་ཙེ་ཆེན་མོ།
47.2K